སྙིང་ཁམས་བདེ་ལ་འབབ་ཐུབ་པའི་དོན་བྱ་བཅུ།

 སྙིང་ཁམས་བདེ་སྲུང་ནི་དོན་དག་གལ་ཆེན་ཞིག་ཡིན་ལ། གཤམ་གྱི་དོན་བྱ་འདི་བཅུ་པོས་སྙིང་ཁམས་བདེ་ལ་འབབ་པར་ཕན་ཐོགས་པ་སྟེ།

  དང་པོ། གཉིད་ཡུན་འོས་འཚམ་ཡིན་དགོས།

  གཉིད་ཡུན་ཐུང་དྲགས་ན་སྙིང་ནད་འབྱུང་བའི་ཉེན་ཁ48%འཕར་བ་དང་། གཉིད་ཡུན་རིང་དྲགས་ན་སྙིང་ནད་འབྱུང་བའི་ཉེན་ཁ38%འཕར་བ་རེད། ཆེས་བཟང་བའི་གཉིད་ཡུན་ནི་དུས་ཚོད7ནས8བར་ཡིན།

  གཉིས་པ། གཅིག་སེམས་གཅིག་ལ་གཏད་པ།

  རང་ཉིད་ལ་མཚོན་ན་ཧ་ཅང་གལ་ཆེ་བའི་མི་དེ་དང་གཅིག་སེམས་གཅིག་ལ་གཏད་དགོས། དེ་ལྟར་བྱས་ན་སེམས་ཁམས་བདེ་ལ་འབབ་ཐུབ་པར་མ་ཟད་སེམས་ཀྱི་གནོན་ཤུགས་ཀྱང་ཇེ་ཡང་དུ་གཏོང་ཐུབ། དེ་མིན་ད་དུང་ཁྲག་ཤེད་སྙོམ་པོར་གཏོང་བའི་ཕྱོགས་སུ་ཕན་པའང་ལྡན།

  གསུམ་པ། སེམས་གཏིང་ནས་དགོད་པ།

  ཉིན་མ་རེ་རེར་སེམས་གཏིང་ནས་བགད་ན་ལུས་བདེ་ཁམས་དྭངས་ཡོང་བས་སྙིང་ནད་འབྱུང་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ། སེམས་ཁམས་དྭངས་མོ་ཞིག་ཡོང་རྒྱུ་ནི་མི་ཞིག་ལ་མཚོན་ན་སྨན་རྫས་གལ་ཆེན་ཞིག་ཡིན། སེམས་གཏིང་ནས་བགད་ན་ད་རུང་ཁྲག་རྩ་ཇེ་སྦོམ་དང་ཁྲག་ཤེད་ཇེ་དམའ་རུ་འགྲོ་བར་ཕན། ཞིབ་འཇུག་བྱས་པ་ལྟར་ན། ཉིན་རེའི་དུས་ཚོད་སྐར་མ30ཡི་རིང་དགོད་བྲོའི་ཟློས་གར་ལ་བལྟས་ན་སྙིང་ནད་འབྱུང་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ།

  བཞི་པ། བཪྙན་འཕྲིན་ལ་ཉུང་ལྟ་བྱེད་དགོས།

  ཞིབ་འཇུག་མི་སྣས་བསྟན་དོན། ཉིན་རེར་དུས་ཚོད1གི་རིང་བཪྙན་འཕྲིན་ལ་བལྟས་ན་སྙིང་ནད་ཀྱིས་འཆི་བའི་ཉེན་ཁ7%གྱིས་ཇེ་མཐོར་འགྲོ་བ་དང་། ཉིན་རེར་དུས་ཚོད4ཡི་རིང་བཪྙན་འཕྲིན་ལ་བལྟས་ན་སྙིང་ནད་ཀྱིས་འཆི་བའི་ཉེན་ཁ28%ཀྱིས་ཇེ་མཐོར་འགྲོ་བ་རེད།

  ལྔ་པ། གཅེས་རྟེན་གསོ་བ།

  ཨ་མི་རི་ཁའི་སྙིང་ནད་མཐུན་ཚོགས་ཀྱིས་ཁྱབ་སྒྲོག་བྱས་པ་ལྟར་ན། གཅེས་རྟེན་གསོ་བ་དང་ནང་སྒོས་སུ་གཅེས་ཁྱི་གསོས་ན་སྙིང་ནད་འབྱུང་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ་པར་མ་ཟད། སྙིང་ནད་ཅན་གྱི་མིའི་ཚེ་ཐག་ཇེ་རིང་དུ་གཏོང་ཐུབ། ཞིབ་འཇུག་པས་རྒྱུས་ལོན་པ་ལྟར་ན། གཅེས་རྟེན་གསོས་ན་ད་རུང་ཁྲག་ཤེད་དང་མཁྲིས་རྒྱུ་གཤེར་རྩིའང་ཇེ་དམའ་རུ་གཏོང་ཐུབ་པ་རེད།

