དྲ་རྒྱའི་དབྱིངས་ཞུགས་པའི་གནོད་འཚེའི་སྐོར་གླེང་བ།

wKhQo1U17xmED5x8AAAAAOLoS54132.jpg

(གཅིག)དྲ་རྒྱའི་དབྱིངས་ཞུགས་པ་ཞེས་པའི་གོ་དོན།

  གལ་སྲིད་ན་གཞོན་ལོ་ཆུང་རྣམས་ལ་དྲ་རྒྱའི་དབྱིངས་ཞུགས་ཚེ་རྒྱུན་ལྡན་གྱི་འཚོ་བར་གནོད་པ་སྐྱེལ་ངེས། མི་ཁ་ཤས་ལ་དྲ་རྒྱའི་དབྱིངས་ཞུགས་ཚེ་ཀུན་སྤྱོད་ངན་པར་གྱུར་ཏེ་སྤྱི་ཚོགས་དང་ཁྱིམ་ཚང་ལ་གནད་དོན་མང་པོ་བཟོ་བ་རེད། བརྟག་དཔྱད་བྱས་པ་ལྟར་ན། ཕོ་ལ་དྲ་བའི་དབྱིངས་ཞུགས་ཚད་མོ་ལས་མང་བ་དང་། དེའི་ནང་གི་ན་གཞོན་ལོ་ཆུང་རྣམས་ལ་དྲ་རྒྱའི་དབྱིངས་ཞུགས་ཚད་དེ་བས་ཀྱང་མཐོ། ལོ13ནས17བར་གྱི་ན་ཆུང་རྣམས་ལ་དྲ་རྒྱའི་དབྱིངས་ཞུགས་པའི་བསྡུར་ཚད་མཐོ་ཞིང་།དེའི་ནང་གི་མང་ཆེ་ཤས་དྲ་རྒྱའི་རོལ་རྩེད་ནང་ཞུགས་པ་རེད།

  དྲ་རྒྱའི་དབྱིངས་ཞུགས་པ་ཞེས་པ་ནི་མིའི་བསམ་པ་དང་བྱ་སྤྱོད་ཡོངས་རྫོགས་དྲ་རྒྱ་ཁོ་ནར་བརྟེན་པའི་དབང་གིས་སེམས་ཁམས་མི་བདེ་བའི་གནས་ཚུལ་རབས་དང་རིམ་པ་བྱུང་བ་ལ་གོ ནད་རྟགས་གཙོ་བོ་ནི། དྲ་རྒྱ་བཀོལ་འདོད་ཀྱི་རེ་བ་ཆེན་པོ་ལྡན་པ་དང་། གལ་སྲིད་དྲ་རྒྱ་དང་ཁ་བྲལ་རྗེས་སེམས་ཁམས་མི་བདེ་བ་དང་བསམ་བློ་གཅིག་ཏུ་བསྡུ་དཀའ་བ།གཉིད་མི་ཡོང་བ་སོགས་ཀྱི་གནས་ཚུལ་འབྱུང་བ་དང་། བྱེ་བྲག་གི་ནད་རྟགས་ནི། དྲ་རྒྱར་ཞུགས་རྗེས། དུས་ཚོད་ལ་ཚོད་འཛིན་བྱེད་མི་ཐུབ་པས།དེ་བཞིན་སེམས་ཁམས་དང་ལུས་ཁམས་ཕྱོགས་སུ་གནོད་པ་རབས་དང་རིམ་པ་བྱུང་ཡོང་། དྲ་རྒྱའི་དབྱིངས་ཞུགས་རྗེས། གཉིད་ནས་སད་མ་ཐག་ཏུ་དྲ་རྒྱར་ཞུགས་འདོད་ཡོད་པ་དང་། དྲ་ཐོག་གི་སྣང་ཚུལ་ཡང་དང་ཡང་དུ་རྨི་ལམ་དང་མིག་ལམ་དུ་ཤར་ཡོང་། དྲ་ཐོག་ནས་རང་འདོད་ལྟར་ཁ་བརྡ་བྱེད་པ་དང་རྩེད་མོ་རྩེ་པར་ཧ་ཅང་དགའ། དངོས་ཡོད་ཀྱི་འཚོ་བར་མཐོང་ཆུང་བྱེད་པ།མི་དང་མིའི་བར་གྱི་འབྲེལ་བར་མཐོང་ཆུང་བྱས་པས་གྲོགས་པོ་ཉིན་རེ་བཞིན་ཇེ་ཉུང་ཡིན་ལ།གནས་ཚུལ་དེ་དག་ཚབས་ཆེན་ཡིན་དུས་སེམས་ཁམས་མི་བདེ་བ་དང་གཉིད་མི་ཁུག་པ། ཟ་མ་བཟའ་མི་འདོད་པ། རིག་པ་མི་གསལ་བ།ནུས་ཤུགས་དང་སེམས་ཤུགས་ཞན་པ་སོགས་ཀྱི་གནས་ཚུལ་འབྱུང་བ་རེད། ཐོག་མར་སེམས་པ་དྲ་རྒྱར་བརྟེན་པ་དང་རིམ་བཞིན་དུ་ལུས་སེམས་ཡོངས་རྫོགས་དྲ་རྒྱར་བརྟེན་པས། སེམས་ཁམས་མི་བདེ་བ་དང་མགོ་འཐོམ་པ། མིག་མི་གསལ་བ། ལག་པ་འདར་བ།ཐང་ཆད་པ། ཟ་མ་བཟའ་མི་འདོད་པ་བཅས་ཀྱི་ནད་རྟགས་འབྱུང་ངེས། སེམས་ཁམས་རིག་པའི་ཕྱོགས་ནས་ཚད་ལེན་བསྡོམས་རྩིས་བྱས་པ་ལྟར་ན། དུག་འཐེན་པའི་མི་ལའང་ཚད་མི་འདྲ་བའི་སེམས་ཁམས་འགལ་རྐྱེན་དང་སེམས་ཁྲལ། བྲེལ་འཚུབ་ལངས་པ།ཡིད་སྐྱོ་བ་སོགས་འབྱུང་ཞིང་། དྲ་རྒྱའི་དབྱིངས་ཞུགས་པའི་མི་ལའང་དེ་བཞིན་སེམས་ཁམས་ཕྱོགས་ཀྱི་འགལ་རྐྱེན་འབྱུང་བ་རེད། དེ་བས་མི་རྣམས་ཀྱིས་དྲ་རྒྱའི་དབྱིངས་ཞུགས་པ་དེར“གློག་རྡུལ་དུག”ཟེར།

