ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཐང་སྐོར་གྱི་རྒྱུན་ཤེས། (དྲུག)

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཐུམ་འབུའི་ནད་ཀྱི་སྔོན་འགོག

ཐུམ་འབུའི་ནད་ནི་མི་ཟོག་གཉིས་ལ་འབྱུང་བའི་དལ་གཤིས་ཀྱི་གཞན་བརྟེན་སྲིན་འབུའི་ནད་དང་འགོས་ནད་ཅིག་རེད། ཁྱི་ནི་ཐུམ་འབུའི་ནད་ཀྱི་འབྱུང་རྩ་གཙོ་བོ་ཞིག་ཡིན། མི་རྣམས་ཁྱི་དང་རྩེད་མོ་རྩེད་པའམ་ཡང་ན་ཁྱི་སྐྱག་གིས་བཙོག་པོར་བསྒྱུར་བའི་ཆུ་དང་ཟ་མ་ཟོས་རྗེས་མི་ལ་ཐུམ་འབུའི་ནད་འགོས་པ་ཡིན། གཞན་བརྟེན་སྲིན་འབུ་དེ་གཙོ་བོ་མཆིན་པ་དང་། དེའི་འཕྲོར་གློ་བ་དང་ཀླད་པ་སོགས་ཀྱི་སྟེང་ལ་ཁྱབ་པ་ཡིན། ཆེས་མང་དུ་འབྱུང་བ་ནི་མཆིན་པའི་ཐུམ་འབུའི་ནད་ཡིན་ཞིང་། དེར་ཚ་རྒྱག་པ་དང་། མཆིན་པར་ན་ཟུག་སྐྱེས་པ། གསུས་ཁོག་སྟོད་སྐྲངས་པ། ན་ཟུག་མེད་པའམ་ཡང་ན་ཅུང་ཙམ་ན་བ། སྐྲངས་པ་བརྡོལ་སླ་བ་དང་བསྟུད་མར་འགོས་པ་སོགས་ཀྱི་ནད་རྟགས་ཡོད། སྔོན་འགོག་བྱེད་ཐབས་ཏེ། ཁྱི་ལ་དོ་དམ་ལེགས་པོ་བྱས་ནས་ཁྱིའི་འབུ་གསོད་པའི་སྨན་བཅོས་ལེགས་པོ་སྤེལ་བ། ཟོག་བཤའ་དུས་ཟོག་གི་ནང་ཁྲོལ་འོས་འཚམ་གྱིས་དོ་དམ་བྱ་བ། ཐུམ་འབུའི་ནད་བྱུང་ཡོད་པའི་ཉེན་ཁ་ཆེ་བའི་མི་ཚོགས་ལ་དུས་ངེས་གཏན་སྒོས་བརྟག་ཞིབ་བྱས་ཏེ། སྔ་མོ་ནས་ཤེས་རྟོགས་དང་སྔ་མོ་ནས་སྨན་བཅོས་བྱ་དགོས།

ལིང་གྲིབ་སྔོན་འགོག་བྱ་དགོས།

ལིང་གྲིབ་ནི་ནམ་རྒྱུན་འཚོ་བའི་ཁྲོད་ཀྱི་རྒྱུན་མཐོང་གི་ནད་རིགས་ཤིག་སྟེ། དེའི་འབྱུང་རྐྱེན་གང་ཡིན་པ་ད་རུང་གསལ་ཐག་ཆོད་མེད་ཀྱང་། སྨུག་ཕྱིའི་འོད་དང་། རླབས་ཕྲན། དམར་ཕྱིའི་འོད། གློག་གྱེས་སོགས་གློག་སྡུད་ལེན་རང་བཞིན་གྱི་རྩིབས་འཕྲོས་གནོད་ཅིང་། དེ་ལས་གཞན་རྒྱུད་འདེད་དང་ཁོར་ཡུག་ཏུ་དབྱང་དབུགས་ཉུང་བ། འཚོ་བཅུད་ཀྱི་རྒྱུ་དང་གཞི་རྒྱུ་ཕྲ་མོ་མི་འདང་བ་སོགས་ཀྱང་ལིང་གྲིབ་ཀྱི་འབྱུང་རྐྱེན་གཙོ་བོར་འགྱུར། ལོ་ན་རྒན་པའི་ལིང་གྲིབ་ནི་མིག་གཉིས་ལ་སྔ་རྗེས་སུ་འབྱུང་ཞིང་། དེར་གཙོ་བོ་མིག་རབ་རིབ་ཡིན་པ་དང་། གཟུགས་མཐོང་མང་བའི་རྟགས་ཡོད་པར་མ་ཟད། ཐ་ན་མིག་ལོང་བར་འགྱུར་ཡང་སྲིད།

