ཀྲུང་གོ་བོད་ཀྱི་དྲ་བ།

རང་ཉིད་ནི་རང་གི“སྨན་པ་ཐོག་མ”ཡིན། (གཅིག)

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-07-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཆེད་མཁས་པའི་གཏམ།    

ནད་མང་ཆེ་བ་བྱུང་མ་ཐག་ཏུ་ལུས་པོར་ནད་རྟགས་འདྲ་མིན་སྣ་ཚོགས་མངོན་པ་ཡིན་མོད། འོན་ཀྱང་མི་མང་ཆེ་བར་གསོ་རིག་གི་ཤེས་བྱ་ཞན་པ་དང་ནད་རྟགས་ཁ་ཤས་རྒྱུན་ལྡན་ཅན་ཡིན་པས། མི་རྣམས་ཀྱིས་དོ་སྣང་མི་བྱེད་པར་སྨན་བཅོས་བྱེད་དུས་ཆེས་ལེགས་པོ་དེ་ཤོར་འགྲོ་བ་རེད། དེ་བས། དུས་རྒྱུན་འཚོ་བའི་ཁྲོད་རང་ཉིད་ནི་རང་གི“སྨན་པ་ཐོག་མ”བྱེད་ཤེས་དགོས་པ་དང་ལུས་པོ་མི་བདེ་བའི་ཚོར་བ་ཡོད་སྐབས་ཐོག་མར་ཡང་དག་པའི་སྒོ་ནས་ཤེས་དགོས།

འདིར་པེ་ཅིན་དམག་ཁུལ་སྤྱི་ཁྱབ་སྨན་ཁང་སྙིང་རྩ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཧི་ཡུས་པེན་སོགས་ཆེད་མཁས་པས་ཚང་མར་རང་གི་ལུས་པོར་རང་གིས་ཞིབ་བཤེར་བྱེད་པའི་ཐབས་འགའ་རེ་མཚམས་སྦྱོར་བྱས་ཡོད།

མིག་ལྕིབས་སྐྲངས་དུས་མཁལ་མར་མཉམ་འཇོག་དགོས་པ་དང་སྐེ་མ་བདེ་ན་སྙིང་ཁམས་ལ་ཞིབ་བཤེར་བྱེད་དགོས།

དུས་རྒྱུན་དུ་དབང་པོ་ལྔའི་འགྱུར་ལྡོག་དང་མྱོང་ཚོར་ལ་དོ་སྣང་བྱེད་དགོས་པ་སྟེ།སྔ་མོ་ཡར་ལངས་དུས་མིག་ལྕིབས་སྐྲངས་པ། མིག་ལྕིབས་སྐྲངས་པའི་རྒྱུ་མཚན་འདྲ་མིན་སྣ་ཚོགས་ཡོད་དེ། མི་ཁ་ཤས་ཞོགས་པར་ཡར་ལངས་དུས་མིག་ལྕིབས་དང་ངོ་གདོང་སྐྲངས་འདུག་ལ། ཉིན་གོང་གི་རྗེས་སུ་ཞུ་འགྲོ་ཞིང་། ངལ་དུབ་ཆེ་དུས་སྐྲངས་ཚུལ་ཇེ་ལྕི་རུ་འགྲོ་བ་ཡིན་མོད། འོན་ཀྱང་ངལ་གསོ་བྱས་རྗེས་སྐྲངས་ཞུ་འགྲོ་བ་རེད། གལ་སྲིད་གཅིན་གཏོང་རྒྱུ་ཉུང་བ་དང་གཅིན་ནང་དུ་ཁྲག་འདྲེས་ཡོད་པ། ཁྲག་ཤེད་མཐོ་བ་བཅས་ཀྱི་ནད་རྟགས་ཡོད་དུས་མཁལ་ཚད་ཡོད་མེད་ལ་སེམས་ཆུང་བྱེད་དགོས། གལ་སྲིད་ལུས་པོར་ཆུ་གསོག་པའི་ནད་རྟགས་ཡོད་དུས་དུས་ཐོག་ཏུ་སྨན་ཁང་དུ་སོང་ནས་གཅིན་ལ་ཞིབ་བཤེར་བྱེད་དགོས་པ་དང་ཁྲག་ཤེད་ལ་མཉམ་འཇོག་དགོས། དེ་མིན་མཁལ་མའི་ནུས་པར་ཞིབ་བཤེར་བྱེད་དགོས། རྒྱལ་ས་གསོ་རིག་ཚན་ཁག་སློབ་ཆེན་ཞོན་ཝུའུ་སྨན་ཁང་གི་མཁལ་མ་ཁོང་ནད་ཚན་ཁག་གི་ཀྲུའུ་རེན་ཅ་ཆང་གིས་ནན་གྱིས་བསྟན་དོན། ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟ་ཁུ་ནད་ཕོག་པའི་ནད་པས་དུས་ཡུན་ཟླ་བ3དང་ཡང་ན་ལོ་ཕྱེད་ནང་དུ་གཅིན་གྱི་རྒྱུན་སྲོལ་ཞིབ་བཤེར་བྱས་ཏེ། ནད་ཕོག་པ་སྔ་མོ་ནས་ཤེས་དགོས་པ་དང་སྔ་མོ་ནས་སྨན་བཅོས་བྱེད་དགོས།

