ཀྲུང་གོ་བོད་ཀྱི་དྲ་བ།

ཟས་ཚོད་རན་པར་བསྟེན་ན་ཚེ་རིང་བར་འགྱུར།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2016-07-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

   ལུས་ཀྱི་འབྱུང་བ་ལྔ་བོ་རྒྱས་པར་བྱེད་པའི་རྒྱུ་ཟས་སྐོམ་དང་། མི་དྲོད་ལ་སོགས་པ་བསྐྱེད་པའི་རྒྱུ་ཟས་ཚོད་ཟིན་པ་ཡིན་པས།གལ་ཏེ་ཟས་ཀྱི་ཚོད་མ་ཟིན་པར་ཆུང་བར་གྱུར་ན་ནི་ལུས་ཀྱི་སྟོབས་དང་གཟི་མདངས་ལ་སོགས་པ་མི་འཕེལ་ཞིང་ལུས་ཉམས་པར་འགྱུར་ལ། ཁྱད་པར་དུ་རླུང་ནད་མ་ལུས་པ་འབྱུང་བར་བྱེད། དེ་ལས་ལྡོག་སྟེ་ཟས་ཀྱི་ཚོད་མ་ཟིན་པར་ཚད་ལས་ཐལ་ན་ནི་མ་ཞུ་བེ་སྣབས་བསྐྱེད་ནས་དེ་ཡིས་མི་དང་མཉམ་པའི་རླུང་རྒྱུ་བའི་རྩ་སྦུབས་བཀག་སྟེ་མི་སྦར་བའི་རྒྱུན་ཆད་པ་ལ་བརྟེན་ནས་ཕོ་བའི་མི་དྲོད་ཉམས་པས་གསུད་ནད་དང་། ཤིང་རེངས་ལ་སོགས་པའི་ཉེས་པ་རྣམས་དང་གཅོང་ནད་མ་ལུས་པ་ཐམས་ཅད་བསྐྱེད་པར་བྱེད་པས་ནད་མེད་པ་ནས་ཚེ་རིང་བར་འདོད་ན་ཟས་ཚོད་རན་པར་བཟའ་རྒྱུ་ཤིན་ཏུ་ཆེའོ།  །

  དང་པོ། ཟས་བཟའ་བའི་ཚད།

  མི་དྲོད་ཀྱི་ཤས་ཆུང་ཞིང་རླུང་མཁྲིས་ཀྱི་ནད་མེད་པ་དང་རྒྱལ་པོ་ལ་སོགས་པ་ལུས་བདེ་ཞིང་དལ་བར་འདུག་པ་རྣམས་ཀྱི་ལྟོ་བའི་བཞི་ཆ་གཉིས་ཟས་ཀྱིས་དགང་ལ་བཞི་ཆ་གཅིག་སྐོམ་གྱིས་དགང་བ་དང་ཆ་བཞི་པ་ལ་ནི་བད་ཀན་མྱག་བྱེད་དང་མཁྲིས་པ་འཇུ་བྱེད་དང་རླུང་མི་མཉམ་གསུམ་གྱི་གནས་སུ་བཞག་པར་བྱ་བ་ཡིན། དམིགས་བསལ་དུ་རྟེན་གྱི་དབང་དུ་བྱས་ན་དར་མ་མི་དྲོད་ཆེ་བ་དང་ལུས་བྲེལ་བ་སོགས་ལ་དེ་ལྟ་མ་ཡིན་པར་ཅུང་ཟད་འགྲངས་པར་བཟའ་ཆོག་པ་དང་། དུས་ཀྱི་དབང་དུ་བྱས་ན་དགུན་སྟོད་དང་། དགུན་སྨད། སྟོན་ཁ་གསུམ་ལ་མི་དྲོད་ཆེ་ཞིང་མཚན་མོ་རིང་བས་ནམ་གུང་ཚུན་ལ་ཟས་སྐོམ་བསྐྱར་དུ་བསྟེན་ན་ལེགས་ཚོགས་སུ་འགྱུར། ཟས་ཀྱི་ངོ་བོའི་དབང་དུ་བྱས་ན་ཟས་ཀྱི་ངོ་བོ་ལྕི་བའི་རིགས་མྱག་བཞུ་དྭངས་སྙིགས་འབྱེད་དཀའ་བས་ན་ཕྱེད་འགྲངས་ཙམ་དུ་བཟའ་རྒྱུ་གལ་ཆེའོ། །

  གཉིས་པ། ཟས་སྐོམ་གྱི་བསྟེན་ཐབས།

  ཟས་དང་སྐོམ་གྱི་བསྟེན་ཐབས་མདོར་བསྡུས་ན་ཟས་སྐོམ་སྤེལ་མར་བསྟེན་པ་དང་། ཟས་ཟོས་རྗེས་སྐོམ་བསྟེན་པ། སྐོམ་འཐུངས་རྗེས་ཟས་བསྟེན་པ་གསུམ་ཡོད་མོད། ང་ཚོའི་རྒྱུན་ལྡན་གྱི་འཚོ་བའི་ནང་དེ་ལ་དེ་འདྲ་དོ་སྣང་དང་ཞིབ་འཇུག་བྱེད་ཀྱིན་མེད་པར་མ་ཟད། རང་རང་གི་འདོད་མོས་ལྟར་ཟས་དང་སྐོམ་གཉིས་གང་འདོད་གང་དྲན་དུ་བསྟེན་ཀྱིན་འདུག

