༼རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག༽ལས་དཔའ་བོ་རྒྱ་ཚ་ཞལ་དཀར་གྱི་སྐོར།

 ཁོར་ཡུག་མི་འདྲ་བ་ནང་རིག་གནས་རང་མཚན་པ་བསྐྱེད་པ་ལྟར་ན།  སྡེ་དགེའི་ཤར་ལྷོ་གཉིས་ཀྱི་མཚམས་སུ་ཆགས་ཏེ་མཚོ་ངོས་ལས་མཐོ་ཚད༦༡༦༨ཡོད་པའི་ཁྲོ་ལ་རི་བོའི་འགག་སྒོ་དང་། ནུབ་ཕྱོགས་འབྲི་ཆུའི་རགས་ཀྱི་དྲིན་ལས།རྫོང་དེའི་མངའ་ཁོངས་སུ་སྲོལ་རྒྱུན་རིག་གནས་ལ་ལྷད་དེ་ཙམ་ཕོག་མེད་པ་དང་། ལོ་རྒྱུས་རིག་གནས་ཀྱི་རྗེས་ཤུལ་མང་པོར་གཏོར་བཤིག་མ་ཐེབས་པར་ལྷག་ཡོད་པ་རེད། འོན་ཀྱང་། དངོས་ཕན་རིང་ལུགས་ལ་ཞེན་པའི་ན་གཞོན་ཚོས་དེ་དག་ལ་མིག་ཟུར་ཙམ་ཡང་འཕེན་མི་སྲིད་པ་དང་། ཕྱི་རོལ་གྱི་དེང་རབས་རིག་གནས་པ་ཚོས། བོད་ཡུལ་ནི་གསང་བ་ལྐོག་གྱུར་གྱི་ལྷ་སྒྲུང་དང་གཏམ་རྒྱུད་ཀྱིས་དབང་བསྒྱུར་བར་བརྩིས་ཏེ། དམངས་ཁྲོད་དུ་ས་ཁྱབ་རྡོ་ཁྱབ་ཀྱི་ཡུལ་སྲོལ་རིག་གནས་དང་།ལོ་རྒྱུས་རིག་གནས་ལ་ཡི་མ་རངས་པའམ་ཆ་མི་འཇོག་པའི་ཚུལ་ཡང་མཐོང་།

༡.jpg

དཔལ་ལྡན་ལྕགས་ར་དགོན་བསམ་གྲུབ་ལྷ་རྩེ།

ད་སྔོན་བར་སྡེ་དགེ་རྫོང་དུ་སོང་བ་བགྲང་གིས་མི་ལངས་མོད། ལས་དོན་དང་དུས་ཚོད་ཀྱི་དབང་གིས་རང་ཉིད་འགྲོ་འདོད་ས་མང་པོར་འགྲོ་མ་ཐུབ་པས།  ཐེངས་འདིར་ཉིན་ལྔ་ཙམ་དགོངས་པ་ཞུས་ནས།རི་ཆུ་བར་དུ་ལྷག་ཡོད་པའི་ལོ་རྒྱུས་རིག་གནས་ཀྱི་རྗེས་ཤུལ་མཇལ་བ་དང་།  དམངས་ཁྲོད་དུ་ལུས་པའི་ངག་རྒྱུན་འཚོལ་དུ་སོང་བ་ཡིན།

