ཀྲུང་གོ་བོད་ཀྱི་དྲ་བ།

​ས་ནད་སྐོར་གྱི་ཤེས་བྱ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ས་ནད་ཅེས་པ་དེ་བཟོ་ལས་དང་ཞིང་ལས་འཕེལ་རྒྱས་ཆེ་བའི་ས་ཁུལ་དུ་མཐོང་དཀོན་པ་ཞིག་ཡིན། ཡིན་ནའང་འབྲོག་ལས་ཐོན་སྐྱེད་གཙོ་བོ་འཛིན་པའི་ས་མཐོའི་ས་ཁུལ་དུ་སྐབས་རེ་ཐོན་པ་དང་། དེར་བརྟེན་ས་ནད་སྔོན་འགོག་ལ་ཤུགས་སྣོན་རྒྱག་རྒྱུ་ནི་དགོས་ངེས་ཤིག་རེད། ནད་དེས་ནད་དབྱུག་སྲིན་ལས་བྱུང་བའི་མི་ཕྱུགས་གཉིས་འགོ་སྲིད་པའི་དོས་དྲག་རང་བཞིན་དང་། ཚ་བའི་རང་བཞིན། ཟུངས་ཁྲག་ཉམས་པའི་རང་བཞིན་གྱི་འགོས་ནད་ཅིག་ཡིན་པས། མིར་ནད་དེ་ཕོག་པའི་ཕྱུགས་ཟོག་གམ་ཕྱུགས་ཟོག་གི་ཐོན་རྫས་ལས་འགོས་པའམ་ནད་དེ་ཕོག་པའི་ཕྱུགས་ཟོག་གི་ཤ་ལས་འགོས་པའི་སྣང་ཚུལ་ཐོན་གྱི་ཡོད། རྩྭ་གཟན་སྲོག་ཆགས་དཔེར་ན་བ་གླང་དང་། ར་ལུག རྟ། ཕག་སོགས་ཀྱིས་ས་ནད་དབྱུག་སྲིན་ནམ་ཡང་ན་འབུ་ཕྲའི་སྦྲུམ་སྒོང་གི་སྦགས་བཙོག་ཕོག་པའི་ཟས་རིགས་ཟས་ཚེ་འགོས་ནད་དེ་འགོ་བའི་ཉེན་ཁ་ཡོད། ནད་དེ་འགོ་སླ་བའི་མིའི་གྲས་སུ་རོང་འབྲོག་པ་དང་། ཤན་པ། བལ་སྤུ་ལས་སྣོན་པ། ཕྱུགས་རིགས་སྨན་པ། དེ་བཞིན་དེ་དང་འབྲེལ་ཡོད་ཀྱི་ཚོད་ལྟ་ཁང་གི་མི་སོ་སོར་ནད་འགོག་ནུས་པའི་ཆེ་ཆུང་དང་འབྲེལ་བ་དམ་ཟབ་ཡོད། མིས་ནད་དེ་ཕོག་པའི་ཕྱུགས་རིགས་ཀྱི་ཐོན་རྫས་དང་ཤ་རིགས་སྤྱོད་སྐབས་འགོས་པ་ཕུད། ད་དུང་ནད་སྲིན་དེ་འགོས་པའི་ཟགས་ཐོན་དངོས་པོ་རེག་ནའང་འགོས་ཀྱི་ཡོད། ས་ནད་ཕོག་པའི་མིའི་ལུད་པ་དང་། སྐྱག་གཅིན། དེ་བཞིན་ནད་དེའི་ནད་རྟགས་ཐོན་ཁུལ་ལས་ཟགས་པའི་ཆུ་སེར་དང་རྣག་ཁྲག་བརྒྱུད་ནས་འགོས་ཀྱི་ཡོད།

ས་ནད་ལ་མངོན་ཚུལ་གང་ཡོད་དམ།

ས་ནད་ཀྱི་འགོས་ལམ་མི་འདྲ་བར་གཞིགས་ནས་ནད་ཐོག་གི་ནད་རྟགས་མི་འདྲ་བ་ཁ་ཤས་ཡོད་པ་སྟེ།

1. ཕགས་པའི་ནད། ནད་རྟགས་དེ་ནི་མང་ཤོས་ཡིན་ཞིང་། དེས་ས་ནད་ཕོག་པའི་ནད་པའི98%ཟིན་པ་དང་། ནད་དུག་དེར་ཐད་ཀར་རེག་རྗེས་རྨ་ཁ་སོགས་བརྒྱུད་ནས་འགོས་པ་ཞིག་རེད།       

2.གློ་བའི་ས་ནད། དེ་ནི་ས་ནད་དབྱུག་སྲིད་ལྡན་པའི་འབུ་ཕྲའི་སྦྲུམ་སྒོང་སོགས་ཀྱི་སྦགས་བཙོག་དབུགས་ལམ་དུ་རྗུབ་འཐེན་བྱས་པ་ལས་འགོས་པ་ཞིག་རེད།

3.རྒྱུ་མའི་ས་ནད། ནད་དུག་དེ་ཕོག་པའི་ཕག་ཤ་དང་། གླང་ཤ ལུག་ཤ་སོགས་མ་ཚོས་བར་ཟས་ན་ནད་དེ་ཕོག་པ་དང་། དེའི་ནད་ཐོག་གི་སྣང་ཚུལ་མི་འདྲ་བ་ཡོད་ཅིང་། སྤྱིར་ཕོ་རྒྱུའི་དོས་དྲག་གཉན་ཚད་དང་ལོང་ཁའི་དོས་དྲག་ནད་ཀྱི་ནད་རྟགས་ཐོན་གྱི་ཡོད།

4.ཀླད་སྐྱིའི་ས་ནད། མང་ཆེ་བ་ནི་ཟུངས་ཁྲག་ཉམས་པའི་ནད་རྟགས་དང་མཉམ་དུ་ཐོན་ཞིང་། སྐབས་རེར་ནད་རྟགས་དེ་རང་ཁེར་རྐྱང་དུ་ཐོན་པ་ཡང་ཡོད། ནད་རྟགས་གྲས་སུ་མགོ་བོར་ན་ཟུག་དྲག་པོ་གཏོང་བ་དང་། སྐྱུག་པ་ཤོར་བ། ལུས་འདར་བ། ཀླད་སྐྱིར་ཤུགས་རྐྱེན་ཐེབས་པ་སོགས་ཡིན་ནོ།།                                                                                                                          

རྩོམ་སྒྲིག་པ། : ཀླུ་མོ་མཚོ།