ཀྲུང་གོ་བོད་ཀྱི་དྲ་བ།

སྨན་པའི་ཀུན་སྤྱོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20180118160857.jpg

རྔོག་བུ་བདུད་མགོན་ཚེ་རིང་།

1967.8.1ལོར་སྐྱེས།ལུག་ལོ། མཚོ་ལྷོ་ཁུལ་གུང་ཧོ་ཨེར་སྟི་ཞང་ནས་སྐྱེས།

1974--1979ལོ་བར་ཨེར་སྟི་སློབ་ཆུང་འགྲིམས།

1979--1982ལོ་བར་མཚོ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ་འགྲིམས།

1982--1985ལོ་བར་རྨ་ལྷོ་ཁུལ་འཕྲོད་བསྟེན་སློབ་གྲྭ་ནས་བོད་ཀྱི་གསོ་བ་རིག་པ་སྦྱངས་ནས་འབྲིང་རིམ་མཐར་ཕྱིན། 1985.7--1988.9བའི་བར་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ནས་བྱ་བ་གཉེར།

1988.9བའི་ནང་མཚོ་ལྷོ་ཁུལ་འཕྲོད་བསྟེན་སློབ་གྲྭ་རུ་ལས་གནས་སྤར་ནས་བོད་སྨན་དགེ་རྒན་གྱི་བྱ་བ་གཉེར།

1997ལོར་༼སྨན་བླའི་ཐུགས་ཀྱི་ས་བོན་དཔལ་ལྡན་རྩ་བའི་རྒྱུད་ཀྱི་འགྲེལ་བ།༽བརྩམས།(ཀན་སོ་མི་རིགས་དཔེ་སྐྲུན་ཁང་ནས་དཔར།)

1998ལོར《ལུས་བསྲུང་རྡོ་རྗེ་ཕ་ལམ》བརྩམས།(ཀན་སོ་མི་རིགས་དཔེ་སྐྲུན་ཁང་ནས་དཔར།

1999ལོར་"རྗེ་བཙུན་ཡེ་ཤེས་རྒྱ་མཚོའི་གསུང་འབུམ་"རྩོམ་སྒྲིག་གཞོན་པ།

2002ལོར་ཀྲུང་གོ་གུང་ཁྲན་ཏང་ནང་ལ་ཞུགས།

2001.12ལོར་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་རང་སྦྱོང་མཐོ་རིམ་སློབ་མའི་མཚན་བྱང་བླངས།

2005.7མཚོ་སྔོན་ཞིང་ཆེན་གསོ་རིག་སློབ་གླིང་ནས་དངོས་གཞི་སློབ་མའི་མཚན་བྱང་བླངས།

2009ལོ་ནས་2011ལོ་བར《མཚོ་སྔོན་ཞིང་ཆེན་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭའི་བོད་ཀྱི་གསོ་རིག་དང་སྨན་སྦྱོར་ཆེད་ལས་བསླབ་གཞིའི་དཔེ་ཚོགས》དེབ་ཉེར་བཞིའི་གཙོ་སྒྲིག་པའི་འགན་ཁུར། ༼རྩ་རྒྱུད། གྲུབ་པ་ལུས། འཕེལ་འགྲིབ་ནད། མི་ན་བ། སྦྱོར་བ་སྨན། ངོས་བཟུང་རྟགས། གསོ་བྱེད་ཐབས། ཉེས་གསུམ་གསོ་བ། ཁོང་ནད། ཚ་བ་གསོ་བ། གཉན་རིམས་གསོ་བ། ཐོར་ནད་གསོ་བ། མཚོན་རྨ། བྱིས་པ་དང་མོ་ནད་གསོ་བ། གདོན་ནད་གསོ་བ། ལྷན་སྐྱེས་རྨ་གསོ་བ། མཇུག་དོན་ཡོངས་གཏད་སོགས་ཉེར་བཞིའོ།༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར།

2011ལོར《བདེ་ཐང་གསལ་སྟོན》བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར།

2010ལོར་མཚོ་སྔོན་གསོ་རིག་སློབ་གླིང་གི་"བོད་སྨན་དབྱེ་འབྱེད་རིག་པ།"རྩོམ་སྒྲིག་ཨུ་ཡོན།

2012ལོ་ནས་བོད་སྨན་གྱི་སྨན་ངོས་མ་དཔེ་སྟོང་གཅིག་ལྷག་དང་། ཆ་བྱད་སུམ་བརྒྱ་བརྒྱད་ཅུ་ཡས་མས། སྒྲོག་འཆིང་སོགས་བརྒྱ་ལྷག་གི་སློབ་ཁྲིད་བྱེད་ཆས་ལ་འཆར་འགོད་བྱས་ནས་ཡོངས་སུ་འགྲུབ། སྔ་གཞུག་ཏུ་དཔྱད་རྩོམ་དང་རྩོམ་རིག་བརྒྱ་ཕྲག་ཙམ་དུས་དེབ་དང་ཚགས་པར། དྲ་ལམ་སོགས་སུ་བཀོད་ཡོད། 2013.5ནས་མཚོ་ལྷོ་ཁུལ་སློབ་གསོ་ཅུའུ་ལས་རིགས་སློབ་གསོ་གཞུང་ལས་ཁང་ལ་ལས་གནས་སྤོར།

2015ལོར་ལས་ཁྱུར་ངལ་གསོ་བྱས།

2017.ལོའི་ཟླ་4བ་ནས་མཚོ་སྔོན་མི་རིགས་ལས་རིགས་ལག་རྩལ་སློབ་གླིང་གིས་ཆེད་མཁས་དགེ་རྒན་ལ་གདན་ཞུ་བྱས་ནས་དེ་གར་མཐོ་རིམ་བོད་ཀྱི་གསོ་རིག་གི་སློབ་དེབ་རྩོམ་སྒྲིག་གི་བྱ་བ་གཉེར་བཞིན་ཡོད།

      

སྨན་པའི་ཀུན་སྤྱོད།

  རྔོག་བུ་བདུད་མགོན་ཚེ་རིང་གིས་བསྒྱུར་སྒྲིག་བྱས།

ཟུར་ལྟའི་དཔྱད་གཞི།  གསོ་རིག་དཔལ་ལྡན་རྒྱུད་བཞི། གསོ་རིག་འབུམ་བཞི  གཡུ་ཐོག་ཆ་ལག་བཅོ་བརྒྱད་ལས་ཁོག་དབུག་ཁྱུང་ཆེན་ལྡིང་བ། འགྲེལ་བ་འབུམ་ཆུང་གསལ་སྒྲོན་ནོར་བུའི་འཕྲེང་མཛེས། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བཻ་སྔོན། ཟུར་མཁར་བ་བློ་གྲོས་རྒྱལ་བོའི་མེས་པོའི་ཞལ་ལུང་། གཡུ་ཐོག་གསར་རྙིང་གི་རྣམ་ཐར། སྨན་བླ་སྟག་བླ་ནོར་བུའི་སྨན་པའི་བསླབ་བྱ་སྦྲང་རྩིའི་སྙིང་བོ། གཙང་སྨན་ཡེ་ཤེས་བཟང་བོའི་ཞལ་གདམ་མན་ངག་གནད་འགག་དོ་ཤལ་མཛེས་རྒྱན།

ས་བཅད་དང་པོ།  སྨན་པའི་རྒྱུ་བསྟན་པ། 

                            医生的道德

གཅིག  ཡན་ལག་བཞིའི་སྒོ་ནས་བསྟན་པ།  四种医道

ཡན་ལག་དང་པོ་རིག་གནས་སྤྱི་དང་ཁྱད་པར་གསོ་བ་རིག་པར་ཐོས་བསམ་མངོན་པར་མཐོ་བས་སྨན་པ་མཁས་པ།

    ཡན་ལག་གཉིས་པ་རྒྱུད་བསྟན་བཅོས་ལུང་དང་མན་ངག་གི་གཞུང་དོན་མཐའ་དག་ཤེས་པ།

    ཡན་ལག་གསུམ་པ་མཐོང་བ་བརྒྱུད་པའི་ཕྱག་ལེན་མཐའ་དག་མཐོང་ཞིང་གོམས་པ།

    ཡན་ལག་བཞི་བ་ཉེས་སྐྱོན་དང་བྲལ་བས་ལུས་ངག་ཡིད་གསུམ་གཙང་བ།

གཉིས།  རྒྱུ་དྲུག་གི་སྒོ་ནས་བསྟན་པ།   六种医德

    རྒྱུ་དང་པོ་བློ་དང་ལྡན་པ་ནི་གཙུག་ལག་མཐའ་དག་གི་དོན་ཁོང་དུ་ཆུད་ནུས་པས་བློ་ཆེ་བ་དང་། ནད་པའི་དོན་བྱེད་པ་ལ་རྐྱེན་གང་གིས་ཀྱང་གིས་ཀྱང་བར་དུ་གཅོད་མི་ནུས་པས་བློ་བརྟན་པ། གང་ལའང་བརྟག་དཔྱད་སྔོན་དུ་གཏོང་བའི་ནུས་པ་དང་ལྡན་པས་བློ་གཟེག་པ་ན་སྨན་པ་བློ་དང་ལྡན་པའོ།

    རྒྱུ་གཉིས་པ་བསམ་པ་དཀར་བ་ནི་བྱམས་པ་ཚད་མེད་པ། སྙིང་རྗེ་ཚད་མེད་པ། དགའ་བ་ཚད་མེད་པ། བཏང་སྙོམས་ཚད་མེད་པ་བཅས་ཀྱི་བསམ་པའི་སྦྱོར་བ་ཡོངས་སུ་ཚང་བ། དེ་ལྟར་ཚད་མེད་བཞིའི་སེམས་སྐྱེད་དེ་ཉིད་ལག་ལེན་དུ་བཀོད་པའི་ཕྱི་ནང་གི་རྐྱེན་ཡོངས་སུ་ཚང་ནས་བྱ་བའི་ལས་འགན་དུ་ཤེས་ཤིང་སྤྱོད་པ་དངོས་གཞི། བདག་གཞན་མཉམ་པ། བདག་གཞན་གོ་བརྗེ། བདག་བས་གཞན་གཅེས་བཅས་བྱང་ཆུབ་སེམས་དཔའི་འཇུག་ཚུལ་གྱི་ལམ་གསུམ་གྱིས་ནད་པའི་དོན་དུ་འཇུག་པ་ནི་སྨན་པ་བསམ་པ་དཀར་བའོ།

    རྒྱུ་གསུམ་པ་དམ་ཚིག་ལྡན་པ་ནི་ལེ་ལོ་དང་། གཉིད་དང་། མྱོས་འགྱུར། གསང་བ་སོགས་ཀྱི་དགྲས་མ་ཁྱེར་བར་ནད་པའི་དོན་བྱེད་པར་མི་འདའ་བར་ལྷ་སྲུང་སོགས་དཔང་དུ་བཞག་ནས་རྡོ་རྗེའི་ཐ་ཚིག་བསྙད་ནས་དམ་བཅས་ཁས་བླངས་ལ་བློ་བཞག་དྲུག བཟུང་བྱ་གཉིས། ཤེས་བྱ་གསུམ་སོགས་སྲུང་བ་ནི་སྨན་པ་དམ་ཚིག་ལྡན་པའོ།