  ཟས་ཀྱི་རྗེས་སུ་སྐོམ་འཐུངས་ན་ནི་འདོད་པ་ངོམས་ཤིང་ཡིད་ཚིམ་པར་བྱེད་པར་མ་ཟད། ཡན་ལག་བརྟན་དང་མཁྲེགས་པར་བྱེད་ལ། ཁྱད་པར་དུ་ལུས་ཤ་སྐེམ་པོ་ཅན་ལ་ཤ་རྒྱས་པར་བྱེད།

  ཟས་མ་ཟོས་པའི་སྔོན་དུ་སྐོམ་འཐུངས་ན་ནི་དྲི་མ་སྐམ་ནས་འགག་པ་བདེ་བར་རྒྱུ་ལ་ལུས་ཀྱི་བཀྲག་མདངས་རྒྱས་པར་བྱེད་ལ། ཁྱད་པར་དུ་ལུས་གཟུགས་སྦོམ་པོ་ཅན་སྐེམ་པར་འགྱུར།

  ཟས་སྐོམ་སྔ་རྗེས་མེད་པར་སྤེལ་མར་བསྟེན་ན་ནི་ཟས་སྐོམ་ལེགས་པར་འཇུ་སླ་ལ་ལུས་ཟུངས་རན་པ་སྟེ་ཕྲ་སྦོམ་འཚམ་པར་འགྱུར་བ་སོགས་ཀྱི་དགེ་མཚན་ལྡན།

  གསུམ་པ།ཟས་ཚོད་དམན་ལྷག་གི་ཉེས་སྐྱོན།

  ཟས་སྐོམ་གྱི་ནུས་པ་ལྕི་ཡང་གི་ཤན་མ་ཕྱེས་པར་ཟས་ཚོད་ཉུང་ངུའམ་དམན་པར་བསྟེན་ན་ལུས་ཀྱི་སྟོབས་དང་། གཟི་མདངས་ལ་སོགས་པ་འཕེལ་བར་མི་འགྱུར་ཞིང་། ལུས་ཀྱི་ཟུངས་བཅུད་ཉམས་པས་ཡང་གཡོ་སོགས་ཀྱི་མཚན་ཉིད་འཕེལ་བས་རླུང་ནད་མ་ལུས་པ་འབྱུང་བར་བྱེད། དེ་ལས་ལྡོག་སྟེ་ཟས་སྐོམ་གྱི་ཚད་ཧ་ཅང་ཚད་ལས་ཐལ་དྲགས་པར་ཟོས་ན་ཕོ་བའི་མི་དྲོད་ཀྱིས་ཚུལ་བཞིན་ལེགས་པར་འཇུ་མི་ནུས་པའི་རྐྱེན་གྱིས་བད་ཀན་བེ་སྣབས་མང་དུ་སྐྱེ་ཞིང་འཕེལ་བར་བྱེད་པ་དང་། དེས་ནི་རླུང་མི་མཉམ་རྒྱུའི་རྩ་སྦུབས་རྣམས་བཀག་སྟེ་ཕོ་བའི་མི་དྲོད་ཉམས་པར་བྱེད་པར་མ་ཟད། མ་ཞུ་དེའང་རྒྱུ་བྱས་ནས་ཁོང་ནད་མ་ལུས་པ་སྐྱེད་པར་བྱེད་པས། ཕོ་བའི་མི་དྲོད་ཀྱི་སྟོབས་ཆེ་ཆུང་དང་ན་ཚོད་དང་འགུལ་སྐྱོད་དྲག་ཞན་སོགས་ལ་གཞིགས་ཏེ་ཁ་ཟས་མང་ཉུང་གི་ཚད་རན་པོ་བཟའ་རྒྱུ་ནི་གནད་ཆེའོ།   །

  བཞི་པ།ཟས་ཚོད་ཟིན་པའི་དགེ་མཚན།

  ཟས་སྐོམ་གྱི་ཚད་རན་པར་བསྟེན་གྱུར་ན་རླུང་ལ་སོགས་པའི་ཉེས་པ་རྣམས་རང་རང་གི་ལམ་མ་ཡིན་པ་རྣམས་སུ་མི་འགྲོ་ཞིང་ལུས་ཀྱི་མི་དྲོད་གསུམ་པོ་ཐམས་ཅད་ཆེས་ཆེར་འབར་ཞིང་འཇུ་བའི་ལས་བྱེད་པ་དང་། ལུས་ཡང་ཞིང་དང་ཁ་བདེ་ལ་མིག་ལ་སོགས་པའི་དབང་པོ་རྣམས་ཡུལ་སོ་སོ་ལ་གསལ་བར་ལོངས་སྤྱོད་པ་དང་། ཤེད་སྟོབས་ཆེ་ཞིང་བཤང་བ་དང་གཅི་བ་འོག་རླུང་དང་བཅས་པ་གནོད་མེད་བདེ་བར་རྒྱུ་ནས་ལུས་སྲོག་འཚོ་ཞིང་ཚེ་རིང་དུ་གནས་པར་འགྱུར་རོ།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།