སྐོར་བ་བྱེད་ཚུལ།

20140126112313748.jpg

༡ སྐོར་བ་བྱེད་དགོས་པའི་རྒྱུ་མཚན།
དེ་ཡང་མདོ་རྒྱ་ཆེར་རོལ་བ་ལས། བསོད་ནམས་རྣམ་སྨིན་བདེ་སྟེ་སྡུག་བསྔལ་ཐམས་ཅད་སེལ།། བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ།། ཅེས་གསུངས་པ་ལྟར། སེམས་ཅན་རྣམས་བདེ་བ་འདོད་པ་དང༌། སྡུག་བསྔལ་མི་འདོད་པ་མྱོང་བས་གྲུབ་པ་ཡིན་ལ། བདེ་བ་འདོད་ན་བདེ་བའི་རྒྱུ་བསོད་ནམས་བསགས་པ་ལས་གཞན་མེད་པས་ངེས་པར་དུ་བསོད་ ནམས་གསོག་ཐབས་ལ་འཇུག་དགོས་པ་ཡིན། བསོད་ནམས་ཅི་ལྟ་བུ་ཞེ་ན། ཕྱག་འཚལ་བ་དང་མཆོད་པ་བྱེད་པ་སོགས་ཡན་ལག་བདུན་དང༌།
གཞན་ཡང་དམན་པའི་སེམས་ཅན་རྣམས་ལ་སྙིང་བརྩེ་བར་བྱེད་པ་སོགས་ཏེ། སྐོར་བ་བྱེད་པ་འདི་ནི་ཡན་ལག་བདུན་གྱི་ནང་ཚན་མཆོད་པ་བྱེད་པའི་གྲས་སུ་འགྲོ་བ་ སློབ་དཔོན་བློ་བརྟན་གྱི་མདོ་རྒྱན་འགྲེལ་བར། དེ་བཞིན་གཤེགས་པ་མཆོད་པ་ལ་རྣམ་པ་གཉིས་ཏེ། ཟིང་ཟིང་གི་མཆོད་པ་དང་སྒྲུབ་པས་མཆོད་པའོ།
ཟང་ཟིང་གི་མཆོད་པ་ལའང་རྣམ་པ་གཉིས་ཏེ། རྙེད་པས་མཆོད་པ་དང་བཀུར་སྟིས་མཆོད་པའོ། དེ་ལ་ཆོས་གོས་དང་ལྷུང་བཟེད་ལ་སོགས་པ་དབུལ་བ་ནི་རྙེད་པའི་མཆོད་པའོ། ཕྱག་འཚལ་བ་དང་སྐོར་བ་བྱེད་པ་ལ་སོགས་པ་ནི་བཀུར་སྟིས་མཆོད་པའོ།། ཞེས་གསུངས་སོ།
       ༢ གཙུག་ལག་ཁང་དང་མཆོད་རྟེན་སོགས་ལ་སྐོར་བ་བྱེད་དོན།
གཙུག་ལག་ཁང་ནི་སངས་རྒྱས་ཀྱི་སྐུའི་རྟེན་དང་ལུང་ཆོས་སྡེ་སྣོད་གསུམ་ཡི་གེ་ གླེགས་བམ་གྱི་གཟུགས་སུ་བྱས་པ་བཞུགས་པའི་རྟེན་ཡིན་པར་མ་ཟད། དགེ་འདུན་རྣམས་འདུ་བའི་གནས་ཀྱང་ཡིན་སྟབས་གཙུག་ལག་ཁང་ལ་བཀུར་སྟི་བྱས་པས་ དཀོན་མཆོག་གསུམ་ལ་བཀུར་སྟི་བྱས་པར་འགྲོ་ཞིང༌། མཆོད་རྟེན་ཀྱང་སངས་རྒྱས་ཀྱི་རིང་བསྲེལ་ལམ་ཡང་ན་འཕགས་ཆེན་བྱང་ཆུབ་སེམས་དཔའ་ རྣམས་ཀྱི་སྐུ་གདུང་དང་རིང་བསྲེལ་གསུང་རབ་ཡི་གེ་གླེགས་བམ་གྱི་རྣམ་པ་གཟུངས་ ཆེན་སྡེ་ལྔ་སོགས་བཞུགས་པས་བཀུར་སྟི་བྱས་ན་ཕན་ཡོན་ཐོབ་ཚུལ་གོང་དང་མཚུངས། དེ་ལྟར་ན་མདོ་ལས། གང་ཞིག་བཞུགས་ལ་མཆོད་པ་དང༌།། མྱ་ངན་འདས་པའི་སྐུ་གདུང་ལ།། སེམས་ནི་མ་མཉམ་དྭངས་པ་ཡིས།། མཆོད་པ་ལ་ནི་ཁྱད་པར་མེད།། ཅེས་གསུངས་པ་ལྟར། སངས་རྒྱས་མི་བཞུགས་པའི་སྐབས་སུ་སངས་རྒྱས་ཀྱི་གདུང་རྟེན་སོགས་ལ་བཀུར་སྟི་ བྱེད་དགོས་པ་ཡིན།