    རྒྱུ་བཞི་བ་རྣམ་པ་བཟོ་བ་ནི་ལུས་མ་དལ་བར་ནད་པའི་བྱ་བ་ལ་བར་མ་ཆོད་པར་གཡོག་པོ་བཞིན་དུ་ཁོལ་བ། ལག་མ་སོས་བར་ནད་ལ་སྤྲོད་པའི་སྨན་དཔྱད་སྦྱོར་བཟོ་ལ་བྱང་བ། ངག་མ་འགག་པར་དྲི་བ་དང་གཏམ་སྨྲ་བར་མཁས་པ། ཡིད་མ་ཁོམ་པར་དུས་དང་རྣམ་པ་ཀུན་དུ་ནད་པའི་དོན་ལ་བསམ། ནད་ཀྱི་ངོ་བོར་བརྟག གཉེན་པོའི་སྨན་དཔྱད་སྒོམ་པ་ནི་སྨན་པའི་རྣམ་པ་བཟོ་བའོ།

    རྒྱུ་ལྔ་བ་བྱ་བ་ལ་བརྩོན་པ་ནི་དང་པོ་གསོ་དཔྱད་ཀྱི་གཞུང་ལུགས་མཐའ་དག་གི་རྒྱུ་དང་རྩ་བའམ་རྨང་གཞི་ལྟ་བུ་ནི་བརྡ་སྤྲོད་རིག་པའི་གནས་འདི་ལ་སྦྱངས་བ་མཐར་ཕྱིན་པ་བྱེད་པ་ནི་རྒྱུ་ལ་བསླབ་པ་དང་། གཉིས་པ་སློབ་དཔོན་མཚན་ཉིད་དང་ལྡན་པ་བསྟེན་པ་ནི་རྐྱེན་བཙལ་བ་དང་། གསུམ་པ་རང་དང་ལས་རིགས་མཐུན་པའི་ཡ་རབས་ཀྱི་གྲོགས་དང་སྡེབ་པ་ནི་གྲོགས་ལ་བརྩོན་པ་དང་། བཞི་བ་བློ་དང་རིག་གཞུང་དང་སྤྱོད་པ་གསུམ་ཀ་དབྱེར་དུ་འདྲེས་ནས་ནད་པའི་དོན་ཁོ་ན་བྱེད་པ་ནི་གོམས་པ་མཐར་དབྱུང་བ་དང་། ལྔ་བ་ནད་པ་དེའི་དོན་དུ་ཕྱི་བཤོལ་དང་བྱ་བ་གཞན་གྱིས་བར་མ་ཆོད་པར་རྩེ་གཅིག་ཏུ་སྒྲུབ་པ་ནི་གཞན་གྱི་བྱ་བ་ལ་བརྩོན་པ་ཞེས་སྨན་པ་རང་གཞན་གྱི་བྱ་བ་ལ་བརྩོན་པའོ།

    རྒྱུ་དྲུག་པ་མི་ཆོས་ལ་མཁས་པ་ནི་མི་དང་མི་(ནད་པའང་)ཕན་ཚུན་བར་གྱི་འབྲེལ་འདྲིས་བཅའ་སྟངས་དང་མཐུན་འཇུག་བྱ་ཐབས་ཀྱི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཇི་ལྟར་བྱ་བའི་ཤེས་བྱ་ལ་མཁས་པ་ནི་འཇིག་རྟེན་མི་ཆོས་ལ་མཁས་པའོ།

ས་བཅད་གཉིས་པ།   སྨན་པའི་ངོ་བོ་བསྟན་པ།

             医生的性质

    ཡན་ལག་བཞིས་བསྟན་པ།  སྨན་པ་ཟུག་རྔུ་འབྱིན་པ་ནད་ལ་མཁས་པ་ཡིན། ནད་ཀུན་ནས་སློང་བ་ལ་མཁས་པ་ཡིན། ནད་འབྱུང་བ་སྤོང་བ་ལ་མཁས་པ་ཡིན། སྤོང་བ་ཕྱིས་མི་འབྱུང་བ་ལ་མཁས་པ་ཡིན།

ས་བཅད་གསུམ་པ།  སྨན་པའི་ངེས་ཚིག་བསྟན་པ།

                医生的解说

    འགྲོ་བ་ནད་པའི་ལུས་སེམས་ཀྱི་སྡུག་བསྔལ་སེལ་བ་དང་། ཟུག་རྔུ་འཇོམས་ཤིང་ལུས་ལ་ཕན་འདོགས་པས་ན་སྨན་པ་དང་། ནད་ཚབས་ཆེན་པོའི་སྟེང་དུ་གཏར་བསྲེག་འདྲལ་གཅོད་སོགས་དཔྱད་བཅོས་ལ་འཇུག་པའི་ཚེ་དཔའ་མི་ཞུམ་ཞིང་བརྟན་ཅིང་བརླིང་བའི་ཡོན་ཏན་དང་ལྡན་པས་ན་སྨན་དཔའ། འགྲོ་བ་བུ་ལྟ་བུ་རྣམས་འཇིགས་པ་དང་ཟུག་རྔུའི་སྔུག་བསྔལ་ལས་ཕས་བུ་སྐྱོབ་པ་ལྟར་སྐྱོབ་པས་ན་སྨན་ཕ། སོག་པོའི་སྐད་དུ་ཨེམ་ཆི་ཞེས་ཨེམ་ནི་སྨན་དང་ཆི་ནི་བདག་སྒྲའོ། རྒྱལ་བོ་རྣམས་ནི་འཇིག་རྟེན་གྱི་ལྷ་ཡིན་ཞིང་དེས་ཀྱང་རྗེ་རུ་བཀུར་བས་ན་ལྷ་རྗེའོ།

ས་བཅད་བཞི་བ།  སྨན་པའི་དབྱེ་བ་བསྟན་པ།

             医生的区别

གཅིག  བླ་ན་མེད་པའི་སྨན་པ།  འདོད་ཆགས་ཞེ་སྡང་གཏི་མུག་གི་དུག་གསུམ་དང་། དེ་ལས་སྐྱེད་པའི་ཉེས་བ་རླུང་མཁྲིས་བད་ཀན་གསུམ་གྱིས་སྐྱེད་པའི་ནད་རིགས་བཞི་བརྒྱ་རྩ་བཞི་སོགས་རང་གཞན་གྱི་རྒྱུད་ལས་སེལ་ཞིང་འཇོམས་པའི་རྩལ་ནུས་དང་ལྡན་པ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་སྤྱི་དང་བྱེ་བྲག་ཀུན་ལ་ཐོགས་རྡུག་ཉམས་ང་མེད་པ་ནི་སྨན་པ་བླ་ན་མེད་པའོ།

གཉིས།   སྨན་པ་ཁྱད་པར་ཅན།  གཞན་རྒྱུད་རིག་པས་མངོན་པར་ཤེས་པ་དང་ལྡན་པ། བྱམས་པ་ཚད་མེད་པ། སྙིང་རྗེ་ཚད་མེད་པ། དགའ་བ་ཚད་མེད་པ། བཏང་སྙོམས་ཚད་མེད་པ་སྟེ་དེ་ལྟར་ཚད་མེད་བཞིས་ངང་དུ་སྡུག་བསྔལ་བའི་ཉམས་ཐག་ནད་པ་རྣམས་བདེ་བ་ལ་སྦྱོར་ཞིང་རང་རྒྱུད་དྲང་བིར་སྲོང་བ་ནི་སྨན་པ་ཁྱད་པར་ཅན་ནོ།

གསུམ།   (སྨན་པ་ཕལ་བ་)གནང་བ་རིགས་ཀྱི་སྨན་པ། རྒྱལ་བོ་རིམ་བྱོན་གྱི་སྐུའི་བླ་སྨན་པ་ལྟ་བུ་རིགས་ནས་རིགས་སུ་བརྒྱུད་པའི་སྨན་པའོ།

བཞི།   (སྨན་པ་ཕལ་བ་)སྦྱངས་བ་ཐོན་པའི་སྨན་པ།  རྒྱལ་བོའི་བླ་སྨན་གྱི་རིགས་མ་ཡིན་ཀྱང་དེ་དག་གི་རྗེས་སུ་འབྲངས་ནས་གསོ་བ་རིག་པའི་གཞུང་ལུགས་དང་ལག་ལེན་ལ་སྦྱངས་བ་ཐོན་པའི་སྨན་པའོ།

ལྔ།    (སྨན་པ་ཕལ་བ་)ལས་ལ་གོམས་པའི་སྨན་པ།  གཞུང་ལུགས་ལ་སྦྱངས་པའི་ཡོན་ཏན་ཆེན་པོ་མི་ལྡན་ཀྱང་སློབ་དཔོན་གྱི་ཕྱག་ཕྱིར་འབྲངས་ནས་ཕྱག་ལེན་མཐོང་བའི་ཉམས་མྱོང་ཕུན་སུམ་ཚོགས་པ་ལྡན་པའི་མཐོང་བ་བརྒྱུད་པའི་སྨན་པའོ།

དྲུག    (འདོད་པ་ཕྲལ་བསླབས་ཀྱི་སྨན་པ་)ནད་པ་རྒན་གོམས་ཀྱི་སྨན་པ།  རང་ཉིད་ལ་ནད་ཀྱིས་མནར་ནས་ཡུན་རིང་སྨན་བཅོས་བྱས་པའི་རང་གི་ཕྱོགས་རིས་མྱོང་གོམས་ལ་བརྟེན་ནས་གཞན་ལ་སྨན་བཅོས་བྱེད་པའི་སྨན་པའོ།

བདུན།    (འདོད་པ་ཕྲལ་བསླབས་ཀྱི་སྨན་པ་)ཤོག་བུ་མཚམས་བྱེད་ཀྱི་སྨན་པ།  གསོ་བ་རིག་པའི་གཞུང་ལུགས་དང་ལག་ལེན་གང་ལ་ཡང་སྦྱངས་བའི་མྱོང་གོམས་མེད་རུང་། ཞར་ཞོར་དུ་གཞུང་དོན་གྱི་དུམ་མཚམས་ཁ་ཤས་སམ་སྡོམ་ཚིག་རེ་གཉིས་བཟུང་བ་དང་། ཡང་ན་སྨན་སྦྱོར་འགའ་རེ་བློར་ངེས་པར་བརྟེན་ནས་གཞན་ལ་སྨན་བྱེད་པའི་སྨན་པའོ།