(1)སྨུག་ཕྱིའི་འོད་དང་དམར་ཕྱིའི་འོད། གློག་སྡུད་རྩིབས་འཕྲོ་སོགས་དང་རྒྱང་དུ་བཀྱེད་དེ། གང་ནུས་སྒོས་ཉི་འོད་འོག་ལས་ཀ་སོགས་ལས་དུས་ཙད་འགོག་མིག་ཤེལ་དང་ཉི་འགོག་ཞྭ་མོ་གོན་དགོས།

(2)ལིང་གྲིབ་སློང་བྱེད་ཀྱི་ནད་དེ། དཔེར་ན་ཁྲག་ཤེད་རྒྱས་པའི་ནད་དང་། གཅིན་སྙི་ཟ་ཁུའི་ནད། ཚིལ་མཐོ་ཁྲག་ནད། གློ་སྙིང་བསྡོངས་པའི་ནད་སོགས་ཡོད་ན་ཧུར་ཐག་གིས་སྨན་བཅོས་བྱ་དགོས།

(3)དུས་ཡུན་རིང་པོར་དཔེ་ཆ་དང་བརྙན་འཕྲིན་སོགས་ལ་བལྟས་ཏེ་མིག་ཚེགས་ཆེ་མི་རུང་།

(4)སིལ་ཏོག་དང་སྔོ་ཚོད་མང་དུ་བཟའ་བ་དང་། སྐོམ་ཆུ་ཚོད་འཛིན་བྱེད་པ། དུ་བ་སྤང་བ། ཆང་ཉུང་ཙམ་བཏུང་བ། དེ་མིན་ཏི་ཚྭ་དང་ཞི་སོགས་གཞི་རྒྱུ་ཕྲ་མོའི་རིགས་འདུས་པའི་ཟས་ཏེ། དཔེར་ན་ཤ་སྣག་དང་། མཚོ་འབུ་ཤཱ་མིག འོ་མ། བ་དམ། ལ་སེར་སོགས་མང་དུ་བཟའ་བ།

(5)མིག་མི་བདེ་བའམ་ཁྱིམ་རྒྱུད་ལ་ལིང་གྲིབ་ཀྱི་ནད་ཡོད་ན། དུས་ཐོག་ཏུའམ་ཡང་ན་དུས་བཅད་ལྟར་སྨན་ཁང་དུ་སོང་ནས་བརྟག་ཞིབ་ཀྱིས་སྔ་མོ་ནས་ཤེས་རྟོགས་དང་སྔ་མོ་ནས་སྨན་བཅོས་བྱ་དགོས།

པུ་ལུའུ་ཧྲའི་ནད་འབུའི་སྔོན་འགོག

པུ་ལུའུ་ཧྲའི་ནད་འབུ(པུ་ནད་ཅེས་བསྡུས་ཡོད)ནི་པུ་ལུའུ་ཧྲའི་ནད་འབུས་བསླངས་པའི་མི་ཟོག་གཉིས་ལ་འབྱུང་བའི་མྱུར་གཤིས་དང་དལ་གཤིས་རང་བཞིན་གྱི་འགོས་ནད་ཅིག་རེད། མི་རྣམས་ཀྱིས་ནད་འགོས་པའི་ཕྱུགས་ཟོག་ལ་ཐུག་པའམ་ཡང་ན་ནད་འགོས་པའི་འོ་མ་དང་འོ་བཟོས་ཐོན་རྫས་ཟོས་པ་ལས་འགོད་མཆེད་འབྱུང་། ནད་པ་མང་ཆེ་བར་འཕྲལ་དུ་འགོ་བ་དང་། གཙོ་བོ་གཟའ་འཁོར2ནས3ལ་ཚ་རྒྱག་པ་དང་། དེའི་མཚུངས་སུ་རྔུལ་ཆུ་བཞུར་བ། མགོ་ན་བ། ལུས་ཟུངས་ཞན་པ། འཁྱམས་རྒྱུ་རང་བཞིན་གྱི་རུས་ཚིགས་ན་བ(གཙོ་བོ་ཚིགས་ཆེན་ཡིན)སོགས་ཀྱི་ནད་རྟགས་འབྱུང་།

