ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཁམས་མ་བདེ་ན་འཇུ་སྟོབས་ཞན་པ་ཡིན།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2016-08-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སེམས་ཁམས་མ་བདེ་ན་ཟ་མའི་འཇུ་སྟོབས་ཇེ་ཞན་དུ་འགྲོ་བ་ཡིན། འགྲན་རྩོད་ཉིན་རེ་བཞིན་ཛ་དྲག་ཏུ་འགྱུར་བཞིན་པའི་དེང་རབས་ཀྱི་སྤྱི་ཚོགས་ཁྲོད། སེམས་ཁམས་ཀྱི་གནད་དོན་ལའང་དེ་བཞིན་དུ་དོ་ཁུར་བྱེད་བཞིན་མཆིས། ནད་ཐོག་ལག་ལེན་ལས་ར་སྤྲོད་བྱུང་བ་ལྟར་ན།འབྱུང་གཞི་མི་བདེ་བ་རྐྱེན་བྱས་ཏེ་སེམས་ཁམས་མི་བདེ་བའམ་ཡང་ན་སེམས་ཁམས་མ་བདེ་བས་འབྱུང་གཞི་མི་བདེ་བའི་ནད་ཀྱི་འབྱུང་ཚད་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་མོད། འོན་ཀྱང་གནས་ཚུལ་དེར་དོ་སྣང་བྱེད་མཁན་ཧ་ཅང་ཉུང་།

  བྱེད་ནུས་རང་བཞིན་གྱི་འཇུ་སྟོབས་ཞན་པར་གཙོ་བོ་ཕོ་བ་སྦོས་པ་དང་འཇུ་སྟོབས་ཞན་པ། ཞེན་པ་ལོག་པ་སོགས་ནད་རྟགས་འབྱུང་སྲིད་པས། དེར་ནད་ཐོག་བརྟག་དཔྱད་གསལ་པོ་བྱས་ཏེ་བྱེད་ནུས་རང་བཞིན་གྱི་འཇུ་སྟོབས་ཞན་པའི་ནད་ཀྱི་འབྱུང་རྐྱེན་མེད་པར་བཟོ་དགོས། ཕོ་བའི་ནུས་པ་ཞན་པ་སོགས་རྒྱུ་རྐྱེན་ལས་གཞན་ད་དུང་སེམས་ཁམས་དང་སྤྱི་ཚོགས་ཀྱི་རྒྱུ་རྐྱེན་ཡང་ནད་དེའི་འབྱུང་རྐྱེན་གཙོ་བོར་གྱུར་ཡོད། སེམས་ཁམས་དང་སྤྱི་ཚོགས་ཀྱི་རྒྱུ་རྐྱེན་ལ་ནང་དོན་ཧ་ཅང་རྒྱ་ཆེན་པོ་ལྡན་པ་སྟེ། དཔེར་ན་འཚོ་བ་དང་བྱ་བའི་ཐད་ཀྱི་གནོན་ཤུགས་ལྕི་བའམ་རྡུང་རྡེག་ཐེབས་པ་ལྟ་བུའོ།

  བརྟག་དཔྱད་ལས་མངོན་པ་ལྟར་ན། བྱེད་ནུས་རང་བཞིན་གྱི་འཇུ་སྟོབས་ཞན་པའི་ནད་པར་གཤིས་ཀ་རྒྱུན་ལྡན་མིན་པ་དང་སེམས་འཚབ་པ། ཡིད་མུག་པ་སོགས་ཀྱི་ནད་རྟགས་འབྱུང་ཚད་དེ་རྒྱུན་ལྡན་གྱི་མི་ལས་མཐོ་བ་རེད། བྱེད་ནུས་རང་བཞིན་གྱི་འཇུ་སྟོབས་ཞན་པའི་ནད་པར་སེམས་ཁམས་ཐད་ཀྱི་ནད་རྟགས་འདི་དག་ཡོད་དེ། ནད་པ་ཁ་ཤས་ལ་ནད་དེའི་རིགས་འབྱུང་བ་ནི་ཕལ་ཆེར“འབྲས་སྐྲན་འབྱུང་དོགས”ཀྱི་སེམས་ཁམས་ལ་འབྲེལ་བ་ཡོད་པ་དང་། ནད་པ་དེ་རིགས་ལ་ནད་བརྟག་བྱེད་སྐབས་ཏག་ཏག་རིགས་མི་འདྲ་བའམ་ཡང་ན་ཡང་དང་བསྐྱར་དུ་བརྟག་དཔྱད་བྱས་པའི་མཇུག་འབྲས་སྙན་ཞུ(སྨན་ཁང་སོ་སོའི་ཕོ་ཤེལ་སྙན་ཞུ་འདུས)ཁྱེར་ཡོང་ལ། སྙན་ཞུའི་ཁྲོད་དུ་དོན་ལྔ་སྣོད་དྲུག་ལ་ནད་གཞི་ལྕི་མོ་ཕོག་འདུག་ཅེས་བྲིས་འདུག

