ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཐང་སྐོར་གྱི་རྒྱུན་ཤེས།(ལྔ།)

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ནད་ཕོག་དུས་མགྱོགས་མྱུར་ངང་སྨན་ཁང་དུ་སོང་ནས་ནད་ལ་བརྟག་དཔྱད་བྱེད་དགོས་པ་དང་སྨན་པའི་སྨན་བཅོས་འཆར་གཞིར་བརྩི་སྲུང་བྱེད་དགོས།

ནད་ཕོག་དུས་མགྱོགས་མྱུར་ངང་སྨན་ཁང་དུ་སོང་ནས་ནད་ལ་བརྟག་དཔྱད་བྱས་ཏེ་སྔ་མོ་ནས་སྨན་བཅོས་བྱེད་དགོས། སྨན་བཅོས་བྱེད་པའི་དུས་སྐབས་ཆེས་བཟང་པོ་སྔ་མོ་ནས་དམ་འཛིན་བྱེད་དགོས། དེ་ལྟར་བྱས་ན་ནད་ཕོག་པའི་གནོད་པ་ཇེ་ཡང་དུ་གཏོང་ཐུབ་པར་མ་ཟད། ད་དུང་ནད་སྟོན་པའི་འགྲོ་སྒོ་གྲོན་ཆུང་བྱེད་ཐུབ། སྨན་བཅོས་བྱེད་སྐབས་དང་ལུས་ཟུངས་གསོ་བའི་དུས་སུ་ངེས་པར་སྨན་པའི་སྨན་བཅོས་འཆར་གཞི་ལྟར་ཧུར་བརྩོན་གྱིས་སྨན་བཅོས་བྱེད་དགོས། ཕྱོགས་འགའ་ནས་སྨན་པ་འགའ་རེ་འཚོལ་བ་དང་འཆར་གཞི་འགའ་ལ་བརྟེན་ནས་སྨན་བཅོས་བྱེད་པ་སོགས་གཏན་ནས་བྱེད་མི་རུང་། ལྷག་པར་མི་ཤེས་ཤེས་ཁུལ་གྱིས་རང་གིས་སྨན་ཉོས་ནས་སྨན་བཅོས་བྱེད་མི་རུང་།

སྦྲུམ་མས་མ་མཐའ་ཡང་མངལ་མ་སྦྲུམ་གོང་གི་གཟའ་འཁོར་བཞི་ཙམ་ནས་འཚོ་བཅུད་ཁ་སྣོན་བྱ་དགོས།

སྦྲུམ་མའི་འཚོ་བཅུད་ཀྱིས་མངལ་གནས་ཕྲུ་གུའི་སྐྱེ་འཕེལ་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱིན་ཡོད་པར་མ་ཟད། མངལ་གནས་ཕྲུ་གུའི་ཀླད་པའི་ཕྲ་ཕུང་གི་སྐྱེ་འཕེལ་དང་མ་འོངས་པའི་རིག་སྟོབས་རྒྱས་པར་ནུས་པ་གལ་ཆེན་འདོན་བཞིན་ཡོད། མངལ་ཆགས་ནས་ཟླ3གྱི་ནང་སྦྲུམ་མའི་དགའ་ཞེན་དང་མཐུན་ཞིང་། ཞུ་སླ་བ། བྲོ་བ་སྙོམས་པ། འཚོ་བཅུད་མང་བའི་ཟས་རིགས་མང་དུ་བཟའ་བ་ལས་ཁ་འདེམ་ཆེ་མི་རུང་། མངལ་ཆགས་ནས་ཟླ4ནས6ལོན་དུས་ཟས་རིགས་ཀྱི་གཞི་རྩའི་འཚོ་བཅུད་འོས་འཚམ་གྱིས་བསྡེབ་དགོས་ཏེ། དཔེར་ན་བྱ་ཤ་དང་ཉ་ཤ། ཤ་སྣག སྒོ་ངའི་རིགས། འོ་མ། སྲོག་ཆགས་ཀྱི་ནང་ཁྲོལ་དང་། སྐྱེ་དངོས་རང་བཞིན་གྱི་ཟས་རིགས་ཏེ་དཔེར་ན་འབྲུ་རིགས་དང་སིལ་ཏོག སྔོ་ཚལ། ཤིང་ཏོག དེ་མིན་མཚོ་སྐྱེས་སྐྱེ་དངོས་སོགས་བཟའ་དགོས། མངལ་ཆགས་ནས་ཟླ7ནས10ལོན་དུས་གོང་གི་འཚོ་བཅུད་དེ་དག་ལས་གཞན་སྤྲི་དཀར་དང་། ཀལ། ལྕགས། ཏི་ཚྭ་སོགས་གཞི་རྒྱུ་ཕྲ་མོའི་རིགས་ཁ་སྣོན་དགོས་པར་མ་ཟད་མངར་ཆ་དང་སིང་ཕྱེ། ཚིལ་གྱི་རིགས་སོགས་ཚོད་འཛིན་བྱ་དགོས།

