ཀྲུང་གོ་བོད་ཀྱི་དྲ་བ།

ཕོ་འབྲས་ནད་ཀྱི་སྔོན་འགོག་ཐབས་ལམ་རགས་བསྡུས་ཙམ་བཤད་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2016-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

   སྤྱིར་འབྲས་ནད་ནི་ཟས་དང་སྤྱོད་ལམ་མི་མཐུན་བསྟེན་པས་བུ་གའི་རྒྱུ་ལམ་ལ་གནོད་དེ་དྭངས་མ་རང་སར་མ་སྨིན་པའམ་དྭངས་མ་མ་ཞུ་བ་དང་རྨ་ཪྙིང་ཡུན་རིང་དུ་ལུས་པ་ལས་བྱུང་བ་མང་ལ། དེ་བཞིན་ཕོ་འབྲས་ཀྱང་གཙོ་བོ་ཟས་སུ་མ་ཚོས་པ་དང་། ཚིག་པ། ཁེངས་པོ་སོགས་ཀྱི་ཟས་མང་བསྟེན་དྲགས་པ་སོགས་ལས་བྱུང་བ་དང་ཡང་ན་སྨུག་པོ་བརྡོལ་ནས་ཡུན་རིང་དུ་རྨ་ཪྙིང་མ་དྲག་པ་ལས་འབྲས་ནད་དུ་གྱུར་པ་མང་ངོ་། ལྷག་པར་རང་རྒྱལ་གྱི་ནུབ་བྱང་ས་ཁུལ་དང་རྒྱ་མཚོའི་འགྲམ་རྒྱུད་ཀྱི་གྲོང་ཁྱེར་དུ་ཕོ་འབྲས་བྱུང་བ་ས་ཆ་གཞན་ལས་མང་བ་དང་འབྲས་ནད་གཞན་ལས་ཀྱང་ཕོ་འབྲས་ཀྱི་བྱུང་ཚད་དེ་ཨང་དང་པོར་གནས་ཡོད།

  དེ་ན་ཕོ་འབྲས་ཇི་ལྟར་སྔོན་འགོག་བྱ་དགོས་ཟེར་ན། ཆེས་གལ་ཆེ་བ་ནི་ཟས་དང་སྤྱོད་ལམ་ཡིན་ལ་དེ་ལས་ཟས་ལ་ནི་མ་ཚོས་པ་དང་ལྷག་པར་ཚིག་ཡོད་པའི་ཟས། གཞན་གྱོང་པོ་དང་མ་གོམས་པའི་ཟས། རྣོ་ཞིང་ཚྭ་བའི་ཟས་ཏེ་དཔེར་ན་ལུག་ཤ་དང་ནོར་ཤ་བསྲེག་མ། ཆང་དང་དུ་བ་མང་དུ་བསྟེན་པ་སོགས་མི་དགེ་བས་སྤང་དགོས། སྤྱོད་ལམ་ལ་ནི་ལྟོ་ཆག་གཉིད་ཆག་དང་འགྲངས་ཆེ་བ་དང་མ་ཞུ་བའི་སྐབས་སུ་ཉིན་གཉིད་ལོག་པ། སེམས་ཁམས་མི་སྐྱིད་པའམ་ཐང་ཆད་དྲགས་པ། སེམས་ལས་ཆེ་བ་སོགས་ནི་མི་དགེ་བས་སྤང་རྒྱུ་དང་། གཞན་འབྲས་ནད་ཪྙིང་ན་གསོ་དཀའ་བའི་ཕྱིར་ཕོ་སྨུག་སོགས་ཀྱི་ནད་བྱུང་ཡོད་སྐབས་དུས་ལྟར་གསོ་བཅོས་བྱ་རྒྱུ་དང་ཕོ་ཤེལ་སོགས་ཀྱིས་བརྟག་དཔྱད་ཆ་ཚང་བྱས་ནས་ནད་ངོས་གསལ་པོར་འཛིན་རྒྱུའང་ཤིན་ཏུ་གལ་ཆེའོ། 

  མདོར་ན་དུས་རྒྱུན་མི་འཕྲོད་པ་དང་མ་གོམས་པའི་ཟས་སོགས་སྤངས་ནས་ཕོ་བའི་མེ་དྲོད་བསྲུང་རྒྱུ་དང་ལྟོ་ཆག་གཉིད་ཆག་སོགས་སྤང་བ། གཞན་མ་ཞུ་བའི་ནད་གང་བྱུང་ཡང་དུས་ལྟར་བརྟག་བཅོས་བྱ་རྒྱུ་ནི་ཕོ་འབྲས་སྔོན་འགོག་གི་ཐབས་ལམ་ཨང་དང་པོ་ཡིན་ནོ།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།