ཀྲུང་གོ་བོད་ཀྱི་དྲ་བ།

ཀོང་པོ་སྨན་ལུང་དང་རྩ་རྒྱུད་གླེང་གཞིའི་སྐབས་ཀྱི་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20180118162156.jpg

རྔོག་བུ་བདུ་དམགོན་ཚེ་རིང་།

སྨན་གྱི་སློབ་གྲྭ་ལྟ་ན་སྡུག་ནི་གངས་ཅན་སྨན་པའི་རྒྱལ་པོ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་མཆོག་དགུང་གྲངས་ལྔ་བཅུ་རྩ་ལྔ་ཕེབས་པའི་དུས་སུ་ཕྱག་བཏབ་པའི་སྨན་གྱི་སློབ་གྲྭའི་མཚན་ཡིན།

ཀོང་པོ་ནི་བར་དབུས་གཙང་རུ་བཞི་ཞེས་པའི་(སྲོང་བཙན་སྒམ་པོའི་སྐབས་སུ་དབུས་ལ་དབུ་རུ། གཡོ་རུ། གཙང་ལ་གཡས་རུ། རུ་ལག ཡན་ལག་སུམ་པའི་རུ་བཅས་དམག་དཔུང་གི་རུ་ཁག་ལྔ་ལ་བགོས་ཡོད་པ་ཕྱིས་སྤྱི་ལོའི་དུས་རབས་བཅུ་བདུན་པར་གཡས་རུ། གཡོན་རུ། དབུས་རུ། རུ་ལག་དེ་ཉིད་གུང་རུ་ལ་མིང་བསྒྱུར་ནས་སུམ་པའི་ཆུ་བཞི་སྒང་དྲུག་གཏོགས་པའི་རུ་ཁག་ཆེན་པོ་བཞིར་བགོས་པའི་)གཡོན་རུའི་ཤར་ཕྱོགས་སུ་ཉང་པོ། ལོང་པོ། ཀོང་པོ་གསུམ་ཞེས་ཉང་ཆུའི་སྟོད་སྨད་བར་གསུམ་གྱི་ཉང་ཆུ་དང་ཞོ་ཁའི་ཆུ་ཆེན་འདྲེས་མཚམས་ནས་ཀོང་སྨད་རྩེ་ལྷ་སྒང་བར་ལ་ཀོང་པོ་ཟེར། རྒྱལ་བོ་གྲི་གུམ་བཙན་པོར་སྲས་གཉིས་ཡོད་པ་ཉ་ཁྲི་དང་ཤ་ཁྲི་ཞེས་པའི་ཉ་ཁྲིས་རྒྱལ་ཕྲན་ཀོང་པོ་བཟུང་། ཤ་ཁྲིས་རྒྱལ་ཕྲན་ཉང་པོ་བཟུང་། ཀོང་དཀར་པོ་མང་པོ་རྗེ་ཞེས་ཉ་ཁྲིའི་མི་རྒྱུད་དང་དེའི་ཉེ་ཚན་ནང་རྒྱལ་བོར་བསྐོས་ནས་མངའ་བདག་མཛད་པའི་བོན་གྱི་བསྟན་པ་སྐྱོང་ཞིང་རྒྱས་པའི་རྒྱལ་ཕྲན་ཞིག་ཡིན།

དེང་སང་ཉང་ཁྲིའི林芝地区ཁོངས་གཏོགས་ཀྱི་སྨན་གླིང་། མེ་ཏོག སྤོ་མེས། ཀོང་པོ་རྒྱ་མདའ། སྣང་རྫོང་། རྫ་ཡུལ་བཅས་རྫོང་ཁག་འགའ་ལ་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་"ཅེས་ཉང་ཁྲིའི་ཁོར་ཡུག་སྤྱི་ལ་ཆགས་པའི་སྨན་སྣ་མ་ཚང་བ་མེད་པ། སེམས་ཅན་གྱི་རིགས་མ་འདུས་པ་མེད་པ། གདགས་སྲིབས་ཀྱི་ཁྱད་པར་དོད་ཆེ་བ། མཚོ་ངོས་མཐོ་དམན་གྱི་ས་གཤིས་དྲོ་གྲང་སྙོམས་པ། མཚོ་དང་མཚེའུ་རང་བྱུང་དུ་ཆགས་པའི་ཁོར་ཡུག་སྤྱི་ལ་བཏགས་པ་ཡིན་པར་འདོད།