འདབ་སྐྱུར་བསྟེན་ནས་མངལ་གནས་ཕྲུ་གུའི་དབང་རྩའི་སྐྱོན་དང་ཡ་མ་གཟུགས་སུ་འགྱུར་བ་སྔོན་འགོག་བྱེད་དགོས།

སྨན་པ། ང་ལ་མངལ་ཆགས་ཡོད་པ་འདིའི་སྔོན་ཏག་ཏག་ལ་ཤེས་པ་ཡིན་པས། ད་ནས་བཟུང་འདབ་སྐྱུར་བཏུངས་ན་ཆོག་གམ།

ལོས་ཆོག ད་ནས་བཟུང་ཟླ3ལོན་པའི་བར་དུ་བསྟེན་དགོས།

འདབ་སྐྱུར་ནི་ཆུར་ཞུ་རང་བཞིན་གྱི་འཚོ་བཅུད་དང་། མིའི་ལུས་པོར་ཉེར་མཁོའི་འཚོ་བཅུད་ཀྱི་རྒྱུ་ཡིན་པས། སྐྱེས་མ་རྣམས་ཀྱིས་མངལ་མ་ཆགས་པའི་སྔོན་གྱི་ཟླ3ནས་བཟུང་ཉིན་རེར་འདབ་སྐྱུར་ཧའི་ཁེ0.4རེ་ལྟར། མངལ་ཆགས་ནས་ཟླ3ལོན་པའི་བར་དུ་བཏུངས་ཏེ། མངལ་གནས་ཕྲུ་གུའི་དབང་རྩའི་སྐྱོན་དང་ཡ་མ་གཟུགས་སྔོན་འགོག་བྱ་དགོས།

མིག་སྔར་རང་རྒྱལ་གྱི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ལས་གཞི་ལས་མངལ་ཆགས་གྲབས་བྱེད་པའི་སྐྱེས་མ་དང་། སྦྲུམ་མ་རྣམས་ལ་རིན་མི་ལེན་པར་འདབ་སྐྱུར་འདོན་སྤྲོད་བྱེད་ཀྱིན་ཡོད་པས། ཡུལ་དེ་གའི་སྐྱེས་མ་དང་ཕྲུ་གུའི་བདེ་སྲུང་ལས་ཁུངས་སུ་སོང་ནས་བློ་འདྲི་དང་འདབ་སྐྱུར་བླངས་ཆོག

ཕྲུ་གུ་དམར་འབྱར་གྱི་བདག་སྐྱོང་།

ཕྲུ་གུ་དམར་འབྱར་གྱི་འཚོ་གནས་ཁོར་ཡུག་ཆེས་ལེགས་པོ་ནི། ཁང་པ་ཉི་མར་གཏད་ཅིང་། མཁའ་དབུགས་གསར་པ་དང་ཁང་པའི་ནང་གཙང་མ་ཡིན་དགོས། དྲོད་ཚད23གྱི་ཡན་ཡིན་ན་འཚམ། ཕྲུ་གུ་དམར་འབྱར་གྱི་ལུས་དྲོད་སྲུང་ཐབས་ནི། སྟབས་བདེ་བའི་བྱེད་ཐབས་ནི་ཆུ་ཚའི་འགྱིག་རྐྱལ་དེ་རས་སྲབ་བུས་བཏུམས་རྗེས་ཕྲུ་གུའི་གམ་དུ་འཇོག་པ་དེ་ཡིན། འོན་ཀྱང་ཕྲུ་གུ་དམར་འབྱར་གྱི་ཁྲུས་བྱེད་ཐབས་ནི།

ཕྲུ་གུ་སྐྱེས་པའི་ཉིན་གཉིས་པ་ནས་བཟུང་ཕྲུ་གུར་ཁྲུས་བྱ་ཆོག་ལ། ཁྲུས་བྱེད་དུས་ཁང་པའི་ནང་གི་དྲོད་ཚད་ཏུའུ23ནས26ཡིན་དགོས་པ་དང་། ཆུའི་དྲོད་ཚད་ཏུའུ37ནས38ཡིན་ན་འཚམ། ཆུ་རྣ་ཁུང་ནང་དུ་འགྲོ་རུ་འཇུག་མི་རུང་བ་དང་། ལྟེ་བའང་རློན་པ་བྱེད་མི་རུང་།