སྔོན་འགོག་བྱེད་ཐབས། གཙང་སྦྲའི་ཐད་ཀྱི་སྲོལ་ངན་འདོར་བ། ནད་ཡམས་བརྟག་ཞིབ་མ་བྱས་པའི་ཤའི་རིགས་མི་ཉོ་བ་དང་མི་བཟའ་བ། ཤའི་རིགས་ངེས་པར་བཙོས་ནས་ཚོས་རྗེས་བཟའ་བ། རི་སྐྱེས་སྲོག་ཆགས་མི་རྔོན་པ། སྒོ་ཟོག་དང་དེའི་ཐོན་རྫས་ལ་ཐུག་དུས་མི་སྒེར་གྱི་འགོག་སྲུང་ལེགས་པོར་བསྒྲུབ་པ། པུ་ནད་འགོས་ཡོད་པའི་ནད་པར་དུས་ཐོག་ཏུ་ཆ་ཚང་ཅན་གྱི་སྨན་བཅོས་བྱེད་དགོས།

བྱི་རིམས་སྔོན་འགོག

བྱི་རིམས་ནི་བྱི་རིམས་ནད་སྲིན་གྱིས་བསླངས་པའི་མི་ཟོག་གཉིས་ཀར་འབྱུང་བའི་འགོས་ནད་དྲག་པོ་ཞིག་རེད། ནད་འགོ་བའི་གཞི་ནི་གཙོ་བོ་སོ་མི་བརྗེ་བའི་རིགས་ཀྱི་སྲོག་ཆགས(འཕྱི་བ་དང་བྱི་བའི་རིགས་སྣ་ཚོགས)ཡིན་ཞིང་། རིམས་དེའི་འགོ་ཐབས་ནི་ལྗི་བས་སོ་བཏབ་པ་དང་རིམས་ནད་འགོས་པའི་ནད་པ(ཡང་ན་བེམ་པོ)ལ་ཐུག་པ། རིམས་ནད་འགོས་པའི་འཕྱི་བ་དང་རི་སྐྱེས་སྲོག་ཆགས་གཞན་དག་གི་པགས་པ་བཤུས་པ་དང་ཤ་ཟོས་པ་བཅས་ལས་བྱི་རིམས་མཆེད་པ་ཡིན།

བྱི་རིམས་སྔོན་འགོག་གི་ཡར་ཞུ་གསུམ་དང་མི་བསྒྲུབ་པ་གསུམ་གྱི་ལམ་ལུགས།

ཡར་ཞུ་གསུམ། ནད་འགོས་པའི་མི་དང་། ནད་འགོས་པའི(ཤི་བའི)འཕྱི་བ་དང་ནད་འགོས་པའི(ཤི་བའི)སྲོག་ཆགས་གཞན་དག་རིག་ན་ཡར་ཞུ་བྱེད་པ་དང་། བྱི་རིམས་འགོས་པ་འདྲ་བའི་ནད་པ་མཐོང་ན་ཡར་ཞུ་བྱེད་པ། རྒྱུ་རྐྱེན་གང་ཡིན་མི་ཤེས་པར་ཚ་དྲག་པོ་རྒྱག་པ་དང་གློ་བུར་དུ་ཤི་བའི་ནད་པ་རིག་ན་ཡར་ཞུ་བྱེད་པ་བཅས་སོ། །

མི་བསྒྲུབ་པ་གསུམ་ནི། གང་འདོད་དུ་རིམས་ནད་ཀྱི་འབྱུང་གཞི་རུ་གྱུར་པའི་ས་ཆ་ནས་སྲོག་ཆགས་མི་རྔོན་པ། རིམས་ནད་ཀྱི་འབྱུང་གཞི་རུ་གྱུར་པའི་ས་ཆ་ནས་སྲོག་ཆགས་ཀྱི་པགས་པ་མི་བཤུ་བ་དང་ཤ་ཟ་བ་སོགས་མི་བྱེད་པ། རིམས་ནད་འབྱུང་གཞི་རུ་གྱུར་པའི་ས་ཆ་ནས་ས་དེའི་སྲོག་ཆགས་དང་དེའི་ཐོན་རྫས་ཁྱེར་ནས་ཡུལ་གཞན་ལ་མི་འགྲོ་བ།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།