ཀྲུང་གོ་བོད་ཀྱི་དྲ་བ།

གཅིན་སྙི་ཟ་ཁུའི་ནད་ཀྱི་ཤེས་བྱ་དང་སྔོན་འགོག་སྐོར་ལ་ཅུང་ཙམ་དཔྱད་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-04-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དེ་ཡང་རྒྱུད་ལས། ནད་ལ་གསོ་བར་བྱེད་པའི་གཉེན་པོ་ནི། །ཟས་དང་སྤྱོད་ལམ་སྨན་དཔྱད་བཞི་ཡིན་ཏེ། །ཞེས་ནད་གང་ཞིག་བཅོས་པར་བྱ་བ་ལ་ཐོག་མར་ཟས་དང་སྤྱོད་ལམ་གྱི་སྒོ་ནས་བཅོས་དགོས་པར་གསུངས་པ་བཞིན། ནད་དེ་ཉིད་ཐོག་མར་བསྐྱེད་པར་བྱེད་པའི་རྒྱུ་རྐྱེན་ཡང་ཟས་སྤྱོད་གཉིས་ལ་རག་ལས་ཡོད་པས་བདེ་བར་འདོད་པ་དག་གིས་རང་གི་ཟས་སྤྱོད་ལ་མཉམ་འཇོག་བྱེད་རྒྱུ་ནི་ཅི་ནས་ཀྱང་གལ་ཆེ་བ་ཞིག་རེད།དེས་ན་ད་ལྟ་འཛམ་གླིང་གི་མི་གྲངས་དུང་ཕྱུར1.2ལྷག་ལ་འགོས་མཆེད་དུ་འགྲོ་བཞིན་པའི་གཅིན་སྙི་ཟ་ཁུའི་ནད་འདིའང་ཐོག་མར་སློང་བར་བྱེད་པའི་རྒྱུ་ནི་ཟས་སྤྱོད་གཉིས་ལས་འདས་པ་ཞིག་མེད་ལ། འདི་ལ་ཁ་ཟས་ལོག་པ་ལས་སློང་བ་དང་།སྤྱོད་ལམ་ལོག་པ་ལས་སློང་བ་གཉིས་སུ་ཕྱེ་ནས་བཤད་ན།དང་པོ་ནི། རྒྱུད་དུ། ཁྱད་པར་མངར་བའི་འཕྲོད་ཅིང་ཟུངས་སྟོབས་སྐྱེད། ། རྒྱས་བྱིས་སྐེམ་པོ་གྲེ་བ་གློ་ལ་ཕན། ། ལུས་བརྟས་རྨ་འབྱོར་མདངས་བཀྲ་དབང་པོ་གསལ། ། ཚེ་རིང་འཚོ་བྱེད་དུག་དང་རླུང་མཁྲིས་སེལ། ། བསྟེན་དྲགས་བད་ཀན་ཚིལ་བསྐྱེད་མེ་དྲོད་འབྲི། ། ལུས་སྦོམ་གཅིན་ནད་ལྦ་བ་རྨེན་བུ་སྐྱེད། ། ཅེས་དང་། ཟས་སྐོམ་ལེགས་སྤྱད་ལུས་དང་སྲོག་འཚོ་ཞིང་། །དམན་ལྷག་ལོག་གྱུར་ནད་བསྐྱེད་འཕྲལ་སྲོག་འཇོམས། ། ཞེས་གསུངས་པ་ནང་བཞིན། སྤྱིར་ང་ཚོས་ཟས་སྐོམ་གྱི་རིགས་གང་ཡང་ཡང་དག་པར་བསྟེན་ཚུལ་དང་དེ་དག་གི་ཕན་གནོད་སོགས་ཤེས་པའི་སྒོ་ནས་རན་པར་སྤྱད་པ་ནི་ལུས་འདི་ཉིད་འཚོ་བ་དང་གནས་པའི་རྒྱུ་ཉག་གཅིག་ཡིན་ལ། དེ་ལས་ལྡོག་སྟེ་དམན་ལྷག་ལོག་གསུམ་དུ་སྤྱད་ན། ལུས་འདི་ཡང་འཕེལ་ཟད་འཁྲུགས་གསུམ་གྱུར་ཏེ་ད་ལྟ་ཀུན་གྱིས་ཤེས་བཞིན་པའི་ནད་སྣ་ཚོགས་ཤིག་བྱུང་དང་འབྱུང་བཞིན་པ་དེ་རེད། དེ་ལའང་བཅུད་ཅན་གྱི་ཟས་བསྟེན་མང་བ་དང་། ཨ་རག་མང་དུ་བཏུང་བ། བྱང་ཚྭ་དང་། བུ་རམ། དར་བ། འབྲུ་གསར་ཐོག