མྱུར་སྐྱོབ་སྨན་བཅོས་མཁོ་དུས120ལ་ཁ་པར་གཏོང་བ་དང་། བདེ་ཐང་གི་བློ་འདྲིའི་ཞབས་ཞུ་མཁོ་དུས12320ལ་ཁ་པར་རྒྱག་དགོས།

ཨ་རོགས། 120ཡིན་ནམ། འདི་ནས་ནད་པ་ཞིག་མྱུར་སྐྱོབ་བྱ་དགོས་འདུག

ནད་པ་ག་ཚོད་ཡོད་དམ།ས་གནས་གང་ཡིན་ནམ།ཁྱེད་ཀྱིས་འབྲེལ་གཏུག་བྱ་ཡུལ་ཤོད་དང་།མིག་སྔར་རྒྱལ་ཡོངས་ཀྱི་ཞིང་ཆེན་མང་ཆེ་ཤས་སུ་འཕྲོད་བསྟེན་ཞབས་ཞུའི་ཁ་པར་ཏེ12320བཙུགས་ཡོད། དེར་བརྒྱུད་ནས་ནད་པར་སྨན་བསྟེན་གྱི་མཛུབ་སྟོན་དང་། བློ་འདྲི། སྨན་བཅོས་དུས་བཅད། ཐེར་འདོན། ཞུ་གཏུག བསམ་འཆར་འདོན་པ། བསྟོད་བསྔགས་བྱེད་པ། དུ་བ་སྤང་བའི་ཐེ་གཏོགས། སེམས་ཁམས་ཀྱི་བློ་འདྲི་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱ་ངེས།

མཐོ་སྒང་གི་སྨུག་ཕྱིའི་འོད་ཀྱི་མིག་སྐྱིའི་གཉན་ཚད(གངས་ལོང)སྔོན་འགོག་བྱ་དགོས།

གངས་ལོང་ཞེས་པ་ནི་མཐོ་སྒང་གི་སྨུག་ཕྱིའི་འོད་བཙན་པས། མཐོ་སྒང་དུ་ཁངས་དང་འཁྱགས་རོམ་ནང་ལས་ཀ་སྒྲུབ་དུས། མིག་སྐྱི་དང་མིག་ལྕིབས་ནང་ལྕི་ལ་ཁངས་ངོས་ནས་འཕྲོས་པའི་སྨུག་ཕྱིའི་འོད་ཕོག་པར་བརྟེན་མྱུར་གཤིས་ཀྱི་མིག་སྐྱིའི་གཉན་ཚད་དང་མིག་ལྕིབས་དང་ནང་ལྕིའི་གཉན་ཚད་འབྱུང་བ་དེར་ཟེར། ཐོག་མར་འབྱུང་དུས་མིག་ནང་དུ་བྱེ་རྡུལ་འཚུབ་པའི་ཚོར་བ་སྟེར་བ་དང་། ཚབས་ཆུང་ན་ན་ཟུག་དང་འོད་ལ་བལྟ་མི་ཐུབ་པ། མིག་ཆུ་བཞུར་བ། མིག་རབ་རིབ་ཏུ་འགྱུར་བ་སོགས་ཀྱི་སྣང་ཚུལ་འབྱུང་ཞིང་། ཚབས་ཆེ་ན་མིག་ཟུང་ལ་ན་ཟུག་དྲག་པོ་སྐྱེས་པ་དང་། མིག་ལྕིབས་རེངས་འཁུམ་དུ་འགྱུར་བ། མིག་ཤེད་ཉམས་པ་སོགས་ཀྱི་སྣང་ཚུལ་འབྱུང་། དེ་དང་དེའི་མཚུངས་སུ་མིག་ལྕིབས་ནང་སྐྱི་རུ་ཁྲག་རྒྱས་པ་དང་དམུ་སྐྲངས་འབྱུང་བའི་ཁར། འབྱར་ཁུ་ཅན་གྱི་ཟགས་རྫས་བཞུར་བ་ཡིན། ཉི་སྒྲིབ་མིག་ཤེལ་དང་མིག་ཤེལ་ནག་པོ་གོན་པ་ནི་གངས་ལོང་སྔོན་འགོག་བྱེད་པའི་ཐབས་ལེགས་པོ་ཞིག་ཡིན། གནམ་འཐིབས་པའི་དུས་སུའང་གོན་དགོས་ལ། ཡང་ན་དངོས་རྫས་གཞན་པ་སྟེ། དཔེར་ན་ལག་ཕྱིས་དང་ཤེལ་མདོག་ལྡན། ཞྭ་འདབས་སོགས་ཀྱིས་མིག་ཟུང་སྲུང་སྐྱོབ་བྱས་ན། སྨུག་ཕྱིའི་འོད་ཀྱི་ལྡོག་འཕྲོའི་གནོད་པ་ཇེ་ཆུང་དུ་གཏོང་ཐུབ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།