ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཐང་སྐོར་གྱི་རྒྱུན་ཤེས།(བརྒྱད།)

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ས་གནས་རང་བཞིན་གྱི་ཧྥུལ་དུག་ཕོག་པ་སྔོན་འགོག་བྱེད་དགོས།

ས་གནས་རང་བཞིན་གྱི་ཧྥུལ་དུག་ཕོག་པ་ཞེས་པ་ནི་ཧྥུལ་མང་དུ་བཀོལ་བའི་དལ་གཤིས་ནད་དུག་ཕོག་པའི་ས་གནས་རང་བཞིན་གྱི་ནད་ཅིག་ལ་ཟེར། དེས་རུས་པ་དང་སོ་གཙོར་བྱས་པའི་ལུས་ཡོངས་ཀྱི་ནད་ལ་ཤུགས་རྐྱེན་བཟོ་ངེས། སྔོན་འགོག་བྱེད་ཐབས། དོང་ཆུ་བརྐོ་བ་དང་གཙང་པོ། ཆར་ཆུ་འཁྱིལ་བའི་ཆུ་དོང་བསྐྲུན་པ་སོགས་བརྒྱུད་ནས་བཏུང་ཆུ་ལེགས་བསྒྱུར་གྱིས་ཧྥུལ་ཇེ་ཉུང་དུ་གཏོང་བ་དང་། ཧྥུལ་འདུས་ཚད་ཉུང་བའི་ཇ་ནག་འཐུང་བ་བཅས་བརྒྱུད་ནས། མིའི་ལུས་ཁམས་སུ་ཧྥུལ་གྱི་སྡུད་ཚད་ཇེ་ཉུང་དུ་གཏོང་དགོས།

མཐོ་སྒང་ལ་ཡོང་ནས་ཅང་མ་འགོར་བའི་མིས་ཡིན་གཅིག་མིན་གཉིས་དབྱང་དབུགས་རྔུབ་དགོས་དོན་མེད་དེ། སྤྱིར་ན་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3000ནས4000བར་དུ་རྫ་དུག་མ་བྱུང་ན་དབྱང་དབུགས་མ་བརྔུབས་ན་བཟང་།

མཐོ་སྒང་ལ་ཡོང་ནས་ཅང་མ་འགོར་བའི་མི་དག་ལ་དབུགས་འབྱིན་རྔུབ་དཀའ་བ་དང་མགྱོགས་པ། ཐ་ན་དབུགས་འཚང་བའམ་འཚུབ་པ་ལ་སོགས་པའི་སྣང་ཚུལ་འབྱུང་ངེས། མཐོ་སྒང་དུ་ཡོང་མ་ཐག་དབྱང་དབུགས་བརྔུབས་ནས་ལུས་གསོ་བའང་མང་པོ་འདུག དོན་དངོས་ཐོག་དབྱང་དབུགས་རྔུབ་པ་ཡིས་གནས་སྐབས་ཙམ་དུ་དབུགས་འབྱིན་རྔུབ་དཀའ་བའི་གནད་དོན་བསལ་ནས་ཇེ་བདེར་འགྲོ་ཐུབ་མོད། འོན་ཀྱང་དབྱང་དབུགས་རྔུབ་མཚམས་བཞག་རྗེས་ནད་རྟགས་ཡང་བསྐྱར་འབྱུང་སྲིད་པར་མ་ཟད། མཐོ་སྒང་ལ་འཕྲོད་ཐུབ་པའི་དུས་ཡུན་འགོར་འགྱངས་བྱས་འགྲོ་བ་ཡིན། སྤྱིར་ན་མཚོ་ངོས་ལས་སྨི3000ནས4000བར་ཡིན་ན། རྫ་དུག་བྱུང་ཚད་དེ་འདྲའི་ཚབས་ཆེན་མིན་པ་དང་། ལྷིང་འཇགས་ངང་ངལ་གསོ་དུས་ཇེ་ཡང་དུ་འགྲོ་ཐུབ་ན་དབྱང་དབུགས་མ་བརྔུབས་ན་བཟང་ཞིང་། དེ་ལྟར་བྱས་ན་ད་གཟོད་མིའི་ལུས་ཁམས་དེ་མཐོ་སྒང་གི་དབྱང་དབུགས་ཉུང་བའི་ཁོར་ཡུག་དང་མྱུར་དུ་འཕྲོད་པ་རེད།

ངལ་དུབ་ནི་མྱུར་གཤིས་རང་བཞིན་གྱི་མཐོ་སྒང་གི་ནད་སློང་བའི་རྐྱེན་ཞིག་ཡིན་པས། མཐོ་སྒང་ལ་སླེབས་མ་ཐག་ངར་ལངས་ནས་གང་སར་རྒྱུག་པ་དང་ལུས་རྩོལ་དྲག་པོ་བྱེད་མི་རུང་།