བརྒྱད།    (འདོད་པ་ཕྲལ་བསླབས་ཀྱི་སྨན་པ་)ཡིག་སྣ་འབྲུ་བསྒྲུགས་ཀྱི་སྨན་པ།  གསོ་བ་རིག་པའི་གཞུང་དང་ལག་ལེན་གང་ཡང་མེད་ཀྱང་། མན་ངག་གི་ཤོག་དྲིལ་ཟབ་མོ་རེ་གཉིས་བཏུས་ཤིང་བསྒྲུགས་པའམ། གཏར་མེ་ཆག་སྦྱོར་ལྟ་བུའི་དཔྱད་བཅོས་ཀྱི་ལག་ལེན་རེ་གཉིས་མཐོང་བ་བསྒྲུགས་པ་ལ་བརྟེན་ནས་གཞན་ལ་སྨན་བྱེད་པའི་སྨན་པའོ།

དགུ    (འདོད་པ་ཕྲལ་བསླབས་ཀྱི་སྨན་པ་)རྒྱ་བ་ཕྱོགས་ལྟོས་ཀྱི་སྨན་པ།  སྟོད་སྨད་དུ་སོང་ནས་སྨན་རྫས་ཀྱི་ཚོང་ལས་ཡུན་རིང་བྱས་པས་སྨན་འདི་ནད་འདི་ལ་ཕན་ནོ་ལྟ་བུས་གཞན་ལ་སྨན་བྱེད་པའི་སྨན་པའོ།

ས་བཅད་ལྔ་བ།  སྨན་པའི་ལས་བསྟན་པ།

              医生的职责

(ཐུན་མོང་བའི་ལས་དང་ཁྱད་པར་གྱི་ལས་གཉིས་སུ་བསྟན།)

གཅིག  ཐུན་མོང་བའི་ལས། ཐུན་མོང་བ་ལུས་ཀྱི་ལས་ནི་སྨན་དང་ཆ་བྱད་ཀྱི་རིགས་རྣམས་ཐམས་ཅད་ཚོགས་པར་བསགས་ཤིང་། ནད་པའི་དོན་དུ་བརྩམས་པར་འོས་པའི་བྱ་བ་གང་ཡིན་པ་དེ་ཉིད་དོན་དུ་གཉེར་བའོ།

ཐུན་མོང་བ་ངག་གི་ལས་ནི་ནད་པའི་འཚོ་འཆི་དང་ནད་སྟོབས་ཆེ་ཆུང་། ནད་གཞི་གང་ཡིན། ནམ་འཆི་དང་ནམ་སོས་ཀྱི་དུས་དང་ནད་མིང་སོགས་གསལ་བོར་བརྗོད་པ་སྟེ་ཁ་དམར་གདགས་པ་ལ་བྱའོ། (ཡང་ཁ་དམར་གཉིས་སུ་གདགས་པ་ནི་རྟོགས་ན་དུང་འབུད་ལྟ་བུར་གདགས་པ་དང་གཅིག  མ་རྟོགས་ན་སྦྲུལ་ལྕེ་ལྟ་བུར་གདགས་པ་དང་གཉིས་སོ། ཁ་དམར་གསུམ་དུ་གདགས་པ་ནི་ནད་པས་བཤད་པ་དང་སྨན་པས་བརྟག་པ་གཉིས་གཅིག་ཏུ་མཐུན་ན་གསལ་བར་གདབ་པ། སྨན་པས་བློས་ཆོད་ཀྱང་ཡུལ་ནད་པ་དང་བསྟུན་པ། བཟང་ངན་གང་ཡང་སྲིད་པའི་སྒོ་མི་བགག་པར་རྫོང་ལ་བྲོས་པའོ།)

ཐུན་མོང་བ་ཡིད་ཀྱི་ལས་ནི་གཞུང་དོན་ཇི་ལྟ་བ་དེ་བཞིན་དུ་བློ་ལ་སེམས་ཤིང་ནད་པའི་བྱ་བ་གང་དང་གང་གི་སྐབས་སུའང་མ་འཁྲུལ་བ་དང་། མ་ནོར་བ་བྱས་ནས་བརྩོན་པས་སྒྲུབ་ལ། རང་དོན་དུ་བསམ་ཞིང་འཇུག་པར་བྱའོ།

གཉིས། ཁྱད་པར་བའི་ལས།  ཁྱད་པར་གྱི་ལས་ལས་ལྟ་བ་ནི་གསོ་བ་རིག་པའི་ལུགས་ཀུན་ལ་དབུ་མ་སྟེ་དྲང་བོ་ཁོ་ནར་རྟོགས་པར་བྱ་སྟེ། དེའང་ནད་གཞི་ངོས་འཛིན་དང་གསོ་བཅོས་གང་གི་སྐབས་སུའང་དམན་ལྷག་ལོག་པའི་མཐའ་གསུམ་ལ་མ་ལྷུང་བར་ནད་པ་གསོ་བ་ནི་ལྟ་བའི་མཆོག་གོ

ཁྱད་པར་གྱི་ལས་ལས་ཚད་མེད་བཞི་སྒོམ་པ་ནི་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་(མི་ན་བར་གནས་བར་འདོད་པ་དང་ན་བ་གསོ་བར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ)ཅེས་པ་སྙིང་རྗེ་ཚད་མེད་པ་དང་། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག་(ཚེ་རིང་བར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ)ཅེས་པ་བྱམས་པ་ཚད་མེད་པ། སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག་(ཆོས་དང་ནོར་དང་བདེ་བ་སྒྲུབ་པར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ)ཅེས་པ་དགའ་བ་ཚད་མེད་པ། སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག་(འགྲོ་བ་གང་ཞིག་ནད་ཀྱི་སྡུག་བསྔལ་ལས་ཐར་བར་འདོད་པ་དང་། གཞན་གྱིས་སྤྱི་བོས་བཀུར་བར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ)ཅེས་པ་བཏང་སྙོམས་ཚད་མེད་པ་སྟེ་ཚད་མེད་བཞིས་ངང་དུ་གནས་ནས་ལོག་པའི་གོལ་ས་བཞི་སྤང་བ་ནི། ནད་པ་མང་བ་དང་སྦྱངས་བ། ཤི་ན་དགའ་བ་ནི་དགའ་བ་ལོག་པའོ། དུས་སུ་མི་དྲག་ཅིང་ཡུན་རིང་ན་བར་བྱས་ནས་རྒྱུ་དང་བྲལ་བ་ལ་དགའ་བ་ནི་སྙིང་རྗེ་ལོག་པའོ། ནད་པ་ལ་བརྩེ་བ་སྤངས་བ་ནི་བྱམས་པ་ལོག་པའོ། བཟང་བོ་དྲག་ན་ངན་པ་ཤི་ན་སྙམ་པ་ནི་བཏང་སྙོམས་ལོག་པའོ། དེ་ལྟར་འཇིག་རྟེན་གྱི་ཆོས་བརྒྱད་མགོ་སྙོམས་པར་གྱུར་ཅིག་ཅེས་པའོ།

ཁྱད་པར་གྱི་ལས་ལས་སྨྱོ་སྤྱོད་གསུམ་སྤང་བ་ནི། ཕྱི་མའི་རྣམ་སྨིན་ཁུར་ན་སྨན་པ་སྨྱོ།། མཁས་པར་མཉམ་དུ་རེ་ན་སྨན་པ་སྨྱོ།། རང་བཅོས་གྲོགས་མགོ་འདོན་ན་སྨན་པ་སྨྱོ།།

ཁྱད་པར་གྱི་ལས་ལས་འཆལ་སྤྱོད་གསུམ་སྤང་བ་ནི། བསླུ་བྲིད་རྫུན་འཕྲུལ་ཆེ་བ་སྨན་པ་འཆལ།། ཁས་བླངས་དོན་ཐོག་མི་རྒྱུགས་སྨན་པ་འཆལ།། ལེ་ལོ་ཆད་དབང་ཆེ་ན་སྨན་པ་འཆལ།།

ཁྱད་པར་གྱི་ལས་ལས་ཐོ་ཅོའི་སྤྱོད་པ་གསུམ་སྤང་བ་ནི། བསླབ་ཤེས་མེད་པའི་དྲེགས་པ་ཐོ་ཅོ་ཡིན།། རང་ལ་མེད་པའི་དཔའ་ཆོས་ཐོ་ཅོ་ཡིན།། མཉམ་འགྲོགས་ཁྱད་གསོད་བྱེད་ན་ཐོ་ཅོ་ཡིན།།

ཁྱད་པར་གྱི་ལས་ལས་དིག་སྤྱོད་གསུམ་སྤང་བ་ནི། བྱས་ལ་རང་དོན་མེད་ན་དིག་པ་ཡིན།། ནད་ལ་འཁུ་འཁྲིག་མེད་ན་དིག་པ་ཡིན།། རོ་ལ་སྨན་དཔྱད་བྱེད་ན་དིག་པ་ཡིན།།

ཁྱད་པར་གྱི་ལས་ལས་ངན་སྤྱོད་གསུམ་སྤང་བ། མཉམ་གཉིས་གོང་དུ་ཤོར་ན་སྨན་པ་ངན།།སྨན་དང་ཆ་བྱད་གཡར་ན་སྨན་པ་ངན།། ནད་པ་དཔེ་ཡིས་འཆོས་ན་སྨན་པ་ངན།།

ཁྱད་པར་གྱི་ལས་ལས་མི་དགེ་བ་བཅུ་སྤང་བ་ནི། གཅིག ནད་པའི་ཆེད་དུ་སེམས་ཅན་གཞན་གྱི་སྲོག་གཅོད་པ་དང་བརྩོན་འགྲུས་བྱས་ནས་སོས་ངེས་པའི་ནད་པ་ལ་ལེ་ལོས་ཤིར་འཇུག་པ་སྤང་བ། གཉིས། ནད་པའི་ཁྱིམ་ནས་ནོར་རྫས་མི་རྐུ་ཞིང་ཐབས་ཀྱིས་ལེན་པ་སྤང་བ། གསུམ། ནད་པའམ་ནད་པའི་ཆུང་མ་སོགས་ལ་གཡེམ་པ་སྤང་བ། བཞི། རང་གིས་གསོ་འདོད་མེད་པའི་ནད་པ་ལ་བཤོལ་ཆེད་རྫུན་སྨྲ་བ་དང་གཞན་དུ་སྨན་དཔྱད་འཚོལ་དུ་གཞུག་པ་སྤང་བ། ལྔ། ནད་གཡོག་སོགས་ལ་སྙད་བཏགས་པའི་ཕྲ་མ་འཇུག་པ་སྤང་བ། དྲུག ནད་པ་ལ་སོས་དུས་མི་འོང་འཆི་དུས་འོང་ཞེས་པ་ལྟ་བུས་ངག་འཁྱལ་སྤང་བ། བདུན། ནད་པ་ལ་རྒོལ་བ་དང་ཁྲོ་བའི་ཚིག་རྩུབ་སྨྲ་བ་སྤང་བ། བརྒྱད། ནད་པའི་རྒྱུ་ནོར་ཡིད་དུ་འོངས་བ་ལ་བརྣབས་སེམས་ཀྱིས་ཐོབ་པའི་ཐབས་སྤང་བ། དགུ ནད་པ་ལ་གནོད་སེམས་ཀྱིས་དཔྱད་བཅོས་བྱ་བ་སྤང་བ། བཅུ། ནད་པ་ཤི་ན་དགའ་བ་སྙམ་པའི་ལོག་ལྟ་སྤང་བ། (གཡུ་ཐོག་གསར་མ་ཡོན་ཏན་མགོན་པོས།)