རྩ་རྒྱུད་ཀྱི་སྐབས་སུ་འབིགས་བྱེད་དང་། གངས་ཅན། སྤོས་ངད་ལྡན། མ་ལ་ཡ་སོགས་རི་བོ་གཅིག་ལ་ངོས་བཞི་ལྟ་བུར་དཔེའི་སྒོ་ནས་འགོད་དགོས་དོན་གཙོ་བོ་ནི། སྨན་གྱི་རོ་ནུས་ཡོན་ཏན་སོགས་སྐྱེ་སའི་གནས་ཀྱི་ཁྱད་པར་སྟོན་པ་ཙམ་ལས་གོང་དུ་བཤད་པ་ལྟར་ཉིང་ཁྲིའི་ཁོར་ཡུག་ལ་སྨན་སྣ་ཚང་བ་དང་། ཉིན་སྲིབས་ཀྱི་ཁྱད་པར་ཆེ་བ་སོགས་ས་ཆ་བྱིངས་ལ་དེ་ལྟ་བུའི་ཡོན་ཏན་ཡོད་པ་ཆེ་བརྗོད་ཀྱིས་བཏགས་པའོ། དེ་ལ་གཡུ་ཐོག་རྣམ་ཐར་ལས། སྨན་གྲོང་ལྟ་ན་སྡུག་ཏུ་ཕྱིན།།སྨན་བླ་མི་མཆོག་གཞོན་ནུ་དང་།།ཕ་དང་མེས་པོས་ལུང་བསྟན་ཐོབ།།སྨན་གྱི་རི་བོ་བཞི་རུ་ཕྱིན།།ཕན་ཡོན་སྨན་གྱི་སྐྱེ་གནས་མཐོང་།།ཞེས་སྨན་གྱི་ནུས་སྟོབས་ཡོན་ཏན་སོ་སོ་ཡིན་པའི་རི་བོ་བཞི་རུ་གསུངས་པའོ། རྩ་རྒྱུད་ལྟར་ན་རི་བོའི་རྩེ་མོ་ལ་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་ཅེས་བྱ་བ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་གཞལ་ཡས་ཁང་ཡོད་པ། གྲོང་ཁྱེར་གྱི་ལྷོ་ཕྱོགས་ན་རི་བོ་འབིགས་བྱེད་ཅེས་བྱ་བ་ཉི་མའི་སྟོབས་དང་ལྡན་པའི་རི་བོ། གྲོང་ཁྱེར་དེའི་བྱང་ཕྱོགས་ན་རི་བོ་གངས་ཅན་ཞེས་བྱ་བ་ཟླ་བའི་སྟོབས་དང་ལྡན་པའི་རི་བོ། གྲོང་ཁྱེར་དེའི་ཤར་ཕྱོགས་ན་རི་བོ་སྤོས་ངད་ལྡན་ཞེས་བྱ་བའི་རི་བོ། གྲོང་ཁྱེར་དེའི་ནུབ་ཕྱོགས་ན་རི་བོ་མ་ལ་ཡ་ཞེས་བྱ་བའི་རི་བོ་སོགས་ཡོད་པར་བསྟན་པའང་ས་ཁམས་དེའི་ཡུལ་ཕྱོགས་སོ་སོ་ལ་དེ་ལྟ་བུའི་ཡོན་ཏན་དང་ཆེ་བ། བསིལ་དྲོད་ཀྱི་སྟོབས་ཁྱད་པར་བ། ཡང་སྨན་གྱི་སྐྱེ་ཁུངས་སོ་སོ་བ། སྨན་གྱི་རིགས་སུ་གྱུར་བ་མ་ཚང་བ་མེད་པའི་གནས་བསྟོད་དང་ཆེ་བ་བརྗོད་ཕྱིར་མིན་ནམ་སྙམ།