སོ་ན་བ་དང་སྐེ་ཤ་མཁྲེགས་པ། པེ་ཅིན་དམག་ཁུལ་སྤྱི་ཁྱབ་སྨན་ཁང་སྙིང་དང་ཁྲག་རྩ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཧི་ཡུས་པིན་གྱིས་གསར་འགོད་པར་བཤད་དོན། སྙིང་རྩ་ལ་ཁྲག་དང་དབྱང་དབུགས་དཀོན་དུས་སྙིང་གཟེར་ལངས་པ་དང་ཡང་ན་སྙིང་རྩ་འགག་པའི་གནས་ཚུལ་འབྱུང་སླ། སྙིང་གཟེར་ལངས་དུས་བྲང་ཁོག་གི་སྙིང་ཁམས་ན་བ་ཉུང་ཤས་ཡིན་ཏེ། མང་ཆེ་བར་སོ་རྩ་ན་བའི་གནས་ཚུལ་འབྱུང་མོད། འོན་ཀྱང་སོ་གང་ཞིག་ན་བ་གཏན་འཁེལ་བྱེད་དཀའ་བ་དང་སོ་རྙིལ་ཡང་སྐྲངས་མི་འདུག དེ་མིན་སྐེ་ཤ་མཁྲེགས་པོ་ཅན་དུ་འགྱུར་འགྲོ་བ་ཡིན། དེའི་སྣང་བ་ནི་མི་ཞིག་གི་ལག་པས་སྐེ་ཤ་དམ་པོར་བསྡམས་ཡོད་པ་དང་འདྲ། དེ་ནི་སྙིང་ཤ་ལ་ཁྲག་དཀོན་པའི་རྟགས་ཡིན། གནས་ཚུལ་དེ་གཉིས་ནི་ནད་གཞིར་བརྟག་དཔྱད་གསལ་པོ་བྱེད་དཀའ་བའི་ནད་རྟགས་ཤིག་ཡིན། ཧི་ཡུས་པིན་གྱིས་ད་དུང་བཤད་དོན། གལ་སྲིད་ངལ་དུབ་ཆེ་བ་དང་འགུལ་སྐྱོད་བྱས་རྗེས་ནད་རྟགས་དེ་དག་བྱུང་ན་དུས་ཐོག་ཏུ་སྨན་ཁང་དུ་སོང་ནས་ཞིབ་བཤེར་བྱེད་དགོས་པ་དང་། སོ་དང་ཁ་ནང་དུ་ནད་གཞི་བྱུང་མེད་པའི་ཆ་རྐྱེན་འོག་ཏུ་སྙིང་ཁམས་ལ་བརྟག་དཔྱད་བྱེད་དགོས། ལྷག་པར་ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟ་ཁུ་ནད། ཁྲག་ཚིལ་མཐོ་བ་བཅས་ཀྱི་ནད་ཕོག་པའི་ནད་པ་དང་སྐྱེས་པ་ལོ་དར་མ་ཅན་དང་རྒན་པ། ཟླ་མཚན་ཆད་སོང་བའི་བུད་མེད་དང་མི་ཚོན་པོ་ཅན། ཁྱིམ་རྒྱུད་ལ་ཏོག་དབྱིབས་ཁྲག་རྩ་སྲ་འགྱུར་གྱི་ནད་ཡོད་པའི་མི་བཅས་ཀྱིས་སྙིང་ཁམས་ལ་བརྟག་དཔྱད་བྱེད་དགོས།