  ནད་པའི་སེམས་ཁམས་ཀྱི་ནད་རྟགས་གཙོ་བོ་ནི་སེམས་འཚབ་པ་དང་ཡིད་མུག་པ། གཉིད་མི་ཡོང་བ། དོ་སྣང་བྱེད་ཤུགས་གཅིག་བསྡུས་མིན་པ་སོགས་ཡིན། ནད་པ་དེ་དག་ལ་ནད་ཕོག་རྐྱེན་གསལ་པོ་ལྡན་པ་སྟེ། དཔེར་ན་བར་ཆད་ཆེན་པོ་བྱུང་བ་སོགས། བྱ་བའི་ཕྱོགས་སུ་ནན་ཏན་ཡིན་པ་དང་ལས་དོན་ཚང་མ་འཐུས་ཚང་དུ་སྒྲུབ་པའི་བྱེད་ནུས་རང་བཞིན་གྱི་འཇུ་སྟོབས་ཞན་པའི་སེམས་ཁམས་ནད་རྟགས་ཅུང་གསལ་པོ་ཡིན།

  ནད་པ་མང་ཆེ་བར་སྨན་བཅོས་ཐེངས་མང་བྱས་མྱོང་མོད། འོན་ཀྱང་སྨན་བཅོས་བྱས་རྗེས་ཀྱི་མཇུག་འབྲས་ཡིད་ཚིམ་པ་ཞིག་མིན། དེ་མིན་ནད་པ་སེམས་ཁམས་ཀྱི་ནད་རྟགས་ནངས་མོར་ལྕི་བ་དང་མཚན་མོར་ཡང་བའི་ཁྱད་ཆོས་ལྡན།

  བྱེད་ནུས་རང་བཞིན་གྱི་འཇུ་སྟོབས་མི་བཟང་བའི་ནད་པར་སྨན་བཅོས་བྱེད་ན་ནད་གཞིར་བཟུང་ནས་སྨན་བཅོས་བྱེད་པ་དེ་ཧ་ཅང་གལ་ཆེ་བ་ཡིན། དེའི་ནང་དུ་སྐྱུར་བསྣན་པ་དང་ཕོ་བའི་འགུལ་ཤུགས་ཡར་སྐུལ་དུ་གཏོང་བ་སོགས་ཐེ་ཡོད། གོང་གི་སྨན་བཅོས་བྱས་རྗེས45%ཡི་ནད་པའི་ནད་ཇེ་ཡང་དུ་ཡོང་བ་མངོན་གསལ་མིན། དེའི་ནང་དུ་ནད་པ25%ལ་མཚོན་ན་དུས་མཚུངས་སུ་ད་དུང་སེམས་ཁམས་ཕྱོགས་ཀྱི་ནད་བྱུང་ཡོད་པ་མཚོན། ནད་པ་དེ་དག་ལ་སེམས་ཁམས་ཀྱི་ཕྱོགས་ནས་སྨན་བཅོས་བྱེད་རྒྱུ་ནི་ལྷག་ཏུ་གལ་ཆེའོ།།

  བྱེད་ནུས་རང་བཞིན་གྱི་འཇུ་སྟོབས་ཞན་པ་དེ་ལུས་པོ་དང་སེམས་ཁམས་ཕྱོགས་གཉིས་ཀྱི་ནད་ཅིག་ལ་བརྩིས་ནས་སྨན་བཅོས་བྱས་ན་ད་དུང་མི་འདང་བས། ངེས་པར་ཕྱོགས་སོ་སོའི་སྨན་བཅོས་བྱེད་ཐབས་ཕྱོགས་བསྡུས་བྱས་ནས་སྨན་བཅོས་བྱས་ཚེ། ད་གཟོད་ནད་པའི་སྡུག་བསྔལ་དེ་སེལ་ཐུབ།    །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།