མཐོ་སྒང་ལ་ཡོང་བའི་ཐོག་མའི་ཉིན3ནས4ཡི་བར་ལ། འགུལ་སྐྱོད་ཀྱི་ཚད་ཇེ་ཆུང་དང་བྱ་བའི་ཚད་ཇེ་ཡང་དུ་གཏོང་དགོས། ན་གཞོན་རྣམས་ཀྱིས་ཀྱང་མཉམ་འཇོག་དགོས་ཏེ། མཐོ་སྒང་གི་གློ་བ་ཆུ་སྐྲངས་ནི་མཐོ་སྒང་དུ་ཡོང་མ་ཐག་ལུས་སྦྱོང་དྲག་པོ་བྱས་པའི་ན་གཞོན་རྣམས་ལ་འབྱུང་སླ་བ་ཞིག་ཡིན། བྱིས་པ་རྣམས་སྤྲོ་ངར་ཆེ་བ་དང་། རང་ཚོད་གཅུན་པའི་ནུས་པ་མེད་པས། ཁོ་ཚོའི་ཕ་མའམ་ཡང་ན་ལྟ་སྐྱོང་པས་ཚོད་འཛིན་བྱེད་དགོས། འགུལ་སྐྱོད་དྲག་པོ་དང་སྤྲོ་ངར་ཆེ་དྲགས་ན་མྱུར་གཤིས་མཐོ་སྒང་གི་ནད་འབྱུང་ངེས། རིར་འགོ་བའི་བྱ་འགུལ་ཁྲོད་ཞུགས་དུས་ཡིད་ལ་དམ་པོར་འཛིན་དགོས་པ་ཞིག་ནི། འགོ་ཚད་མགྱོགས་མི་རུང་ལ་མཐོ་ཡང་མི་རུང་། ཉིན་རེར་མཐོ་སར་འགོས་པའི་ཚད་སྨི300ལས་བརྒལ་མི་རུང་།

སྨན་རྫས་གང་ལའང་སྨན་དུག་ཡོད། ཚོང་སྒྲོམ་སྨན་གྱི་འཐུང་ཡུན་རིང་བ་དང་མང་དྲགས་ན་མཇུག་འབྲས་མི་ལེགས་པ་འབྱུང་། དེ་བས་སྨན་བསྟེན་པའི་བརྒྱུད་རིམ་ཁྲོད་མི་བདེ་བའི་ཚོར་སྣང་བྱུང་ན་དུས་ཐོག་ཏུ་སྨན་པར་བློ་འདྲི་དགོས།

སྨན་རྫས་ཀྱིས་མིའི་ལུས་ཕུང་བདེ་ཚད་ཇེ་ལེགས་དང་ནད་ཀྱི་འབྱུང་གཞི་བཀག་ནས། ནད་རིགས་གསོ་བཅོས་བྱེད་ཐུབ་མོད། འོན་ཀྱང་བྱ་དངོས་གང་ལའང་དགེ་སྐྱོན་གཉིས་ཀ་ལྡན་པས། སྨན་རྫས་ཀྱིས་བདེ་ཐང་ལ་ཕན་ནུས་འདོན་པའི་དུས་མཚུངས་སུ། ལུས་ལ་གནོད་པའི་ཞོར་སྐྱོན་ཡང་འབྱུང་ངེས། དེ་བས་བདེ་ཐང་ཡིན་པ་དང་། ཕན་ནུས་ལྡན་པ། འོས་འཚམ་ཡིན་པ། འགྲོ་གྲོན་ཆུང་བ་བཅས་ཀྱི་སྒོ་ནས་སྨན་རྫས་སྤྱོད་འདོད་ན། ཆེས་སྟབས་བདེ་དང་ཆེས་བཟང་བའི་ཐབས་ཤིག་ཡོད་པ་ནི་སྨན་པའི་ངག་བཞིན་སྨན་བསྟེན་པ་དེ་ལས་མ་འདས། སྨན་གང་འདོད་ལ་བསྟེན་ན་ལུས་ཕུང་ལ་གནོད་ཅིང་ཐ་ན་མཇུག་འབྲས་ཚབས་ཆེན་ཡང་བཟོ་སྲིད།

རྒྱུན་མཐོང་གི་ཉེན་ཁའི་མཚོན་རྟགས་ཏེ། དཔེར་ན་མཐོ་གནོན་གློག་དང་། འབར་སླ་བ། འགད་སླ་བ། དུག་ཤེད་ཆེ་བ། འགྱེད་འཕྲོ་རང་བཞིན། སྐྱེ་དངོས་བདེ་འཇགས་སོགས་ལ་ལྟ་ཤེས་ཤིང་། ཉེན་ཁ་ཅན་གྱི་དངོས་པོར་རྒྱང་བཀྱེད་བྱེད་དགོས།