ཁྱད་པར་གྱི་ལས་ལས་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ནི། ངག་གིས་ནད་པའི་དོན་འཆད་པ་ཆོས་ཀྱི་སྦྱིན་པ་དང་། སྨན་ལ་སེར་སྣ་མེད་པར་བཏང་བས་ཟང་ཟིང་གི་སྦྱིན་པ། སྲོག་སྐྱོབ་པ་མི་འཇིགས་པའི་སྐྱབས་ཀྱི་སྦྱིན་པའོ།

ཁྱད་པར་གྱི་ལས་ལས་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ནི། སྨན་པའི་དམ་ཚིག་ལ་གནས་ཤིང་དེ་ལས་ལྡོག་པའི་མི་དགེ་བ་རྣམས་སྤོང་བ་སྡོམ་པའི་ཚུལ་ཁྲིམས། ནད་པ་གསོ་བ་ལ་དམིགས་ནས་རང་རྒྱུད་ལ་དགེ་བ་མ་སྐྱེས་པ་སྐྱེད་པར་བྱེད་ཅིང་། སྐྱེས་པ་གོང་དུ་སྤེལ་བ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སྨན་པའི་དམ་ཚིག་གཙང་མ་བསྲུང་ནས་འགྲོ་བ་ནད་པའི་དོན་ཅི་རིགས་སུ་སྒྲུབ་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས།

ཁྱད་པར་གྱི་ལས་ལས་བཟོད་པའི་ཕ་རོལ་དུ་ཕྱིན་པ་ནི། ནད་པའི་དོན་དུ་གཞན་གྱིས་གནོད་པ་ཇི་སྙམ་པ་མི་ཁྲོ་བའི་བཟོད་པ། ནད་པའི་དོན་དུ་ངལ་དུབ་ལ་ཇི་མི་སྙམ་པ་དཀའ་སྤྱད་ཀྱི་བཟོད་པ། ནད་པའི་དོན་དུ་སྡུག་བསྔལ་ཇི་མི་སྙམ་པ་དང་ལེན་གྱི་བཟོད་པ། གསོ་དཔྱད་ཀྱི་གཞུང་ཟབ་མོ་ལ་འཇུག་པར་གནས་ལུགས་ལ་ཇི་མི་སྙམ་པ་སེམས་པའི་བཟོད་པའོ།

ཁྱད་པར་གྱི་ལས་ལས་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ནི། ནད་པ་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་བའི་ཁུར་འཁུར་བ་གོ་ཆའི་བརྩོན་འགྲུས། རང་གཞན་གྱི་དོན་མཐར་ཕྱིན་པར་ཡུན་རིང་དུ་རྩོམ་པ་སྦྱོར་བའི་བརྩོན་འགྲུས།

ཁྱད་པར་གྱི་ལས་ལས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི། མེས་པོ་གོང་མའི་དྲུང་ནས་གསོ་དཔྱད་ཀྱི་གཞུང་ཐོས་ཤིང་། དེ་ལ་བརྟེན་ནས་དོན་བློ་ལ་མ་བརྗེད་པར་ངེས་པ་ནི་ཐོས་པའི་ཤེས་རབ། གསོ་དཔྱད་ཀྱི་གཞུང་དང་ལག་ལེན་གྱི་དོན་དེ་ལ་བསམ་བློ་བཏང་བ་དང་། དེ་ལ་བརྟེན་ནས་དོན་དེར་ཐག་ཆོད་པའི་གོ་རྟོགས་རྙེད་པ་ནི་བསམ་པའི་ཤེས་རབ། བསམ་པའི་དོན་དེ་ལ་སེམས་རྩེ་གཅིག་ཏུ་འཛིན་པ་ནི་སྒོམ་པ་དང་། དེ་ལ་བརྟེན་ནས་གང་འདོད་འདོད་དུ་གནས་ཐུབ་པ་ནི་སྒོམ་པའི་ཤེས་རབ།

ཁྱད་པར་གྱི་ལས་ལས་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ནི། དམིགས་པ་འགྲོ་བ་ནད་པའི་དོན་རྩེ་གཅིག་ཏུ་བསམ་ནས་བདག་གཞན་གྱི་ལུས་སེམས་ལ་བདེ་བ་ཁྱད་པར་ཅན་སྟེར་བ་ལུས་སེམས་བདེར་གནས་ཀྱི་བསམ་གཏན། དམིགས་པ་འགྲོ་བ་ནད་པའི་དོན་རྩེ་གཅིག་ཏུ་བསམ་ནས་གསོ་དཔྱད་ཀྱི་མན་ངག་དང་གདམས་པ་ཁྱད་པར་ཅན་སྒྲུབ་པ་ཡོན་ཏན་མངོན་སྒྲུབ་ཀྱི་བསམ་གཏན། ཚད་མེད་བཞིའི་ངང་དུ་འགྲོ་བ་ནད་པའི་དོན་བྱེད་པ་ནི་སེམས་ཅན་དོན་བྱེད་ཀྱི་བསམ་གཏན།

ས་བཅད་དྲུག་པ།    སྨན་པའི་འབྲས་བུ་བསྟན་པ།

              行医的善果

དང་བོ་གནས་སྐབས་ཀྱི་འབྲས་བུ།  ཚེ་འདིར་བདེ་སྐྱིད་དང་དབང་དང་ལོངས་སྤྱོད་ལ་དབང་འབྱོར་བ་དང་། བདག་གཞན་གང་གི་ལུས་སེམས་དགའ་བདེས་ཁྱབ་པ། ཕུན་སུམ་ཚོགས་པའི་དཔལ་ལ་མངའ་བརྙེས་བ་འདི་གང་གི་དྲིན་ཡིན་ཞེ་ན་སྨན་དཔྱད་གྱི་དྲིན་ཁོ་ནའོ། དེ་བས་སྨན་པ་དང་སྨན་དཔྱད་ཀྱི་ཡོན་ཏན་སྦ་གསང་མེད་པར་ཀུན་གྱིས་གོ་བར་བྱས་ན་སྨན་པའི་མཚན་སྙན་གྲགས་དང་ནད་པས་ཀྱང་སྨན་པ་མཁས་པ་རྙེད་པ་ལ་ཕན་ཐོགས་པར་འགྱུར། ཡང་རང་ལ་འཚེ་བའི་མི་ཞིག་ཡིན་ཀྱང་མི་ཆོས་ལ་མཁས་བའི་ངང་དུ་རང་གི་སྤུན་ལྟར་བྱམས་ལ། སྡང་སེམས་བག་ཕབ་ནས་ནད་པ་དེའི་རྒྱུད་ལ་བརྟག་ཅིང་ཚོད་བླངས་ནས་བསྟུན་གང་ཐུབ་ཀྱིས་ནད་པ་བཅོས་དགོས་པ་ཡིན། དེ་ལྟར་བྱས་པའི་སྨན་པའི་བསོད་ནམས་ཀྱི་ཚོགས་འཕེལ་ཞིང་། མཚན་དང་སྙན་གྲགས་རྒྱས་པ། འདོད་པའི་ཟས་དང་ལོངས་སྤྱོད་ཤུགས་ལས་འབྱུང་བ། འདི་དུས་ཁེངས་བ་དང་བརྐམ་ཆགས་མི་བྱ་བར་ཡོན་ཏན་བཅང་ཞིང་ཆོག་ཤེས་དང་སྤྱོད་ཤེས་བྱ། ནད་པ་ལ་ཕན་ངོ་ཆེ་དུས་གཏིང་རག་གང་བྱིན་བག་ཡོད་ཀྱིས་ལེན་པ་དང་། འགྱངས་ན་སྨན་ཡོན་མི་སྤྲོད་པའི་ནད་པའང་མང་དུ་འབྱུང་།

གཉིས་པ་མཐར་ཐུག་གི་འབྲས་བུ། གཡོ་སྒྱུ་དང་འདོད་པ་རྣམས་སྤང་ནས་ནད་པ་གསོ་བ་ལ་འཇུག་པ་ནི། གཡུ་ཐོག་ཡོན་ཏན་མགོན་པོ་ང་བཞིན་དུ་སེམས་ཅན་ཀུན་གྱི་མགོན་གཅིག་པུར་འགྱུར་བར་ང་གཡུ་ཐོག་པས་བཤད་པ་ཡིན་ནོ།

ས་བཅད་བདུན་པ།    སྨན་པའི་ཐོབ་ཐང་བསྟན་པ།

                                   医生的等级

    གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོའི་སྐུ་དུས་སུ་གནང་བའི་སྨན་པའི་ཐོབ་ཐང་ལྟར་ན། སྨན་པ་འབུམ་རམས་པ་དང་།  སྨན་པ་རབ་འབྱམས་པ།  སྨན་པ་དཀའ་བཅུ་པ།  སྨན་པ་བསྡུས་ར་བ་བཅས་རིགས་བཞིར་དབྱེ་ཡོད།

    དང་པོ་སྨན་པ་འབུམ་རམས་པ་ནི་སྨན་པ་མཁས་པའི་རིམ་པ་དང་པོ་ཐོབ་མཁན་གྱི་མཚན་སྙན་ཞིག་ཡིན་ལ་དེའི་གཞུང་ཚད་ནི།  དཔལ་ལྡན་རྒྱུད་བཞི་རྩ་འགྲེལ།  ཆ་ལག  ཁ་སྐོང་།  མདོ་བྱང་། ཕྱོགས་རིགས་ཀྱི་སྨན་པ་དགུས་བསྒྱུར་བའི་གསོ་དཔྱད་ཀྱི་གཞུང་རྣམས་དང་།  བོད་སྨན་མཁས་པ་མི་དགུས་མཛད་པའི་གཞུང་རྣམས།  འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་སོ་མ་རཱ་ཛ་དང་།  ཨོ་རྒྱན་རིན་པོ་ཆེས་མཛད་པའི་བདུད་རྩི་བུམ་པ།  སློབ་དཔོན་དཔའ་བོས་མཛད་པའི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ།  དྲང་སྲོང་དཔལ་ལྡན་འཕྲེང་བས་མཛད་པའི་དྲང་སྲོང་སྙན་བརྒྱུད།  ཁ་ཆེའི་པཎྜི་ཏ་ཟླ་བ་མངོན་པར་དགའ་བས་མཛད་པའི་ཚིག་དོན་ཟླ་ཟེར་སོགས་རྩ་འགྲེལ་ཁ་སྐོང་།  ཆ་ལག་རྣམས་བློ་ལ་ཐོན་ཅིང་།  དེ་དག་གི་དོན་ལག་ལེན་དུ་བསྒྲིལ་ཤེས་པ་ལ་བྱའོ། 