 "དེ་ཡང་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་ཉིད་དགུང་ལོ་ང་ལྔའི་སྟེང་སློབ་མ་བདེ་བ་དཔལ་ཕྱག་ཕྱིར་ཁྲིད་ནས་ཀོང་པོ་སྨན་ལུང་དུ་བྱོན། སློབ་མ་སུམ་བརྒྱ་ལྷག་བསྐྱངས། དགུང་ལོ་རེ་དྲུག་སྟེང་རྒྱ་ནག་རི་བོ་རྩེ་ལྔ། མངའ་རིས། ལྷོ་ཁ། ཀོང་པོ། གུ་གེ དར་རྩེ་མདོ་(康定)དང་། རྒྱ་ནག་རི་བོ་རྩེ་ལྔར(五台山)ཕེབས། ཕྱིར་ཀོང་པོར་ཕེབས་ནས་དཔོན་སློབ་སྟོང་ལྷག་གིས་ཀོང་པོའི་སྨན་ལུང་དུ་སྨན་གྱི་སློབ་གྲྭ་ལྟ་ན་སྡུག་ཅེས་བྱ་བ་ཕྱག་བཏབ།"ཞེས་གསོ་རིག་ཚིག་མཛོད་ཆེན་མོ་ལས་གསལ།

དུས་དེར་སློབ་མ་སུམ་བརྒྱ་ཙམ་འདུས་པར་གྱུར་པས་དེ་དག་རྣམས་ལ་ཁོང་སྐུ་ངོ་མས་དཔལ་ལྡན་རྒྱུད་བཞི་དང་།  ཁ་སྐོང་།  ཆ་ལག་བཅས་ལོ་བཅུའི་རིང་སློབ་ཁྲིད་མཛད་པས་སྨན་པ་འབུམ་རམས་པ་ལྔ་བཅུ་དང་།  སྨན་པ་རབ་འབྱམས་པ་ལྔ་བཅུ།  སྨན་པ་དཀའ་བཅུ་པ་བརྒྱ་ཙམ་བཅས་བྱུང་།  སློབ་གྲྭ་འདི་ནི་བོད་ཀྱི་གསོ་རིག་ལོ་རྒྱུས་ཐོག་འཁོད་པའི་སློབ་གྲྭ་སྔ་ཤོས་དང་།  གཞིས་རྒྱ་ཆེ་ཤོས་ཀྱི་སློབ་གྲྭ་ཞིག་ཡིན།  སློབ་གྲྭ་དེར་སྨན་པ་འབུམ་རམས་པ་དང་།  སྨན་པ་རབ་འབྱམས་པ།  སྨན་པ་དཀའ་བཅུ་པ།  སྨན་པ་བསྡུས་ར་བ་བཅས་རིགས་བཞིར་དབྱེ་ཡོད།  སྨན་པ་འབུམ་རམས་པའི་གཞུང་ཚད་ནི་དཔལ་ལྡན་རྒྱུད་བཞི་རྩ་འགྲེལ།  ཆ་ལག  ཁ་སྐོང་།  ཕྱོགས་རིགས་ཀྱི་སྨན་པ་དགུས་བསྒྱུར་བའི་གསོ་དཔྱད་ཀྱི་གཞུང་རྣམས་དང་།  བོད་ཀྱི་མཁས་པ་མི་དགུས་མཛད་པའི་གཞུང་རྣམས།  འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་སོ་མ་རཱ་ཛ་དང་།  ཨོ་རྒྱན་རིན་པོ་ཆེས་མཛད་པའི་བདུད་རྩི་བུམ་པ།  