  (གཉིས)དྲ་རྒྱའི་དབྱིངས་ཞུགས་པའི་བརྟག་དཔྱད་ཚད་གཞི།

  ཀྲུང་གོའི《དྲ་རྒྱའི་དབྱིངས་ཞུགས་པའི་བརྟག་དཔྱད་ཚད་གཞི》ནང་དུ་དྲ་རྒྱའི་སྟེང་ནས་རོལ་རྩེད་ལ་གཡེངས་སྐབས་དབྱིངས་ཞུགས་པའི་མི་དེ་ཚོ་སྨྱོ་ནད་ནང་དུ་རྩིས་ཡོད།ཚད་གཞི་ལྟར་ན། དྲ་རྒྱའི་དབྱིངས་ཞུགས་པའི་ནང་དུ་དྲ་རྒྱའི་རོལ་རྩེད་དང་དྲ་རྒྱའི་འདོད་ལོག དྲ་རྒྱའི་འབྲེལ་འདྲིས། དྲ་རྒྱའི་ཆ་འཕྲིན། དྲ་རྒྱའི་ཉོ་ཚོང་བཅས་རིགས་ལྔ་འདུས་པར་བསྟན། ཚད་གཞི་དེའི་ནང་དུ་དྲ་རྒྱའི་དབྱིངས་ཞུགས་པའི་བརྟག་དཔྱད་ཚད་གཞི་གཏན་འཁེལ་གསལ་པོ་བྱས་ཡོད།

  དྲ་རྒྱ་བཀོལ་བའི་རེ་འདོད་ཧ་ཅང་ཆེ། དྲ་རྒྱའི་ནང་ཞུགས་ཚད་ཇེ་ཉུང་དུ་གཏོང་བ་དང་ཡང་ན་དྲ་རྒྱའི་ནང་ཞུགས་མཚམས་བཞག་རྗེས། ལུས་པོ་མི་བདེ་བ་དང་ཡང་ན་སེམས་ཁམས་མི་བདེ་བའི་གནས་ཚུལ་འབྱུང་བར་མ་ཟད། ད་དུང་བསམ་བློ་གཅིག་ཏུ་བསྡུ་དཀའ་བ་དང་གཉིད་མི་ཡོང་བ་སོགས་ཀྱི་གནས་ཚུལ་འབྱུང་།

  གཤམ་གྱི་དོན་ཚན་ནང་གི་དོན་ཚན་གཅིག་དང་མཐུན་ན་དྲ་རྒྱའི་དབྱིངས་ཞུགས་འདུག་པ་སྟེ།

  ◆དྲ་རྒྱ་བཀོལ་བའི་དུས་ཚོད་ལ་ཡིད་མི་ཚིམ་པར་རྒྱུན་དུ་ཇེ་རིང་དུ་གཏོང་བ།

  ◆དྲ་རྒྱ་བཀོལ་དུས་དུས་ཚོད་ཚོད་འཛིན་བྱེད་བཀའ་བ། ཡང་དང་ཡང་དུ་འབད་བརྩོན་བྱས་རུང་གྲུབ་འབྲས་མིད་པ།

  ◆དྲ་རྒྱ་བཀོལ་ཚད་མང་སོང་ན་གནོད་པ་ཆེན་པོ་ཡོད་པ་གསལ་བོར་ཤེས་རུང་མཚམས་འཇོག་དཀའ་བ།

  ◆དྲ་རྒྱ་བཀོལ་བ་ཁོ་ནར་བརྟེན་ནས་གཞན་པའི་སྤྲོ་བ་དང་རོལ་རྩེད།ཡང་ན་སྤྱི་ཚོགས་ཀྱི་བྱ་འགུལ་གཞན་པ་གཅིག་ཀྱང་མིད།

  ◆དྲ་རྒྱར་ཞུགས་པ་ནི་གནད་དོན་གཞན་པར་གཡོལ་པའི་ཆེད་དང་ཡང་ན་སེམས་ཁམས་བདེ་བའི་ཆེད་ཡིན་པ།

  དྲ་རྒྱའི་དབྱིངས་ཞུགས་པའི་ཚད་གཞི་ནི།ཆ་སྙོམས་ཀྱིས་ཉིན་རེར་དྲ་རྒྱ་བཀོལ་བའི་དུས་ཚོད6ལ་སླེབས་པ་དང་ཡང་ན་དེ་ལས་བརྒལ་བ། དེ་མིན་ད་དུང་དྲ་རྒྱའི་དབྱིངས་ཞུགས་པའི་དུས་ཡུན་ཟླ་བ3ཡན་དུ་སླེབས་པ།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།