ཤ་མར་སོགས་མངར་བ་དང་སྣུམ་པའི་རིགས་བསྟེན་དྲགས་པ་ལས་ལུས་ཀྱི་བད་ཚིལ་འཕེལ་ཏེ་གཅིན་སྙི་ཟ་ཁུའི་ནད་འདི་ཉིད་བསྐྱེད་པ་ཡིན་ནོ། །གཉིས་པ་ནི། ། རྒྱུད་ལས། སྤྱོད་ལམ་ལུས་ངག་ཡིད་དང་གསུམ་ཡིན་ཏེ། །གསུངས་པ་ལྟར་སེམས་ཀྱི་སྤྱོད་ལམ་ལོག་པ་སྟེ། སེམས་ལ་གློ་བུར་དུ་འཇིགས་སྐྲག་ཆེར་སྐྱེས་པ་དང་། དགའ་སྐྱོ་ཚད་ལས་འདས་པ། རྒྱུན་དུ་སེམས་ལས་ཆེ་བ་དང་གློ་བུར་དུ་བསམ་ཡུལ་ལས་འདས་པའི་བྱ་བར་ཐུག་འཕྲལ་བྱུང་བ་སོགས་ཀྱིས་ནང་གི་ཟགས་རྩིའི་བརྒྱུད་རིམ་ཆེར་འཕེལ་འབྱུང་སྲིད་པ་དང་། དེའི་རྐྱེན་གྱིས་ཀླད་ནུས་ཟགས་ཐོན་ནང་མའི་སྐུལ་རྩི་དང་མཁལ་མའི་སྐུལ་རྩི། ཤན་གླིང་རྒྱུའི་སྐུལ་རྩི་སོགས་ཀྱི་བྱེད་ནུས་ཐལ་དྲགས་པས་ཤན་གླིང་རྒྱུའི་ཁྲག་ནང་གི་མངར་ཆ་གློ་བུར་དུ་འཕེལ་ཏེ་གཅིན་པར་གྱུར་ནས་མང་དུ་གཏོང་བར་བཤད། དེའི་ཕྱིར་ལུས་ཡོངས་སུ་མངར་ཆའི་མཁོ་སྤྲོད་མ་འདང་བས་ལུས་ཟུངས་གཞན་རྣམས་ཀྱང་ཟད་དེ་གློ་བུར་དུ་ལུས་ཀྱི་ཤ་བྲི་བར་འགྱུར་བའོ། །ལུས་ཀྱི་སྤྱོད་ལམ་ནི། ད་ལྟ་མི་རྣམས་ཀྱི་འཚོ་བ་ཇེ་ལེགས་སུ་སོང་བར་བསྟུན་ཟ་བཏུང་གི་རིགས་སྣ་མང་དུ་གྱུར་པ་དང་། ལུས་ཤུགས་ཀྱི་ངལ་རྩོལ་ཇེ་ཡང་དུ་སོང་བ་སོགས་ཀྱིས་བད་ཚིལ་འཕེལ་བ་དང་། བརླན་ཆེ་ས་དང་གནས་གཅིག་ནས་དུས་ཡུན་རིང་པོར་འདུག་དྲགས་པ་སོགས་ཀྱིས་བད་ཀན་འཕེལ་བ་ཟུངས་སུ་འགྱུར་མ་ཐུབ་པར་གཅིན་དུ་འདྲིས་ནས་ལྒང་བར་ཟགས་པས་གཅིན་འཕེལ་ཏེ་ཟ་ཁུ་བསྐྱེད་པར་བྱེད་པ་ཡིན། དེང་རབས་གསོ་རིག་ལས་བཤད་པ་ལྟར་ན། མཆིན་པའི་ནང་ཁྲག་གི་མངར་ཚད་དམའ་རུ་སོང་བས་དལ་མྱུར་གང་རུང་གི་ཤན་གླིང་རྒྱུའི་ཚད་ནད་འབྱུང་ཞིང་། ཤན་གླིང་རྒྱུའི་ནུས་པ་གཙོ་བོ་ཁྲག་ནང་གི་མངར་ཆ་སྙོམས་སྒྲིག་བྱེད་རྒྱུ་དེ་ཡིན་པས། ཤན་གླིང་རྒྱུའི་བྱེད་ནུས་ཉམས་ཏེ་མ་སྙོམས་པར་བྱེད་ལས་ལེགས་པོ་འདོན་མ་ཐུབ་པར་ལ་ལ་འཕེལ་བ་དང་ཁ་ཅིག་ཟད་པས་སྣུམ་དང་སྤྲི་དཀར་རྣམས་མིག་དང་། སྐྱི་པགས། སྙིང་དང་། མཁལ་མ་སོགས་ལ་མཁོ་འདོན་བྱེད་མ་ཐུབ་ཅིང་གཅིན་དུ་འདྲིས་ཏེ་ལྒང་བར་བག་གིས་ཟགས་པས་གཅིན་འཕེལ་ནས་ཟ་ཁུ་བསྐྱེད་པར་བསྟན་ཡོད་པ་རེད། དེས་ན་ད་ལྟ་ལོ་རེ་ནས་ལོ་རེ་བཞིན་དར་ཁྱབ་ཧ་ཅང་ཆེ་བའི་གཅིན་སྙི་ཟ་ཁུའི་ནད་འདི་ཉིད་སྔོན་འགོག་བྱེད་པ་ལ་ཐོག་མར་གོང་གི་ཟས་སྤྱོད་དེ་དག་ལ་གཟབ་རྒྱུ་ནི་ཅི་ནས་ཀྱང་གལ་ཆེ་བར་སྣང་ངོ་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།