མཐོ་གནོན་གློག འབར་སླ་བ། འགད་སླ་བ། དུག་ཤེད་ཆེ་བ། འགྱེད་འཕྲོ་རང་བཞིན། སྐྱེ་དངོས་བདེ་འཇགས་བཅས་ཀྱི་རྟགས་དེ་དག་མཐོང་དུས་ཉེན་ཁ་ཆེ་བས་གཟབ་གཟབ་བྱེད་དགོས། རབ་ཡིན་ན་ཉེན་ཁ་ཅན་གྱི་དངོས་རྫས་དེ་དག་དང་རྒྱང་བཀྱེད་བྱེད་དགོས། ཉེན་ཁའི་མཚོན་རྟགས་ཀྱི་ངོ་ཤེས་པ་ནི་རང་ཉིད་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་གནད་འགག་ཡིན། ཉེན་ཁའི་མཚོན་རྟགས་བཀོལ་སྤྱོད་བྱེད་པའི་དམིགས་ཡུལ་ནི། མི་རྣམས་ལ་ནམ་ཡིན་ཡང་རང་གི་ཁོར་ཡུག་གི་བདེ་འཇགས་ལ་དོ་སྣང་བྱེད་ཅིང་ཉེན་ཁ་བཀག་འགོག་བྱས་ཏེ་བདེ་འཇགས་སྲུང་སྐྱོབ་ཀྱི་ནུས་པ་ཐོན་དུ་འཇུག་དགོས།

ཟས་རིགས་དང་སྨན་རྫས། ཁམས་གསོ་ཐོན་རྫས་ཀྱི་ཚོང་རྟགས་དང་གསལ་བཤད་ཡི་གེར་གོ་བ་ལོན་དགོས།

ནད་ནི་ཁ་ནས་འབྱུང་བ་ཡིན་པས། ཟས་རིགས་ཉོ་དུས་དེའི་ཚོང་རྟགས་ལ་ལྟ་ཡག་བྱེད་དགོས།

ཟས་རིགས་ཚོང་རྟགས་ཀྱིི་གྲུབ་ཆ་ཆེ་ཤོས་དྲུག་ནི།

ནར་དབྱིབས་གྲངས་སྟར། འདུས་ཚད་སྨར་པོ། ཟས་རིགས་ཀྱི་མིང་དང་སྡེབ་ཁ། ཐོན་སྐྱེད་དུས་ཚོད། ཉར་ཚགས་དུས་ཡུན། ཐོན་སྐྱེད་ཀུང་སི།འཚོ་བཅུད་ཀྱི་རྒྱུ་བཅས་སོ། །

སྨན་རྫས་ཚོང་རྟགས་སམ་ཡང་ན་གསལ་བཤད་ཡི་གེའི་སྟེང་ངེས་པར་འགོད་དགོས་པའི་དོན་ཚན་ནི། སྨན་རྫས་ཀྱི་མིང་དང་། གྲུབ་ཆ། ཚད་གཞི། ཐོན་སྐྱེད་ཁེ་ལས། ཆོག་མཆན་ཐོབ་པའི་ཡིག་རིགས། ཐོན་རྫས་ཀྱི་ཨང་རྟགས། ཐོན་སྐྱེད་དུས་ཚོད། ཉར་ཚགས་དུས་ཡུན། འཕྲོད་མཐུན་གྱི་ནད་རིགས་སམ་ཕན་ནུས། བསྟེན་ཐབས། བསྟེན་ཚད། མཉམ་འཇོག་དགོས་པའི་ནད་རིགས། སྨན་དུག་སྐོར། མཉམ་འཇོག་བྱ་ཡུལ་བཅས་ཡིན།

2012ལོར། རང་རྒྱལ་གྱི་སྨན་རྫས་ལྟ་སྐུལ་ཅུས་ལ་སྨན་རྫས་ཀྱི་འགྱུར་འབྱུང་མི་ལེགས་པའི་སྙན་ཞུ་ཁྱོན་བསྡོམས་ཁྲི120ལྷག་འབྱོར་ཡོད། དེ་དག་ལས་ནད་པས་སྨན་བསྟེན་ཐབས་འོས་འཚམ་མ་ཡིན་པ་དང་གསལ་བཤད་ཡི་གེ་ཞིབ་མོར་མ་བལྟས་པ་སོགས་ནི་རྒྱུ་རྐྱེན་གཙོ་བོ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།