སློབ་དཔོན་དཔའ་བོས་མཛད་པའི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ།  དྲང་སྲོང་དཔལ་ལྡན་འཕྲེང་བས་མཛད་པའི་དྲང་སྲོང་སྙན་བརྒྱུད།  ཁ་ཆེའི་པཎྜི་ཏ་ཟླ་བ་མངོན་པར་དགའ་བས་མཛད་པའི་ཚིག་དོན་ཟླ་ཟེར་སོགས་རྩ་འགྲེལ་ཁ་སྐོང་།  ཆ་ལག་རྣམས་བློ་ལ་ཐོན་ཅིང་།  དེ་དག་གི་དོན་ལག་ལེན་དུ་བསྒྲིལ་ཤེས་པ་ལ་བྱའོ།  །སྨན་པ་རབ་འབྱམས་པའི་གཞུང་ཚད་ནི་རྒྱུད་བཞི་རྩ་འགྲེལ།  ཆ་ལག  ཁ་སྐོང་།  མདོ་བྱང་།  བོད་ཀྱི་མི་དགུས་མཛད་པའི་གདམས་པ།  བསྟན་བཅོས་སོ་མ་རཱ་ཛ།  བདུད་རྩི་བུམ་པ་རྩ་འགྲེལ་ཆ་ལག་དང་བཅས་པའོ།  །སྨན་པ་དཀའ་བཅུ་པའི་གཞུང་ཚད་ནི་རྒྱུད་བཞི་རྩ་འགྲེལ།  ཆ་ལག  ཁ་སྐོང་།  མདོ་བྱང་དང་བཅས་པའོ།  །སྨན་པ་བསྡུས་ར་བའི་གཞུང་ཚད་ནི་རྩ་བཤད་ཕྱི་གསུམ་རྩ་འགྲེལ།  ཆ་ལག  ཁ་སྐོང་།  མདོ་བྱང་དང་བཅས་པ་ལ་བྱའོ།  །རྒྱུད་བཞི་ཆ་ལག་རེ་ཙམ་ཐོན་པ་རྣམས་ཀྱིས་གཡུ་ཐོག་ཆེན་པོའི་གྲྭ་པ་རྣམས་ཀྱི་ཐུག་པ་བསྐོལ་བ་དང་བང་ཆེན་པ་དགོས་པར་གདའ།  སློབ་གྲྭ་འདིའི་འཕྲིན་ལས་ཀྱི་རྒྱུན་ལས་ཡུལ་གངས་ཅན་པའི་གསོ་དཔྱད་ཀྱི་བསྟན་པ་འཛིན་པའི་སྐྱེས་ཆེན་སྤྲུལ་པའི་འགྲོ་དོན་མཛད་པ་བཅུ་དང་།  སྦྱང་སྟོབས་ཡོན་ཏན་ གྱི་ཆེ་བ་དྲུག  ཡོངས་གྲགས་སྨན་བླ་ལྟ་བུ་བཅུ།  གྲགས་པ་གློ་བུར་ཐོན་པ་དྲུག   དཔྱད་ལ་ནང་བྱན་ཆུད་པ་གཉིས།  སྲོག་ཤིང་ལྟ་བུ་དགུ།  དར་བྱེད་ཀུན་ཏུ་གྲགས་པ་ལྔ་བཅུ་རྩ་བརྒྱད་སོགས་བྱོན་ནས་དུས་ད་ལྟའི་བར་དུ་གསོ་དཔྱད་ཀྱི་བསྟན་པ་རིན་པོ་ཆེ་མི་ནུབ་པའི་གསོས་སུ་གྱུར་པའི་མཛད་རྗེས་རླབས་པོ་ཆེ་བཞག་ཡོད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།