    གཉིས་པ་སྨན་པ་རབ་འབྱམས་པ་ནི་སྨན་པ་མཁས་པའི་རིམ་པ་གཉིས་པ་ཐོབ་མཁན་གྱི་མཚན་སྙན་ཞིག་ཡིན་ལ་དེའི་གཞུང་ཚད་ནི། རྒྱུད་བཞི་རྩ་འགྲེལ།  ཆ་ལག  ཁ་སྐོང་།  མདོ་བྱང་།  བོད་ཀྱི་མི་དགུས་མཛད་པའི་གདམས་པ།  བསྟན་བཅོས་སོ་མ་རཱ་ཛ།  བདུད་རྩི་བུམ་པ་རྩ་འགྲེལ་ཆ་ལག་དང་བཅས་པའོ། 

    གསུམ་པ་སྨན་པ་དཀའ་བཅུ་བ་ནི་སྨན་པ་མཁས་པའི་རིམ་པ་གསུམ་པ་ཐོབ་མཁན་གྱི་མཚན་སྙན་ཞིག་ཡིན་ལ་དེའི་གཞུང་ཚད་ནི། རྒྱུད་བཞི་རྩ་འགྲེལ།  ཆ་ལག  ཁ་སྐོང་།  མདོ་བྱང་དང་བཅས་པའོ། 

    བཞི་བ་སྨན་པ་བསྡུས་ར་བ་ནི་སྨན་པ་མཁས་པའི་རིམ་པ་བཞི་བ་ཐོབ་མཁན་གྱི་མཚན་སྙན་ཞིག་ཡིན་ལ་དེའི་གཞུང་ཚད་ནི། རྩ་རྒྱུད། བཤད་རྒྱུད། ཕྱི་མ་རྒྱུད་གསུམ་གྱི་རྩ་བ་དང་འགྲེལ་བ། ཆ་ལག  ཁ་སྐོང་།  མདོ་བྱང་དང་བཅས་པ་ལ་བྱའོ། 

    (རྒྱུད་བཞི་ཆ་ལག་རེ་ཙམ་ཐོན་པ་རྣམས་ཀྱིས་གཡུ་ཐོག་ཆེན་པོའི་གྲྭ་པ་རྣམས་ཀྱི་ཐུག་པ་བསྐོལ་བ་དང་བང་ཆེན་པ་དགོས་པར་གདའ་འོ།  ཞེས་གསུངས་པའི་གོང་སྨོས་སློབ་གནས་གདན་ཐོབ་ཀྱི་ཚད་གཞི་འདི་ནི་བོད་ཙམ་དུ་མ་ཟད།  འཛམ་གླིང་ཐོག་སྔ་ཤོས་ཡིན།)

ས་བཅད་བརྒྱད་པ།   སྨན་པ་ཐ་མའི་སྐྱོན་བཅུ་གཉིས་བསྟན་པ།

                  庸医的十二误区

སྐྱོན་དང་པོ།   ཝ་ཡིས་རྒྱལ་ས་བཟུང་བ་འདྲ་བའི་སྐྱོན། སྨན་པའི་རིགས་སུ་ཆད་པ་མ་ཡིན་པའི་ལས་རིགས་གཞན་དག་སྒྲུབ་མཁན་གྱི་སྨན་པ་དེ་ནི་མཐོང་གོམས་སོགས་ཀྱི་མྱོང་བ་གང་མེད་པས་ཝས་སེང་གེའི་རྒྱལ་ས་བཟུང་བ་ལྟར་ཀུན་གྱིས་སྤྱི་བོར་བཀུར་བར་མི་འགྱུར་རོ།

སྐྱོན་གཉིས་པ།  དམུས་ལོང་མིག་ལ་རྫས་བསྟན་ལྟ་བུའི་སྐྱོན། སྨན་དཔྱད་ཀྱི་གཞུང་དོན་མི་ཤེས་པའི་སྨན་པ་དེ་ནི་ནད་པར་ལྟ་བའི་ཚེ་དམུས་ལོང་དག་ལ་གསེར་ལ་སོགས་པའི་རྫས་བསྟན་པ་བཞིན་དུ་ནད་རིགས་གང་ཡིན་མི་ཤེས་ཤིང་དེ་ལ་བཅོས་ཐབས་གང་ཡིན་ཀྱང་ཤན་མི་ཕྱེད་དོ།

སྐྱོན་གསུམ་པ།  རྒྱུས་མེད་ལམ་དུ་ཞུགས་པ་འདྲ་བའི་སྐྱོན། སློབ་དཔོན་གྱི་ཕྱག་ལེན་མཐོང་ཞིང་འདྲིས་མེད་པའི་སྨན་པ་དེ་ནི་རྒྱུས་མེད་ལམ་དུ་ཞུགས་པ་བཞིན་དུ་ནད་རྟགས་འདི་ཇི་ལྟ་བུ་དང་དཔྱད་འདི་ཇི་ལྟར་བྱ་སྙམ་ཞིང་ཐེ་ཚོམ་དུ་འགྱུར་རོ།

སྐྱོན་བཞི་བ།   གཉེན་མེད་བྱེས་སུ་འཁྱམས་པ་འདྲ་བའི་སྐྱོན། ལྟ་རེག་དྲི་བ་ལ་སོགས་པའི་བརྟག་ཐབས་མི་ཤེས་པའི་སྨན་པ་དེ་ནི་གཉེན་བཤེས་མེད་པའི་ས་མཐར་འཁྱམས་པ་བཞིན་ངོ་ཤེས་གཅིག་ཀྱང་མི་འབྱུང་བ་དང་འདྲ་བར་ནད་ངོ་ཤེས་པ་གཅིག་ཀྱང་མི་འབྱུང་ངོ་།

སྐྱོན་ལྔ་བ།    བྱ་བས་བྱ་གཏོང་མི་ཤེས་ལྟ་བུའི་སྐྱོན།  རྒྱལ་བོ་སོགས་མི་ཆེན་གྱི་ཉེ་འཁོར་དུ་དགྲ་གཉེན་གང་འབྱུང་རྟོག་པའི་བྱ་ར་བ་བཞག་ཡོད་དེས་གཉེན་གྱི་ཆ་ལུགས་སུ་བཅོས་པའི་དགྲ་ངོ་མ་ཤེས་ན་བྱ་ར་གཏོང་མི་ཤེས་པས་དགྲ་བོ་འོང་ངོ་ཞེས་སྐད་ཆ་མི་སྟེར་བ་བཞིན། རྩ་ཆུའི་བརྟག་ཐབས་མི་ཤེས་པའི་སྨན་པ་དེས་ཚ་གྲང་ནད་ཀྱི་ལྟར་སྣང་ལ་འཁྲུལ་ནས་སོ་སོའི་སྐད་ཆ་མི་སྟེར་རོ།

སྐྱོན་དྲུག་པ།   གཙོ་བོས་སྨྲ་བ་མི་ཤེས་ལྟ་བུའི་སྐྱོན།  གསོ་བ་དཀའ་སླ་ལ་སོགས་པའི་ཁ་དམར་གྱི་སྐབས་མི་ཤེས་པའི་སྨན་པ་དེ་ནི་ཡུལ་གྱི་དཔོན་པོས་ཡུལ་མི་ནང་ཕན་ཚུན་འཁྲུགས་པ་ཤོར་བ་ན་བར་འདུམ་གྱི་སྐད་ཆ་བཤད་མི་ཤེས་བ་དང་འདྲ་སྟེ། མི་མང་པོའི་མདུན་དུ་རང་སྐྱེངས་ཤིང་གྲགས་པ་ངན་ཕོག་པར་འགྱུར་རོ།

སྐྱོན་བདུན་པ།  མུན་ཁུང་འབེན་ལ་བརྡེག་པ་འདྲ་བའི་སྐྱོན།  ནད་ངོ་ཤེས་ཀྱང་བཅོས་ཚུལ་མི་ཤེས་པའི་སྨན་པ་དེ་ནི་མུན་ཁུང་གི་འབེན་ལ་མདའ་བརྡེག་པ་དང་འདྲ་སྟེ། གཉེན་པོའི་སྨན་དཔྱད་ནད་ཐོག་ཏུ་འབབ་པར་མི་འགྱུར་རོ།

སྐྱོན་བརྒྱད་པ།  རང་སྲིད་དགྲ་ལ་ལོག་པ་འདྲ་བའི་སྐྱོན། ཟས་སྤྱོད་མི་ཤེས་པའི་སྨན་པ་དེ་ནི་རང་གི་སྲིད་དགྲ་ཕྱོགས་ལ་ལོག་པ་དང་འདྲ་སྟེ། ནད་ཀྱི་སྟོབས་སྐྱེད་པའི་གྲོགས་བྱས་ནས་ལུས་ཟུངས་འཇོམས་པར་བྱེད་དོ།

སྐྱོན་དགུ་བ།   སོ་ནམ་མི་ཤེས་ཞིང་བ་ལྟ་བུའི་སྐྱོན། ཐང་ལ་སོགས་པ་ཞི་བྱེད་ཀྱི་སྦྱོར་བ་མི་ཤེས་པའི་སྨན་པ་དེ་ནི་སོ་ནམ་མི་ཤེས་པའི་ཞིང་པས་ལོ་ཉེས་འཕྲལ་དུ་བཟོ་བ་དང་འདྲ་བར་དམན་ལྷག་ལོག་པར་སྦྱར་བས་སླར་ཡང་ནད་སྐྱེད་པར་འགྱུར་རོ།

སྐྱོན་བཅུ་བ།  བྱེ་མའི་རི་ལ་ཆུ་བོ་འབེབས་འདྲའི་སྐྱོན། བཤལ་ལ་སོགས་པའི་སྦྱོང་བྱེད་མི་ཤེས་པའི་སྨན་པ་དེ་ནི་བྱེ་མའི་རི་ལ་ཆུ་འབེབས་པར་བྱེད་ན་རི་ཆུ་གཉིས་ཀ་མེད་པར་འགྱུར་འགྲོ་བ་ལྟར་ནད་དང་ལུས་ཟུངས་གཉིས་ཀ་ལ་མ་རུངས་བར་བྱེད་དོ།

སྐྱོན་བཅུ་གཅིག་པ།  གོ་མཚོན་མེད་པའི་དཔའ་བོ་ལྟ་བུའི་སྐྱོན། གཙགས་བུ་ལ་སོགས་པ་རྒྱུན་མཁོའི་ཆ་བྱད་དང་སྨན་རྫས་རྣམས་མི་འཛོམས་པའི་སྨན་པ་དེ་ནི་གོ་ཆ་དང་མཚོན་ཆ་མེད་པའི་དཔའ་བོ་དང་འདྲ་སྟེ། ནད་ཀྱི་དགྲ་དཔུང་ཆོམས་པར་མི་འགྱུར་རོ།