མགོ་ཡུ་འཁོར་བ། མགོ་ཡུ་འཁོར་བའི་རྒྱུ་མཚན་འདྲ་མིན་སྣ་ཚོགས་ཡོད་ཅིང་། ཀྲུང་འཇར་སྨན་ཁང་དབང་རྩ་ཁོང་ནད་ཚན་ཁག་གི་ཀྲུའུ་རེན་གཞོན་པ་ལིའུ་ཙོན་ཅིན་གྱིས་ནན་གྱིས་བསྟན་དོན། མགོ་ཡུ་འཁོར་ཞོར་དུ་མིག་གསལ་པོ་མིན་པ་དང་ཁ་ལྕེ་མི་དག་པ། རྐང་ལག་སྦྲིད་པ་བཅས་ཀྱི་ནད་རྟགས་བྱུང་དུས་མང་ཆེ་བ་ཀླད་པའི་ཁྲག་རྩའི་ནད་དང་འབྲེལ་བ་ཡོད། དུས་ཐོག་ཏུ་སྨན་པར་བསྟན་ནས་སྨན་བཅོས་བྱེད་དགོས། དེ་མིན་མགོ་བོ་ཡར་མར་ལ་འཁོར་དུས་མགོ་ཡུ་འཁོར་བར་མ་ཟད། ད་དུང་སྐེ་མཛིང་དང་ཕྲག་པ་ན་དུས་ཕལ་ཆེར་སྐེ་ཚིགས་ཕྱོགས་སུ་ནད་ཡོད་པའི་རྟགས་ཡིན། ཁྲག་ཤེད་མཐོ་བའི་རྐྱེན་གྱིས་མགོ་ཡུ་འཁོར་བའི་ནད་རྟགས་ནི་ངོ་གདོང་དམར་པོར་འགྱུར་བ་དང་མགོ་ཡུ་འཁོར་བ་ཡིན། ནད་རྟགས་དེ་དག་བྱུང་དུས་མགྱོགས་མྱུར་ངང་སྨན་པར་བློ་དྲིས་ནས་སྨན་ཁ་བརྗེ་དགོས། ཉལ་ས་ནས་ཡར་ལངས་དུས་མགོ་ཡུ་ཙམ་འཁོར་བའི་ནད་རྟགས་ཡོད་དུས་རྣ་སྣ་མིད་ནད་ཚན་ཁག་ཏུ་སོང་ནས་ཞིབ་བཤེར་བྱེད་དགོས།

ཁ་དྲི་ངན་པ། ཁ་དྲི་ངན་པ་བྲོ་དུས་ཕལ་ཆེར་ཕོ་བ་དང་མཆིན་པར་ནད་བྱུང་བའི་རྟགས་ཡིན་པ་དང་། དེ་མིན་སོ་འཁོར་གཉན་ཚད་བྱུང་བའང་ཡིན།

ལྕེ་དྲེག་ནག་པོ་ཆགས་པ། རྒྱུན་ལྡན་གྱི་ལྕེ་དྲེག་གི་མདོག་ནི་དམར་པོ་ཙམ་ཡིན་པ་དང་ལྕེ་དྲེག་ཆ་སྙོམ་ཙམ་ཡིན། ལྕེ་ཡི་མདོག་རྒྱུན་ལྡན་མིན་དུས་ཆེས་རྒྱུན་མཐོང་གི་རྒྱུ་མཚན་ནི་ཟས་རིགས་དང་སྨན་རྫས་ཀྱི་རྐྱེན་གྱིས་བྱུང་བ་ཡིན། དུས་ཡུན་ཆུ་ཚོད48ཀྱི་ནང་དུ་ལྕེ་དྲེག་རྒྱུན་ལྡན་དུ་ཡོང་ཐུབ། གལ་སྲིད་ལྕེ་དྲེག་གི་མདོག་དུས་རྒྱུན་དུ་སྔོན་པོ་དང་ནག་པོ་ཡིན་དུས་ཁྲག་རྒྱུན་དང་ཁྲག་རྩ། སྙིང་ཁམས་བཅས་ཀྱི་ཕྱོགས་སུ་ཕལ་ཆེར་ནད་བྱུང་བ་ཡིན་པ་དང་ཡང་ན་དབུགས་ལམ་སྡེ་ཁོངས་ཀྱི་ནུས་པ་ཞན་པས་བྱུང་བ་ཡིན་པས། དུས་ཐོག་ཏུ་སྨན་ཁང་དུ་སོང་ནས་སྨན་པར་བསྟན་དགོས།

ངོ་གདོང་རྒྱུན་ལྡན་མིན་པ། དེའི་རྒྱུ་མཚན་ནི་གཟའ་ནད་ཕོག་པའི་ཉེན་ཁ་ལྡན་པའི་རྟགས་ཡིན། དེ་དང་ཆབས་ཅིག་ཏུ་ཁ་ངོ་སྦྲིད་པ་དང་ངག་འགགས་པ། དགོད་མི་ཐུབ་པ་སོགས་ཀྱི་ནད་རྟགས་བྱུང་དུས་སྔ་མོ་ནས་སྨན་པར་སྟོན་དུ་འགྲོ་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།