ཀ་ཐོག་རིག་འཛིན་ཆེན་པོ་ངོ་སྤྲོད་མདོར་བསྡུས།

གསང་སྔགས་སྔ་འགྱུར་རིག་འཛིན་དམ་པ་སྐྱེས་མཆོག་ཅིག་སྟེ་མཚན་ཡོངས་གྲགས་སུ་ཀ་ཐོག་རིག་འཛིན་ཆེན་པོར་ཞུ་ཞིང་། མཚན་གཞན་ལ་ཚེ་དབང་ནོར་བུ་ཞེས་ཀྱང་འབོད། རབ་བྱུང་བཅུ་གཉིས་པའི་ས་སྟག་ལོ་༼1698༽ལོར། མདོ་སྨད་ས་ངན་གསོ་བ་ཞེས་པའི་གྲོང་དུ་ཡབ་རྔུ་བ་ཨ་ཏི་མགོན་པོའམ་ཇོ་བོ་སྐྱབས་དང་། ཡུམ་སྒོ་བཟའ་རྡོ་རྗེ་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། སྟག་བླ་པདྨ་ནོར་བུའི་ཡང་སྲིད་དུ་ངོས་བཟུང་། དགུང་ལོ་ལྔ་ནས་བཅུ་བདུན་བར་དུ་གྲུབ་དབང་པདྨ་བདེ་ཆེན་གླིང་པ་སོགས་མཁས་གྲུབ་ཀྱི་བླ་མ་མང་པོར་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན། དགུང་ལོ་བཅོ་བརྒྱད་པ་ཤིང་ལུག་༼1715༽ལོར་སྤོ་བོ་དང་། ཀོང་པོ་བརྒྱུད་ནས་དབུས་གཙང་དུ་ཕེབས། གྲུབ་མཐའ་རིས་མེད་ཀྱི་ཆོས་སྐོར་མང་པོ་གསན་ནས་ལོ་ཤས་བཞུགས། དགུང་ལོ་ཉེར་དྲུག་པ་ཆུ་ཡོས་༼1723༽ལོར་ཁམས་ཀ་ཐོག་ཏུ་ཕེབས་ནས་དགོན་པའི་གདན་ས་མཛད། ལོ་དེའི་སྟོན་མཇུག་ལ་སླར་ཡང་དབུས་གཙང་དང་། ལ་སྟོད་དིང་རི་བརྒྱུད་ནས་བལ་ཡུལ་དུ་ཕེབས། དགུང་ལོ་སུམ་ཅུའི༼1727༽ལོར་མངའ་རིས་མང་ཡུལ་དུ་ཕེབས་ནས་ལོ་ཤས་བཞུགས། དགུང་ལོ་སོ་གཅིག་པར་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་རབ་གནས་བྱོན། དགུང་ལོ་ཞེ་བརྒྱད་པ་ཤིང་གླང་༼1745༽ལོར་གཙང་ཁུལ་ནས་དྭགས་པོ་བརྒྱུད་དེ་ཀུང་པོར་ཕེབས། ཉང་ཁ་ལྗོན་ས་ལུང་དུ་བཞུགས་སྐབས་《བོད་རྗེ་ལྷ་བཙན་པོའི་གདུང་རབས་ཚིག་ཉུང་དོན་གསལ》གསུང་རྩོམ་རིན་ཐང་བྲལ་བ་དེ་བརྩམས་གནང་མཛད། དགུང་ལོ་ང་གཅིག་པ་༼1748༽ལོར་སི་ཏུ་རིན་པོ་ཆེ་ཆོས་ཀྱི་འབྱུང་གནས་དང་ལྷན་དུ་བལ་ཡུལ་ལ་ཕེབས། བལ་བོའི་རྒྱལ་པོས་ཞུས་པ་ལྟར་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉམས་གསོ་ཕུན་སུམ་ཚོགས་པ་གནང་། དེ་ནས་ཕྱིར་ལོག་པའི་ཕེབས་པའི་ལམ་བར་གློ་བོ་སྨན་ཐང་ངམ་མངའ་རིས་གུང་ཐང་དུ་འབོད་པའི་ནང་གསེས་གུང་ཐང་ཟ་འོག་ཕུག་ཏུ་ལོ་གཅིག་ལྷག་ཙམ་བཞུགས་རིང་མངའ་རིས་གུང་ཐང་གི་རྒྱལ་རབས་ཀྱི་ཡིག་རྙིང་མང་པོར་ཞིབ་འཇུག་ཐོག་《གུང་ཐང་རྒྱལ་རབས་》རྩོམ་སྒྲིག་གནང་། དགུང་ལོ་ང་ལྔར་ཕེབས་པ་ཆུ་སྦྲེལ་༼1752༽ལོར་ལ་དྭགས་སྟོད་སྨད་གཉིས་ལ་ནང་འཁྲིག་ཤོར་བ་བོད་ས་གནས་སྲིད་གཞུང་ལ་བར་ཆིངས་ཡོང་བའི་རེ་འདུན་ཞུས་སྐབས། ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོས་རིག་འཛིན་ཆེན་པོ་ཉིད་ལ་བཀའ་ཡིག་ཕེབས་པ་ལྟར། ལ་དྭགས་སུ་ཕེབས་ནས་ལོ་ཕྱེད་གཉིས་ཙམ་བཞུགས་ཏེ་ཆིངས་སྒྲིག་མཛད་པ་ཕན་ཚུན་གཉིས་ཀས་གུས་བཀུར་ཞུས། དགུང་གྲངས་ང་བདུན་པ་ཤིང་ཁྱི་༼1754༽ལོར་སླར་ཡང་བལ་ཡུལ་དུ་ཕེབས། དེའི་ཕྱི་ལོ་མངའ་རིས་མང་ཡུལ་སྐྱིད་གྲོང་དུ་ཕེབས་ནས་གནས་དེར་དགོངས་པ་རྫོགས། གསུང་རྩོམ་པོད་ཆེན་བཞི་ཡོད་ཅེས《ལ་དྭགས་རྒྱལ་རབས་》སུ་གསལ།

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།