སྐྱོན་བཅུ་གཉིས་པ།  ནང་ཡན་མེད་པའི་རྐུན་མོ་ལྟ་བུའི་སྐྱོན། ཆ་བྱད་ཡོད་ཀྱང་གཏར་བསྲེག་མི་ཤེས་པའི་སྨན་པ་དེ་ནི་ནང་ལ་རྒྱུས་མངའ་ཅན་གྱི་རྐུན་གྲོགས་མེད་པའི་རྐུན་མོ་དང་འདྲ་སྟེ། ནད་དང་དཔྱད་གཉིས་ཕན་ཚུན་མི་འཕྲད་པར་འཛོལ་བར་འགྱུར་རོ།

(དེ་ལྟར་སྐྱོན་བཅུ་གཉིས་པོ་གང་རུང་ལྡན་པའི་སྨན་པ་དེས་ནི་ནད་གསོ་བའི་ཚེ་ན་དམན་ལྷག་ལོག་པའི་ཉེས་སྐྱོན་གང་རུང་འབྱུང་སླ་བས་ན་འཆི་བདག་གི་བདུད་ཉིད་སྨན་པའམ་ལྷ་རྗེ་ཞེས་པའི་ཆ་བྱད་དུ་བྱས་ཤིང་། གཤིན་རྗེ་ཞགས་པ་ཐོགས་ནས་རྒྱུ་བར་བྱེད་པས་ན་སྲོག་གི་མཁར་པོ་(འཁེན་བྱེད་ཀྱི་འཁར་བ་གཟུར་བྱེད)གཡེང་བར་བྱེད་པའི་གཟུ་བ་དངོས་ཡིན་པས་ཕྱིར། སྨན་པ་དེ་རིགས་ཀྱི་ཕྱོགས་ཙམ་དུ་ཡང་འབྲེལ་བ་བྱ་མི་རིགས་ཏེ་འཁོར་དང་བཅས་པ་ཕུང་བར་བྱེད་པའི་གཞི་ཡིན་ནོ།)

ས་བཅད་དགུ་བ།  སྨན་པའི་དམ་ཚིག་དམིགས་སུ་བསྟན་པ།

藏医医师誓言 (六种心态、两种保持、三种知识)

གཅིག    བོད་ཀྱི་གསོ་རིག་དཔལ་ལྡན་རྒྱུད་བཞི་ལས། "དམ་ཚིག་ལྡན་པ་བློ་བཞག་རྣམ་པ་དྲུག། བཟུང་བྱ་གཉིས་དང་ཤེས་བྱ་གསུམ་དུ་བཤད།། དང་པོ་སློབ་དཔོན་གསུང་དང་གསོ་དཔྱད་དང་།། མཆེད་དང་ནད་པ་རྣག་ཁྲག་རྣམ་དྲུག་ལ།། སངས་རྒྱས་དྲང་སྲོང་གསུང་དང་བཀའ་རྒྱུད་དང་།། གྲོགས་སྤུན་བུ་ཚ་ཁྱི་ཕག་ལྟ་བུར་ནི།། བློ་བཞག་པ་ཡི་དམ་ཚིག་དྲུག་བསྲུང་བྱ།། ཞེས་པ་ལྟར།

    བློ་བཞག་དང་པོ།  རང་ལ་གསོ་བ་རིག་པའི་དབང་ལུང་ཁྲིད་གསུམ་གནང་མཁན་དང་གདམས་པ་ཟབ་མོའི་གནད་སྟོན་མཁན་གྱི་བཀའ་དྲིན་གསུམ་ལྡན་གྱི་དགེ་རྒན་ལ་སངས་རྒྱས་སྨན་གྱི་བླ་མ་དང་གཉིས་སུ་མེད་པའི་འདུ་ཤེས་བློ་ལ་བཞག་པ།

    བློ་བཞག་གཉིས་པ།  དགེ་རྒན་གྱིས་གསུང་ལ་བསླུ་བ་མེད་པའི་དྲང་སྲོང་གི་གསུང་ལྟར་རང་ཉེས་བས་མ་གོས་བར་འདུ་བ་སྙོམས་ལ། གཞན་ཉེས་བས་འདུ་བ་མི་སྙོམས་པར་གྱུར་བ་རྣམས་གཉེན་པོའི་ཐབས་དུ་མས་སྲོང་བར་ནུས་པའི་སྨན་པ་མཆོག་ཏུ་གྱུར་བ་བླ་ན་མེད་པའི་གསུང་དངོས་ཀྱི་འདུ་ཤེས་བློ་ལ་བཞག་པ།

    བློ་བཞག་གསུམ་པ།  གསོ་དཔྱད་ཀྱི་བསྟན་བཅོས་གསོ་བ་རིག་པ་དཔལ་ལྡན་རྒྱུད་བཞི་ལྟ་བུ་ཚད་ཐུབ་ཁུངས་དང་ལྡན་པ་རྣམས་ལ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྟན་པའི་བཀའ་རིམ་པར་རྒྱུད་པའི་མདོ་རྒྱུད་དངོས་ཀྱི་འདུ་ཤེས་བློ་ལ་བཞག

    བློ་བཞག་བཞི་བ། མཆེད་གྲོགས་སམ་གསོ་བ་རིག་པའི་དོན་ཉམས་སུ་ལེན་པའི་ཆོས་གྲོགས་ལ་རང་དང་རིགས་རུས་གཅིག་པའི་སྤུན་གྱི་འདུ་ཤེས་བློ་ལ་བཞག

    བློ་བཞག་ལྔ་བ།  ནད་ཀྱིས་གདུང་ཞིང་སྡུག་བསྔལ་བའི་ཉམས་ཐག་ནད་པ་ལ་རིས་སུ་མ་ཆད་པར་རང་གི་བུ་དང་ཚ་བོའི་འདུ་ཤེས་བློ་ལ་བཞག

    བློ་བཞག་དྲུག་པ།  ནད་པའི་ལུས་ལས་བྱུང་བའི་རྣག་དང་ཁྲག  བཤང་གཅི་སོགས་མི་གཙང་བའི་རིགས་ལ་སྨན་པ་རང་ཉིད་གཙང་བཙོག་མེད་པ་ཁྱི་དང་ཕག་གི་འདུ་ཤེས་བློ་ལ་བཞག

    བཟུང་བྱ་དང་པོ།  གསོ་བ་རིག་པའི་སྔོན་བྱོན་དང་ད་ལྟའི་མཁས་པ་རྣམས་དང་། རང་གི་དགེ་རྒན་སོགས་སྨན་གྱི་རིག་འཛིན་རྣམས་ལ་གསོ་རིག་གི་བསྟན་པ་སྲུང་སྐྱོབ་བྱེད་པའི་བཀའ་སྲུང་ཞང་བློན་དམ་ཅན་སྡེ་དགུ་ལྟ་བུའི་འདུ་ཤེས་བློ་ལ་བཟུང་།

   བཟུང་བྱ་གཉིས་པ།  སྨན་གྱི་རིག་པ་འཛིན་པའི་མཁས་བ་རྣམས་ཀྱིས་སྤྱོད་ཅིང་ཕྱག་ཏུ་འཛིན་པའི་སྨན་བཅོས་ཆ་བྱད་རྣམས་ལ་བཀའ་སྲུང་སྡེ་དགུའི་ཕྱག་གི་མཚོན་ཆ་དངོས་ཀྱི་འདུ་ཤེས་བློ་ལ་བཟུང་།

    ཤེས་བྱ་དང་པོ།  ནད་རིགས་འཇོམས་བྱེད་ཀྱི་གཉེན་པོ་སྨན་གྱི་རིགས་སུ་གྱུར་བ་ཐམས་ཅད་ནི་བདག་གཞན་གྱི་བྱ་བ་འགྲུབ་པར་བྱེད་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡིན་པར་ཤེས་པར་བྱ་བ།

    ཤེས་བྱ་གཉིས་པ།  ནད་རིགས་འཇོམས་བྱེད་ཀྱི་གཉེན་པོ་སྨན་གྱི་རིགས་སུ་གྱུར་བ་ཐམས་ཅད་ནི་འཇིག་རྟེན་ན་རྩ་ཆེ་བ་མཐུ་དང་ལྡན་པ། འབྱུང་བ་དཀོན་པས་བདུད་རྩི་ལྟར་འཚོལ་དཀའ་བ་ཡིན་པར་ཤེས་པར་བྱ་བ།

   ཤེས་བྱ་གསུམ་པ།  ནད་རིགས་འཇོམས་བྱེད་ཀྱི་གཉེན་པོ་སྨན་གྱི་རིགས་སུ་གྱུར་བ་ཐམས་ཅད་ནི་ལྷ་ལ་མཆོད་པ་བྱེད་པའི་རྫས་དྭངས་ཤིང་གཙང་བ། ཕུད་ཀྱི་རྫས་མཆོག་ཏུ་གྱུར་བས་ན་ཚགས་དམ་པོ་བྱེད་དགོས་པ་ཡིན་པར་ཤེས་བར་བྱ་བ།

ས་བཅད་བཅུ་བ།  དེང་རབས་གསོ་རིག་གི་སྨན་པའི་ཀུན་སྤྱོད་ཀྱི་སྙིང་བོའི་རྩ་དོན་བཞི།  རང་དབང་། དགེ་སྒྲུབ། མི་འཚེ་བ། དྲང་སྙོམས།

(现代医学伦理道德的四大核心原则:自主权、不伤害、公平、行善)

    རྩ་དོན་དང་པོ་རང་དབང་། 自主权 སྨན་པས་ནད་པ་དང་ནད་པས་གསོ་བཅོས་གདམ་ཀ་ལ་བརྩི་འཇོག་བྱེད་དགོས།

(གལ་ཏེ་ནད་པ་རང་ཉིད་འཐད་པ་མིན་ཚེ། ཁོ་ལ་ཕན་ཐོགས་པའི་གསོ་བཅོས་ཀྱང་དང་ལེན་མ་བྱས་ན་ཆོག

    རྩ་དོན་གཉིས་པ་མི་འཚེ་བ། 不伤害 གསོ་བཅོས་འགའ་ཤས་ལ་ཕན་སྐྱེད་འབྱུང་བ་དང་ལྷན་དུ་མི་མངོན་ས་ནས་ཉེན་ཁའང་འབྱུང་ངེས་པས། གལ་ཏེ་ཕན་སྐྱེད་དེ་ཉེན་ཁ་ལས་ཆེ་ན། ནད་པས་གནས་ཚུལ་རྟོགས་རྗེས་ཐག་གིས་བཅད་པ་ཡིན་ན་གསོ་བཅོས་བྱས་ཆོག (དེང་སང་གསོ་བཅོས་བྱེད་ཐབས་མང་ཆེ་ཤས་དང་སྨན་རྫས་རིགས་འདིའི་ཁོངས་སུ་གཏོགས།)

    རྩ་དོན་གསུམ་པ་དྲང་སྙོམས།  公平 ནད་པ་སུ་ཡིན་རུང་དྲང་སྙོམས་ཀྱིས་གསོ་བཅོས་བྱེད་དགོས། ང་ཚོའི་སྨན་ཁང་དུ་ཁུ་ལེན་ཏོང་ལ་ལྟ་སྟངས་གང་གིས་སྣེ་ལེན་བྱས་པ་ཡིན་ན་ནད་པ་སུ་ལའང་དེ་བཞིན་བྱེད་དགོས།

