ཡི་དམ་དང་ཆོས་སྐྱོང་གི་ཁྱད་པར།

 ༄༅། །དེང་སྐབས།   ལ་ལ་ཞིག་གིས་ཡི་དམ་ཞེས་པ་དང་ཆོས་སྐྱོང་ཞེས་པ་ཅི་ཞིག་ཡིན་པ་ཧ་གོ་ཡི་མི་འདུག  ཁ་ཅིག་ལ་རྡོ་རྗེ་འཇིགས་བྱེད་ཀྱང་ཆོས་སྐྱོང་ཡིན་སྣང་འཆར་བཞིན་ཡོད་ལ།   འགའ་ཞིག་ཆོས་སྐྱོང་ཡང་ཡི་དམ་དུ་བསྟེན་བཞིན་ཡོད།  དོན་དུ་དེ་གཉིས་མི་འདྲའོ། ། དཔེ་ཞིག་བཞག་ན།  ཡི་དམ་ནི་རྒྱལ་བོའམ་གོང་མ་ལྟ་བུ་དང་། ཆོས་སྐྱོང་ནི་དམག་དཔོན་དང་སྐུ་སྲུང་ལྟ་བུའོ། །དེའི་ཕྱིར་དེ་གཉིས་མི་འདྲའོ། །ང་ཚོས་ཆོས་སྐྱོང་བསྟེན་པ་ནི།  རང་ཉིད་ཀྱིས་ཆོས་སྒྲུབ་པའི་འགལ་རྐྱེན་བར་ཆད་ཐམས་ཅད་སེལ་ཏེ།  འདོད་པའི་དོན་མྱུར་བར་འགྲུབ་པའི་ཆེད་དུ་ཡིན། དེའི་ཕྱིར་ཆོས་སྐྱོང་ཞེས་བརྗོད་དོ། །

ནང་བསྟན་ལྟར་ན།  ཆོས་སྐྱོང་མང་བོ་ཡོད་པ་ཡིན།  རྒྱ་བརྒྱུད་ནང་བསྟན་ལ་མཚོན་ནའང་།  མི་རྣམས་དགོན་པ་ཞིག་ལ་འཛུལ་དུས། མདུན་དུ་རྒྱལ་བ་བྱམས་པ་དང་རྒྱབ་ཏུ་ཆོས་སྐྱོང་བེ་ཏ་མཐོང་ཐུབ།  བེ་ཏ་ནི་ཆོས་སྐྱོང་སྟེ། ནག་པོ་ཆེན་པོའོ། །དེ་ཡང་ང་ཚོས་མ་ཧཱ་ཀ་ལ་ཞེས་འབོད་པ་དེ་ཡིན།  དེ་ནི་ཆོས་སྐྱོང་ཐམས་ཅད་ཀྱི་གཙོ་བོའོ། །རྒྱ་བརྒྱུད་ནང་བསྟན་དུ་དེ་ཡི་སྣང་ཚུལ་མི་འདྲ་ནའང་དོན་དུ་གཅིག་ཡིན། དེ་ལས་གཞན།  ཆོས་སྐྱོང་ལ་འཇིག་རྟེན་ལས་འདས་མ་འདས་གཉིས་ཡོད། འཇིག་རྟེན་ལས་འདས་པའི་ཆོས་སྐྱོང་རྣམས་ནི་ཡི་དམ་དང་སངས་རྒྱས་བྱང་སེམས་དག་གི་སྤྲུལ་བ་ཡིན་ལ། དེ་ལ་འཇིག་རྟེན་ལས་འདས་པའི་ཆོས་སྐྱོང་ཟེར།  དཔེར་ན།  མགོན་པོ་ཕྱག་དྲུག་པ་དང་དམ་ཅན་ཆོས་ཀྱི་རྒྱལ་བོ། དཔལ་ལྡན་ལྷ་མོ་ལྟ་བུའོ། །དེ་དག་སོ་སོར་འཕགས་པ་སྤྱན་རས་གཟིགས་དང་རྗེ་བཙུན་འཇམ་པའི་དབྱངས།  ལྷ་མོ་དབྱངས་ཅན་མ་རྣམས་ཀྱི་སྤྲུལ་བ་ཡིན།

དེར་བརྟེན།  ཡི་དམ་གང་ཞིག་གིས་ཆོས་སྐྱོང་གི་ཚུལ་བཟུང་བ་ཡིན་ན། དེ་ལ་ཆོས་སྐྱོང་ལྟར་གསོལ་མཆོད་བྱ་དགོས།  མ་ཧཱ་ཀ་ལ་སོགས་འཇིག་རྟེན་ལས་འདས་པའི་ཆོས་སྐྱོང་ཕལ་ཆེར་སངས་རྒྱས་དངོས་ཡིན།  རྩ་བའི་ཆ་ནས་མ་ཧཱ་ཀ་ལ་འཕགས་པ་སྤྱན་རས་གཟིགས་ཀྱིས་སྤྲུལ་ཞིང་།  སྤྱན་རས་གཟིགས་ནི་སངས་རྒྱས་སོ། །དེ་བཞིན་དམ་ཅན་ཆོས་རྒྱལ་དང་དཔལ་ལྡན་ལྷ་མོ་གཉིས་ཀྱང་སོ་སོར་རྗེ་བཙུན་འཇམ་པའི་དབྱངས་དང་དབྱངས་ཅན་མས་སྤྲུལ་ཞིང་། འཇམ་པའི་དབྱངས་དང་དབྱངས་ཅན་མ་གཉིས་ཀྱང་སངས་རྒྱས་དང་ཡི་དམ་མོ། །འོན་ཀྱང་གང་གིས་སྤྲུལ་བའི་དཔལ་ལྡན་ལྷ་མོ་སོགས་ནི་སྤྲུལ་བ་སྟེ། རྣམ་པ་སྟོན་ཚུལ་མི་འདྲའོ། །