  དྲུག་པ། ཉི་མར་ལྡེ་བ།

  ཉི་འོད་ཀྱི་ཕན་པ་ནི་གནོད་པ་ལས་ཆེ་སྟེ། ཉི་འོད་ཀྱིས་ཁྲག་ཤེད་ཇེ་དམའ་རུ་བཏང་ནས། མིའི་སེམས་ཁམས་བདེ་ལ་འབབ་ཏུ་འཇུག་ཐུབ་པའི་དབང་གིས་ཉི་མར་ལྡེས་ན་སྙིང་ནད་འབྱུང་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ།

  བདུན་པ། གཉེན་སྒྲིག་པ།

  ཆེད་མཁས་པས་བཤད་པ་ལྟར་ན། སྙིང་ནད་ཕོག་མི་འདོད་ན་མྱུར་དུ་གཉེན་བསྒྲིག་དགོས་ཏེ། ཞིབ་འཇུག་ལས་མངོན་པ་ལྟར་ན། གཉེན་བསྒྲིགས་ཟིན་པའི་མིའི་སྙིང་ནད་ཕོག་པའི་ཉེན་ཁ་ནི་གཉེན་སྒྲིག་མ་བྱས་པའི་མི་ལས5%ཡིས་དམའ་ལ་བཟའ་ཟླ་འདས་པ་ལས3%གྱིས་དམའ་བ་དང་། བཟའ་ཚང་ཐོར་བ་ལས5%དམའ་བ་རེད། ལོ50མན་གྱི་མི་ལ་མཚོན་ན། བཟའ་ཚང་ཡོད་པ་ནི་ལུས་ཁམས་བདེ་ཐང་ལ་ཕན་པའི་ལས་ཤིག་ཡིན་ཏེ། ལོ50མན་གྱི་མི་ལ་སྙིང་ནད་ཕོག་པའི་ཉེན་ཁ་ནི་ན་མཉམ་གྱི་ཁེར་རྐྱང་མི་སྣ་དང་བསྡུར་ན12%ཙམ་དམའ་བ་རེད།

  བརྒྱད་པ། འགྲིམ་འགྲུལ་འུར་སྒྲར་གཡོལ་དགོས།

  ཞིབ་འཇུག་བྱས་པ་ལྟར་ན། འགྲིམ་འགྲུལ་འུར་སྒྲ་ཆེ་བའི་གནས་སུ་བསྡད་ཡོད་པའི་མི་ལ་སྙིང་ནད་ཕོག་པའི་ཉེན་ཁ་ཧ་ཅང་ཆེ་བ་རེད།

  དགུ་པ། ཡར་ལངས་ནས་ཆུ་འཐུང་ན་ཕན།

  ཞིབ་འཇུག་བྱས་པ་ལྟར་ན། ཙོག་ཡུན་རིང་ན་སྙིང་ནད་ཕོག་པའི་ཉེན་ཁ་ཇེ་ཆེར་འགྲོ་བས། གཞུང་ལས་ཁང་དུ་སྡོད་པའི་ལས་བྱེད་མི་སྣར་མཚོན་ན། དུས་རྒྱུན་དུ་ཆུ་མང་པོ་འཐུང་དགོས། དེ་ལྟར་བྱས་ན་ཙོག་ཡུན་རིང་བའི་གནས་བབ་བསྒྱུར་ཐུབ་པར་མ་ཟད། ཆུའི་འཐུང་ཚད་ཀྱང་འདང་ངེས་ཡིན་པས། ལུས་ཁམས་བདེ་ཐང་ཡོང་བར་ཕན་པ་ཆེན་པོ་ལྡན།

  བཅུ་པ། དཀར་ཟས་བཟའ་བ།

  ཞིབ་འཇུག་བྱས་པ་ལྟར་ན། དཀར་ཟས་རིང་ལུགས་པར་སྙིང་ནད་བྱུང་སྟེ་སྨན་ཁང་དུ་འདུག་པ་དང་ཤི་བའི་ཚད་ནི་དམར་ཟས་ཟ་བའི་མི་ལས32%དམའ་བ་རེད། དེའི་རྒྱུ་མཚན་ནི་དཀར་ཟས་རིང་ལུགས་པའི་ཁྲག་ཤེད་དང་ལུས་པོའི་མཁྲིས་རྒྱུ་གཤེར་རྩིའི་ཚད་དམར་ཟས་ཟ་མཁན་ལས་དམའ་བས་རེད།    །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།