    རྩ་དོན་བཞི་བ་དགེ་སྒྲུབ། 行善 སྨན་པས་དམིགས་བསལ་གྱིས་མི་ཆོས་ཀུན་སྤྱོད་ཀྱི་ལས་འགན་ནང་བཞིན་ནད་པ་ལ་ཆེས་ཕན་པའི་གསོ་བཅོས་བྱེད་དགོས། (དགེ་སྒྲུབ་དང་ནད་པའི་རང་དབང་གཉིས་བར་ལ་འགལ་ཟླ་ཡོད་སྲིད་མོད། གལ་ཏེ་ནད་པས་གནས་ཚུལ་ཤེས་བཞིན་དུ་ཐག་གཅོད་བྱས་ཚེ། གསོ་བཅོས་ག་འདྲ་ཞིག་ཡིན་ཀྱང་མཐར་ཐུག་ནད་པ་རང་ཉིད་ལ་ཐག་གཅོད་པའི་དབང་ཆ་ཡོད།)

ས་བཅད་བཅུ་གཅིག་པ།《ཞི་པོ་ཁི་ལ་ཐིས》དམ་ཚིག

              希波克拉底誓言

     ནུབ་ཕྱོགས་གསོ་རིག་གི་ཡབ་ཆེན།《ཞི་པོ་ཁི་ལ་ཐིས། 》སྤྱི་ལོ་སྔོན་གྱི་460—370ཞི་ལ་རྙིང་མའི་མི། ནུབ་ཕྱོགས་གསོ་བ་རིག་པའི་གཞུང་ལུགས་ཀྱི་སྲོལ་བཏོད་པ་པོ་ཡིན།

ངས་དམ་ཚིག་བརྩི་སྲུང་བྱེད་པར་དམ་བཅའ་བར་བྱ།

ངས་ང་ལ་གསོ་རིག་གི་མན་ངག་གནང་མཁན་གྱི་དགེ་རྒན་ལ་ཕ་མ་བཞིན་དུ་བཀུར་བར་བྱ།

(གསོ་བ་རིག་པ་འདི་)ཚེ་གང་བོའི་ལས་རིགས་སུ་བཟུང་ནས་རང་གི་བུ་དང་དགེ་རྒན་གྱི་བུ། སློབ་མ་རྣམས་ལ་ངའི་གསོ་རིག་གི་ཉམས་མྱོང་དང་ལག་ལེན་ཤེས་བྱ་བརྒྱུད་སྤེལ་བྱེད་རྒྱུ།

ངས་རང་ནུས་གང་ལྕོགས་ཀྱིས་ནད་པ་ལ་ཕན་འདོགས་པའི་གསོ་བཅོས་བྱེད་པ་ལས་གནོད་པ་དང་སྡུག་བསྔལ་མི་སྐྱེལ།

ངས་མི་སུ་ལའང་དུག་སྨན་སྦྱིན་མི་སྲིད། གཞན་ལའང་དེ་ཉིད་བཀོལ་སྤྱོད་བྱེད་པར་མངགས་མི་སྲིད།

ནང་སྒོས་སུ་བུད་མེད་ལ་མངལ་འབྱིན་གྱི་དཔྱད་བཅོས་དང་ཚེ་སྲོག་གཅོད་པའི་ལས་མི་བྱ།

ངས་ཁྲིམས་གཙང་ངང་སྨན་སྦྱིན་བཏང་ནས་འཚོ་བ་རོལ་རྒྱུ།

ཁྱིམ་ཚང་སུ་ལ་སོང་ནའང་ནད་པ་ཁོ་ནའི་ཆེད་དུ་ཡིན་པ་ལས་རྒྱུ་རྔམ་དང་གསུག་ཟ་ཆེད་མིན། བུད་མེད་ལ་བསླུ་བྲིད་མི་གཏོང་།

སྦ་བྱའི་མཐོང་ཐོས་དང་གསང་མཚང་ཕྱི་ལ་གཏན་དུ་མི་བརྟོལ།

གལ་ཏེ་ངས་གོང་གི་དམ་ཚིག་འདི་དག་གཟབ་ནན་གྱིས་བརྩི་སྲུང་བྱས་ཚེ། ལྷ་སྲུང་གིས་ང་དང་ངའི་སྨན་དོན་ལ་གཟི་བརྗིད་བླ་མེད་སྩོལ་རོགས།

གལ་ཏེ་ང་དམ་ཚིག་དང་འགལ་ན་གནམ་སའི་ལྷ་སྲུང་གིས་ང་ཐོགས་མདས་གསོད་པར་རིགས་སོ།

ས་བཅད་བཅུ་གཉིས་པ།  ཇཱེ་ནེ་ཝའི་གསོ་རིག་དམ་ཚིག 

         医学日内瓦宣言

ང་གསོ་རིག་ལས་དོན་གྱི་མི་སྣ་ཞིག་ཏུ་གྱུར་བ་ནས་བཟུང་། ངས་གཟབ་ནན་སྒོས་མིའི་རིགས་ཀྱི་ཞབས་ཞུ་ལ་ཡོད་ཚད་འབུལ་བར་ཁས་ལེན་དམ་བཅའ་འཇོག

ངས་རང་གི་དགེ་རྒན་ལ་ཁོ་ཚོར་འོས་པའི་བརྩི་བཀུར་དང་དྲིན་ལན་བསབ་ངེས།

ངས་གཞུང་དྲང་དང་གཟབ་ནན་སྒོས་རང་གི་ལས་རིགས་ལག་བསྟར་བྱེད་རྒྱུ།

ངའི་ནད་པའི་བདེ་ཐང་ནི་ངས་ཐོག་མར་བསམ་བློ་གཏང་བྱ་ཡིན།

ངས་ནད་པའི་གསང་བ་ལ་བརྩི་འཇོག་བྱེད་ངེས།

ངས་རང་ནུས་ལྕོགས་ཚད་ཀྱིས་གསོ་བ་རིག་པའི་མཚན་སྙན་དང་རྩ་ཆེའི་སྲོལ་རྒྱུན་རྒྱུན་འཁྱོངས་བྱེད་ངེས།

ལས་རིགས་གཅིག་པ་ཡོད་ཚད་ངའི་ཕུ་ནུ་ཡིན།

ཆོས་ལུགས་དང་རྒྱལ་ཁབ། ཕྱོགས་ཁག་དང་སྤྱི་ཚོགས་ཀྱི་གོ་གནས་སོགས་ཀྱིས་ངའི་འགན་འཁྲི་དང་ང་དང་ནད་པའི་འབྲེལ་བ་ལ་འགལ་རྐྱེན་བཟོས་མི་ཆོག

མིའི་ཚེ་སྲོག་སྟེ་མངལ་སྦྲུམ་ནས་བརྩམ་དེ་ལ་ཆེས་མཐོ་བའི་བརྩི་འཇོག་རྒྱུན་སྲུང་བྱེད་རྒྱུ།

འཇིགས་སྐུལ་གྱིས་དབང་འོག་ཡིན་ནའང་། ངས་རང་གི་གསོ་རིག་གི་ཡོན་ཏན་དེ་མི་ཆོས་རང་ལུགས་ཀྱི་ཚད་གཞི་དང་འགལ་བའི་བྱ་དོན་ལ་བཀོལ་མི་སྲིད།

ངས་སེམས་གཏིང་ནས་རང་གི་སྙན་གྲགས་དཔང་དུ་བཞག་ནས་དམ་བཅས་པ་ཡིན། 

(འཛམ་གླིང་འཁྲུགས་ཆེན་གཉིས་པ་མཇུག་རྫོགས་རྗེས་འཇར་མན་རྒྱལ་ཁབ་ཏུ་ཤི་ཐི་ལེས་གཙོས་པའི་སྤྱི་ཚོགས་ཏང་དང་སྨན་པའི་ནག་ཉེ་ལ་འདྲི་རྩད་བྱས་རྗེས། སྨན་པའི་ལས་རིགས་ཀུན་སྤྱོད་ཀྱི་དམིགས་གསལ་རང་བཞིན་ལ་མི་རྣམས་ཀྱིས་རྩིས་མཐོང་བྱས་ནས་1948ལོར་འཛམ་གླིང་ (WMA)གསོ་རིག་ཚོགས་པས་ཞི་པོ་ཁི་ལ་ཐིས་སྨན་པའི་དམ་ཚིག་གི་རྨང་གཞིའི་སྟེང་བསྐྱར་བཟོ་བྱས་ནས་《ཇེ་ནེ་ཝའི་གསོ་རིག་དམ་ཚིག 》འདི་གཏན་འཁེལ་བྱུང་།)

世界医学会《日内瓦宣言》(2017版)

འཛམ་གླིང་གསོ་རིག་ཚོགས་པ་《 ཇཱེ་ནེ་ཝའི་དམ་ཚིག》(2017ལོར་བཅོས་སྒྲིག་གསར་བ།)

作为医学界的一员,

གསོ་རིག་ལས་གཉེར་བ་ཡིན་ས་ནས།

我庄严宣誓,为服务人类而献身;

ངས་གཟབ་ནན་སྒོས་དམ་བཅའ་བར་བྱ། མིའི་རིགས་ཀྱི་ཞབས་ཞུའི་ཆེད་དུ་མི་ཚེ་འབུལ།

我将患者的健康和福祉置于首位;

ངས་ནད་པའི་བདེ་ཐང་དང་བསོད་གསོག་གཙོ་བོར་འཇོག་རྒྱུ།

我将尊重患者的自主权和尊严;

ངས་ནད་པའི་རང་བདག་རང་དབང་དང་ལ་རྒྱ་ལ་བརྩི་བཀུར་བྱེད་ངེས།

我将保持对人类生命的最大尊重;

ངས་མིའི་རིགས་ཀྱི་ཚེ་སྲོག་བརྩི་འཇོག་ལ་རྒྱུད་འཛིན་བྱེད་ངེས།

我将不容许年龄、疾病或残疾、信仰、民族、性

别、国籍、政治立场、种族、性取向、社会地位或其他任何因素干预我的职责和我的患者;

ངས་ན་ཚོད་དང་། ནད་ཡམས་ཡང་ན་ཞ་འཐེང་། དད་མོས། མི་རིགས། ལུས་རྟེན། རྒྱལ་ཁུངས། ཆབ་སྲིད་ཀྱི་ལངས་ཕྱོགས། རིགས་རྒྱུད། ཕོ་མོའི་ཆགས་ཞེན། སྤྱི་ཚོགས་ཀྱི་གོ་གནས་དང་ཡང་ན་རྒྱུ་རྐྱེན་གང་གིས་ཀྱང་ངའི་ལས་འགན་དང་ནད་པ་ལ་ཐེ་གཏོགས་བྱེད་དུ་མི་འཇུག

我将尊重所寄托给我的秘密,即使患者死后;我将以良知、尊严和高尚的行为践行我的职业;