དེར་མ་ཟད་སྐོར་བ་བྱས་པས་ནི་བསྐོར་ཡུལ་དེ་ཉིད་ལ་ཕྱོགས་གཅིག་ནས་མཇལ་ཙམ་གྱིས་ མི་ངོམས་པར་བསྐོར་ཞིང༌། ཕྱོགས་ཀུན་ནས་ལན་མང་དུ་མཇལ་བ་ཡང་མཚོན་གྱི་ཡོད།
      ༣ གཡས་སྐོར་བྱེད་དགོས་པའི་རྒྱུ་མཚན།
གཡས་ཕྱོགས་ཀྱིས་ནི་ལམ་ཡང་དག་པ་དང༌། ཕྱིན་ཅི་ལོག་གཉིས་ལས་ཡང་དག་པའི་ལམ་མཚོན་གྱི་ཡོད་ལ། སངས་རྒྱས་ཀྱི་མཚན་དཔེ་བཤད་སྐབས། གཡས་ཕྱོགས་སུ་གཤེགས་པའི་དོན་ལ། ལམ་གྱི་སྐོར་ཕྱོགས་དང་མཐུན་པར་གཤེགས་པ་ཞེས་སོགས་འབྱུང༌། དེས་ན་སྐོར་ཡུལ་དེ་རང་གི་གཡས་ཕྱོགས་སུ་བཞག་པས་ཡུལ་དེ་ལ་གུས་པ་བྱས་པའི་རྣམ་ འགྱུར་དུ་འགྲོ་བ་སྟེ་གཡས་ཕྱོགས་ཡང་དག་པ་མཚོན་བྱེད་དུ་བརྩི་བའི་ལུགས་སྲོལ་ རྒྱུན་འཁྱོངས་བྱེད་པ་ཞིག་ཡིན།
      ༤ སྐོར་བའི་གྲངས།
སྤྱིར་སྐོར་བའི་གྲངས་མང་ཅི་ཐུབ་ཡིན་པས་མང་མཐའ་ལ་ཚད་འཛིན་རྒྱུ་མེད་རུང༌། ཉུང་མཐར་ལན་གསུམ་རེ་སྐོར་དགོས་པ་མདོ་སྔགས་གཉིས་ལས་གསལ་ཞེས་དགེ་བཤེས་དཔལ་ ལྡན་གྲགས་པས་གསུངས།
     ༥ སྐོར་བ་བྱེད་སྐབས་ཀྱི་བསམ་བློ།
རང་རེ་གངས་ཅན་པ་རྣམས་ཐེག་པ་ཆེན་པོའི་རིགས་ཅན་ཤ་སྟག་ཡིན་སྟབས། དགེ་རྩ་ཆེ་ཆུང་གང་འདྲ་ཞིག་བསགས་ཀྱང་དམ་པ་རྣམ་གསུམ་གྱིས་རྩིས་ཟིན་དགོས་ཚུལ་ ཐེག་པ་ཆེན་པོའི་སྡེ་སྣོད་དུ་མ་ལས་བྱུང་བས་བསྐོར་བ་བྱེད་དུས་ཀྱང་དམ་པ་རྣམ་ གསུམ་གྱིས་རྩིས་ཟིན་པར་བྱ་བ་མེད་དུ་མི་རུང་བའི་གནད་ཅིག་ཡིན།
     ༦ སྐོར་བ་བྱེད་སྐབས་ཀྱི་བསླབ་བྱ།
སྐོར་བ་བྱེད་སྐབས་ཡུལ་དམ་པ་རྣམས་ལ་དད་གུས་དང༌། ཉམ་ཐག་པའི་འགྲོ་བ་རྣམས་ལ་བརྩེ་བའི་སེམས་ཀྱིས་ཁྱབ་པར་བྱས་ཏེ་བསྐོར་བ་ལས། ཞེ་སྡང་དང༌། གནོད་སེམས། ངག་འཁྱལ་དང་གྲགས་འདོད་སོགས་ལ་བརྟེན་ནས་སྐོར་བ་བྱས་ན་ཆོས་ལ་བརྟེན་པའི་ཉེས་པ་ ཚབས་ཆེན་དུ་འགྱུར་བས་ཡིད་གཟབ་བྱེད་དགོས་ཤིང༌། འདུལ་བ་མེ་ཏོག་ཕྲེང་རྒྱུད་སོགས་ལས། བསླབ་པ་བཟུང་བ་རྣམས་ཀྱིས་ངག་འཁྱལ་སོགས་དང་སྦྲགས་ཏེ་སྐོར་བ་བྱས་ན་གོམ་པ་རེ་ རེ་བཞིན་ཉེས་བྱས་རེ་རེ་བྱུང་བར་གསུངས་པས་རབ་ཏུ་བྱུང་བ་རྣམས་ཀྱིས་ལྷག་པར་ ཐུགས་གཟབ་བྱེད་དགོས་པར་སྣང་ངོ༌།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།