ཚང་མས་ཤེས་གསལ་ལྟར།  སྟོན་པ་ཤཱཀྱ་ཐུབ་པས་ཆོས་འཁོར་བསྐོར་དུས། ཉེ་བའི་སྲས་བརྒྱད་སྟོན་པའི་འཁོར་གྱི་རྣམ་པར་བྱོན་ཅིང་། བྱང་སེམས་ཀྱི་ཚུལ་བཟུང་ནས་སངས་རྒྱས་ཀྱི་བསྟན་པ་སྤེལ་བ་རེད།  དེ་ནི་བསྟན་པ་གཅིག་ལ་སྟོན་པ་གཉིས་མི་རུང་བས་ཏེ།  རྒྱལ་ཁབ་གཅིག་ལ་རྒྱལ་བོ་གཉིས་མེད་པ་བཞིན་ནོ། །དེའི་ཕྱིར། ཉེ་བའི་སྲས་བརྒྱད་སྔར་ནས་སངས་རྒྱས་སུ་ཟིན་ཀྱང་། སྟོན་པ་ཤཱཀྱ་ཐུབ་པར་ཞབས་འདེགས་དང་ཐུབ་པའི་བསྟན་པ་སྤེལ་བའི་ཆེད་དུ་བྱང་སེམས་ཀྱི་རྣམ་པ་བསྟན་པ་རེད།  དེས་ན་ཆོས་སྐྱོང་འདི་དག་ཀྱང་ཆོས་སྐྱོང་བ་ཁོ་ནའི་ཆེད་དུ།  ཆོས་སྐྱོང་གི་ཚུལ་བཟུང་བ་རེད་ལ། ཆོས་སྐྱོང་གི་ཚུལ་གྱིས་འགྲོ་བའི་དོན་མཛད་ཅིང་།  སངས་རྒྱས་ཀྱི་བསྟན་པ་དང་བསྟན་འཛིན་གྱི་སྐྱེས་བུ་བུ་བཞིན་སྐྱོང་བ་རེད་དོ། །

འཇིག་རྟེན་པའི་ཆོས་སྐྱོང་ནི།  སངས་མ་རྒྱས་པའི་རིགས་ཏེ། འཇིག་རྟེན་པ་ཟེར་དོན་ཡང་མཐོང་ལམ་ཙམ་ཡང་མ་ཐོབ་པས་ནའོ། །དཔེར་ན་ལྷའམ་གཞི་བདག་ལྟ་བུའོ། །ཡང་ན།  རྗེ་ཙོང་ཁ་བ་ཆེན་པོའི་འཁྲུངས་གནས་ཀྱི་ཨ་མྱེས་རྨ་ཆེན་ལྟ་བུ་སྟེ། རྨ་ཆེན་གངས་ལ་གནས་པའོ། །རྗེ་ཙོང་ཁ་བ་དབུས་ལ་ཕེབས་དུས།  ཨ་མྱེས་རྨ་ཆེན་གྱིས་རྟག་པར་ཕེབས་སྐྱེལ་མཛད་ཅིང་།  རྗེ་བླ་མའི་གསོལ་ཐབ་པའི་རྣམ་པ་བཟུང་ནས་ལམ་རིང་བོར་ཁོང་ལ་བཞེས་པ་དང་འཚོ་བ་སྦྱར། དབུས་སུ་འབྱོར་རྗེས།  ཨ་མྱེས་རྨ་ཆེན་གྱིས་རྟག་པར་རྗེ་བླ་མའི་སློབ་གཉེར་ལ་མཐུན་རྐྱེན་དང་སྡོངས་གྲོགས་མཛད།  ཕྱིས་སུ།  རྗེ་ཙོང་ཁ་བས་དགའ་ལྡན་དགོན་པ་ཕྱག་བཏབ་རྗེས།  དགོན་པའི་ཕྱི་ལོགས་སུ་དེ་ལ་ལྷ་ཁང་བཞེངས་ཤིང་།  མི་རྣམས་དེར་སོང་ནས་གསོལ་མཆོད་འབུལ་བ་ཡིན། ཅིའི་ཕྱིར་ཕྱི་ལོགས་སུ་བཞེངས་པ་ཡིན་ནམ་ཞེ་ན།  དེ་ནི་ཁོ་རང་འཇིག་རྟེན་པའི་ལྷ་ཡིན་པའི་རྒྱུ་མཚན་གྱིས་ཡིན།  དེའི་རྐྱེན་གྱིས་དགོན་པའི་ནང་དུ་འཛུལ་བའི་སྐབས་མེད་པ་རེད།  ཁོ་རང་འཇིག་རྟེན་ལས་འདས་པ་མིན་པས་མཆོག་གསུམ་གྱི་ཁོངས་སུའང་མི་གཏོགས་པ་ཡིན།  འཇིག་རྟེན་ལས་འདས་པའི་ཆོས་སྐྱོང་ནི་མཆོག་གསུམ་ལས་དགེ་འདུན་དཀོན་མཆོག་ཏུ་གཏོགས་པ་ཡིན། 

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།