ངས་གཞན་གྱིས་གཏད་པའི་གསང་བ་ཚུགས་པར་བྱས་ཏེ། ནད་པ་ཚེ་ལས་འདས་སོང་ནའང་རྒྱུ་འབྲས་དང་། གཏན་ཚིག  བླ་ན་མེད་པའི་ཀུན་སྤྱོད་ཀྱིས་ངའི་ལས་རིགས་མཐར་སྐྱེལ་བྱེད་ངེས།

我将维护医学的荣誉和高尚的传统;

ངས་གསོ་རིག་གི་སྙན་གྲགས་དང་བླ་མེད་ཀྱི་སྲོལ་རྒྱུན་ལ་སྲུང་སྐྱོབ་བྱེད་ངེས།

我将给予我的老师、同事和学生应有的尊敬和感谢;

ངས་རང་གི་དགེ་རྒན་དང་ལས་གྲོགས། སློབ་མ་རྣམས་ལ་གུས་བཀུར་དང་བཀའ་དྲིན་གསབ་ངེས།

我将为了患者利益和医疗进步分享我的医学知识;

ངས་ནད་པའི་ཁེ་ཕན་དང་སྨན་བཅོས་ལས་དོན་མདུན་སྐྱོད་ཀྱི་ཆེད་དུ་རང་གི་ཤེས་ཡོན་འབུལ་རྒྱུ།

我将照料自身健康,维持能力,以提供最高质量的服务;

ངས་རང་གི་བདེ་ཐང་ལ་སྙོར་སྐྱོང་དང་། ནུས་རྩལ་རྒྱུན་འཁྱོངས་བྱས་ནས་ཞབས་ཞུའི་རྒྱུ་སྤུས་མཐོ་རུ་འདེགས་རྒྱུ།

我不会利用我的医学知识侵犯人权和公民自由,即使受到威胁;

ངས་རང་གི་སྨན་བཅོས་ཀྱི་ཤེས་བྱ་བེད་སྤྱད་ནས་འབངས་མིའི་ཐོབ་ཐང་དང་རང་དབང་ལ་འཇིགས་སྐུལ་གཏོང་མི་སྲིད།

我郑重地、自愿地做出这些承诺,以我的名誉担保。

ངས་གཟབ་ནན་དང་བླང་སྒོས་དམ་བཅའ་འདི་དག་ཁས་བླངས་པ་ཡིན། རང་གི་སྙན་གྲགས་ཀྱིས་འགན་ལེན་བྱས་ཆོག

ས་བཅད་བཅུ་གསུམ་པ། ཀྲུང་གོའི་སྨན་པའི་དམ་ཚིག

      中国医师宣言

    བྱམས་བརྩེ་འདྲ་མཉམ། 平等仁爱 ཡོད་ཚད་བློས་བཏང་ནས་གསོ་རིག་དང་ལག་ལེན་གྱི་དགོངས་དོན་རྒྱུན་འཁྱོངས་བྱེད་པའི་ལས་འགན་སྐྱོང་བ། (ནད་པ་ལ་སྙིང་ཉེ་བ་སྟེ། མི་རིགས། ཕོ་མོ། དབུལ་ཕྱུག གྲུབ་མཐའ། སྤྱི་ཚོགས་ཀྱི་གོ་གནས་གང་ཡིན་ལ་མི་ལྟ་བར་ཐམས་ཅད་ལ་འདྲ་མཉམ་གྱི་ལྟ་བ་འཛིན་པ།)

    ནད་པ་གཙིགས་སུ་ཆེ་བ། (患者至上) ནད་པའི་དབང་ཆ་མཐོང་ཆེར་འཛིན་པ་དང་ནད་པའི་ཁེ་ཕན་ལ་སྲུང་སྐྱོང་བྱེད་པ། (ནད་པ་དང་ཁྱིམ་མིས་ནད་ཀྱི་གནས་ཚུལ་གསལ་བོར་རྟོགས་རྗེས་ནད་པའི་གསོ་བཅོས་ལ་བཏོན་པའི་ཐག་གཅོད་དབང་ཆ་ལ་བརྩི་འཇོག་བྱེད་པ།)

    བཞེད་དོན་ཟོལ་མེད། (真诚守信) དངོས་ཐོག་བདེན་འཚོལ། ནད་བཅོས་ཀྱི་ཉེན་ཁ་ཁུར་བཟོད་པ། (ནད་པ་དང་འབྲེལ་ལམ་གོ་ཆོད་བཙུགས་ནས་སྨན་བཅོས་ཀྱི་ཉེན་ཁ་རྟོགས་སུ་འཇུག་པ་དང་། གཞན་དབང་གིས་གསང་བའམ་འབྲིད་འགུགས་མི་བྱེད་པ། ནད་པའི་མཚང་གསང་སྡོམ་པ།)

    འབད་བརྩོན་བློ་གཟེག 精进审慎 བདེ་ཐང་དང་ནད་རིམས་སྔོན་འགོག་གི་གཞུང་ལུགས་དང་ཐབས་ལམ་ལ་ཧུར་ཐག་གིས་ཉམས་ལེན་དང་གསར་བཏོད་བྱེད་པ། (བློ་རྒྱ་ཆེ་ཞིང་བཟོད་པ་ལྡན་པ། གཞན་གྱི་ཡོན་ཏན་ལེན་པ། མཉམ་འབྲེལ་དང་དཔུང་སྡེའི་སྙིང་སྟོབས་སྤེལ་བ། གཟབ་ནན་སྒོས་བརྟག་བཅོས་བྱེད་པ། རྣམ་གཡེང་དང་སླ་བཅོས་མི་བྱེད་པ།)

    རྣམ་དག་གཞུང་དྲང་། 廉洁公正 རྒྱུད་གཙང་རྣམ་དག་གི་རྒྱུན་སྐྱོང་བ། མི་ཆོས་གུས་ལུགས་ལྡན་པ། ཁུངས་མི་གཙང་བའི་རྒྱུ་ནོར་མི་ལེན་པ། (ཡང་དག་པའི་ཁེ་ཕན་གྱི་འབྲེལ་ལམ་སྐྱོང་བ། ཧུར་ཐག་གིས་གསོ་བཅོས་བདེན་དྲང་མ་ཡིན་པའི་བར་ཆད་སེལ་བ། མིག་སྔའི་སྨན་བཅོས་ཐོན་ཁུངས་ཆ་རྐྱེན་གང་ལེགས་ཀྱིས་སྤྱོད་པ་དང་། ནད་པ་ལ་གང་འཚམ་གྱིས་ཕན་ཐོགས་འབྱུང་བའི་སྨན་བཅོས་བདེ་ཐང་གི་ཞབས་ཞུ་སྐྲུན་པ།)

    ཚེ་གང་བོར་སློབ་སྦྱོང་བྱེད་པ། (终生学习) མུ་མཐུད་ནས་དེང་རབས་གསོ་རིག་གི་འཕེལ་ཕྱོགས་དང་བསྟུན་པ། མཚམས་མི་འཇོག་པར་གསོ་རིག་གི་ཤེས་བྱ་དང་འདུ་ཤེས་གསར་བ་ལེན་པ། ཧུར་ཐག་གིས་གསོ་བཅོས་ཀྱི་རྒྱུ་སྤུས་མཐོ་རུ་འདེགས་པ། (གསོ་བ་རིག་པའི་ཚན་རིག་རང་བཞིན་དང་གསོ་བཅོས་ལག་རྩལ་གང་འཚམ་སྒོས་བཀོལ་སྤྱོད་བྱེད་པ། ཟོལ་ཆོས་ཚན་རིག་ལ་ངོ་རྒོལ། ཡང་དག་པའི་བད་ེཐང་ཤེས་བྱ་སྤྱི་ཚོགས་སུ་སྤེལ་བར་ཧུར་ཐག་བྱེད་པ། བདེ་ཐང་སྲུང་སྐྱོང་དང་འཆམ་མཐུན་སྐུལ་འདེད་ནི་ཀྲུང་གོའི་སྨན་པ་ཞིག་གི་བླ་མེད་འགན་འཁྲི་ཡིན། ང་ཚོར་ལས་རིགས་ཀྱི་ཐད་ནས་གྲུབ་འབྲས་ཡོད་དགོས་པ་མ་ཟད། ད་དུང་ལས་རིགས་ཀྱི་བདེ་སྐྱིད་ཀྱང་ལྡན་དགོས། ང་ཚོས་དམ་བཅས་པ་འདིས་གསོ་བ་རིག་པའི་ལས་རིགས་ཀྱི་བླ་ན་མེད་པའི་དགེ་ཕྱོགས་འཛུགས་བཞེངས་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད་པ་དང་། མིའི་རིགས་ཀྱི་བདེ་ཐང་དང་དཔལ་ཡོན་སྲུང་སྐྱོང་ལ་ཁག་ཁུར་བྱེད་ཐུབ།

ས་བཅད་བཅུ་བཞི་བ།  གསོ་རིག་སློབ་མའི་དམ་ཚིག

中国医学生誓言

བདེ་ཐང་གི་རྒྱུན་སྤེལ་ས། ཚེ་སྲོག་གི་རྟེན་བཅོལ་ས།

ངའི་གོམ་པ་གསོ་རིག་གི་སློབ་གླིང་ལ་སྤོས་པའི་དུས་འདིར། ངས་གཟབ་ནན་སྒོས་དམ་བཅའ་བར་བྱ།

ངས་གསོ་བ་རིག་པའི་ཆེད་དུ་རང་སྲོག་སྐྱེས་སུ་འབུལ་བའི་རེ་འདུན་སྟོན། མེས་རྒྱལ་ལ་དགའ་བ་དང་། མི་དམངས་ལ་བློ་དཀར་བ། སྨན་པའི་དམ་ཚིག་ནན་སྲུང་བྱ། དགེ་བཀུར་ཁྲིམས་བསྲུང་། དཀའ་སྤྱད་འབད་བརྩོན་དང་ཧུར་ཐག་རྦད་ཐག ཡག་ཐོག་ཡག་བརྩེགས་ཀྱིས་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱ།

སྟོབས་ཤུགས་ཡོད་དགུ་བཏོན་ནས་མིའི་རིགས་ཀྱི་སྡུག་བསྔལ་སེལ་བ་དང་། བདེ་ཐང་ཕུན་སུམ་ཚོགས་པར་རམ་འདེགས་བྱེད་རྒྱུ། གསོ་བ་རིག་པའི་རྣམ་དག་སྲུང་སྐྱོང་དང་། སྲོག་སྐྱོབ་རྨས་སྦྱོར། དཀའ་ངལ་ཁྱད་གསོད། བློ་བརྟན་བརྩོན་ལེན་བཅས་བྱས་ནས་མེས་རྒྱལ་གྱི་སྨན་བཅོས་འཕྲོད་བསྟེན་ལས་དོན་གྱི་འཕེལ་རྒྱས་དང་མིའི་རིགས་ཀྱི་ལུས་སེམས་བདེ་ཐང་ལ་མི་ཚེ་གང་བོ་བསྟུན་རྒྱུ།

(中华人民共和国国家教委高教司[1991]106号文件)

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།