རྫོང་དེར་སླེབས་པའི་ཕྱིར་དྲོར་ཟ་མ་ཟ་དུས།འགྲམ་དུ་ཡོད་པའི་རྒྱ་མི་གསར་འགོད་པ་ཞིག་གིས། སྡེ་དགེ་ནི་གེ་སར་འཁྲུངས་སའི་ཕ་ཡུལ་རེད་ཅེས་གྲགས་ཀྱང་། དོན་དངོས་སུ་གེ་སར་ཞེས་པའི་མི་སྣ་ཞིག་ཡོད་དམ་མེད་ཅེས་དྲིས་བྱུང་། ངས་ཁོ་ལ་སྤྱིར་གེ་སར་ཞེས་པའི་མི་སྣ་དེར་ལོ་རྒྱུས་ཀྱི་སྣང་བརྙན་དང་དམངས་ཁྲོད་ཀྱི་སྣང་བརྙན། རྩོམ་རིག་གི་སྣང་བརྙན་བཅས་ཡོད་པས།མི་དམངས་ཚོས་སྒྲོ་བཏགས་ནས་གེ་སར་ནི་རྫུ་འཕྲུལ་ལྡན་པའི་ལྷ་རུ་བཀུར་བ་དང་། རྩོམ་རིག་ནང་གེ་སར་ནི་སོ་སོའི་སྐྱེས་བུའི་བསམ་ཡུལ་ལས་འདས་པའི་མི་སྣ་རུ་གསར་བཞེངས་བྱས་པ་བཅས་རྒྱུ་མཚན་བྱས་ཏེ།ལོ་རྒྱུས་ཀྱི་མི་སྣ་དངོས་ཀྱི་སྣང་བརྙན་ལོགས་སུ་བཀར་ཏེ་མེད་པར་འདོད་པ་ནི་དོན་དངོས་དང་མི་མཐུན།  འཛམ་གླིང་ན་སྐད་གྲགས་ཆེ་བའི《ཧོ་མེར་ལོ་རྒྱུས་སྙན་རྩོམ་རིང་མོ》ཡང་བོད་ཀྱི་གླིང་གེ་སར་སྒྲུང་དང་འདྲ་མོད།  ཕྱི་རྒྱལ་གྱི་གནའ་རྫས་རྟོག་དཔྱོད་པ་རྣམས་ཀྱིས་སྒྲུང་ནང་བཀོད་པའི་ས་མིང་རྣམས་ཡུལ་དངོས་ནས་འཚོལ་རྙེད་བྱུང་བ་ལྟར།  གླིང་སྒྲུང་ནང་བཤད་པའི་དཔའ་བོ་རྣམས་ཀྱི་མཁར་རྫོང་སོགས་རྗེས་ཤུལ་མང་པོ་མདོ་དབུས་ཁམས་གསུམ་གྱི་ཡུལ་དངོས་ན་ཡོད་པ་རེད་ཅེས་ལན་བཏབ་ཀྱང་། ཁོས་ད་དུང་ཡིད་མ་ཆེས་པའི་རྣམ་འགྱུར་བསྟན་བྱུང་།

སྤྱིར་གླིང་སྒྲུང་ལ་འཇུ་མི་ཕམ་གྱིས་ཤཱཀྱ་ཐུབ་པ་ལ་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཡོད། མི་ལ་རས་པ་ལ་མགུར་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཡོད། སེང་ཆེན་འཛམ་གླིང་རྒྱལ་པོ་ལ་སྒྲུང་གི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཡོད་ཅེས་གསུངས་པ་ལྟར།གེ་སར་འཁྲུངས་ས་ནི་སྡེ་དགེ་ཨ་ཕྱུག་ཡིན་ཡང་འཕྲིན་ལས་རྒྱས་ས་ནི་མདོ་དབུས་ཁམས་གསུམ་ཡིན་པས། ལ་ལས་རང་བློ་ཁབ་མིག་ཙམ་གྱིས་ནམ་མཁའི་རྒྱ་ཁྱོན་འཇལ་བ་ལྟར།གེ་སར་གྱི་མཐའ་ཡས་པའི་མཛད་རྗེས་བློ་ངོ་རུ་མི་ཤོང་བ་ནི་གུ་དོག་དྲགས་པའི་སྐྱོན་ལས་མ་འདས། རེད་དེ། གླིང་སྒྲུང་ལས《འཁྲུངས་གླིང་མེ་ཏོག་ར་བ》ནི་གེ་སར་འཁྲུངས་ཚུལ་དང་།《རྟ་རྒྱུགས་རྒྱལ་འཇོག》ནི་གེ་སར་རྒྱལ་སར་བསྐོས་ཚུལ་ཡིན་ལ།དེ་ནས་ནུབ་ཀྱི་བདུད་བཏུལ་བའི《བདུད་གླིང་གཡུལ་འགྱེད》དང་ཤར་གྱི་ཧོར་བཏུལ་བའི《ཧོར་གླིང་གཡུལ་འགྱེད》། བྱང་གི་འཇང་བཏུལ་བའི《འཇང་གླིང་གཡུལ་འགྱེད》།  ལྷོ་ཡི་མུན་བཏུལ་བའི《མོན་གླིང་གཡུལ་འགྱེད》བཅས་ནི་ཕྱོགས་བཞིའི་དགྲ་བཞི་ཆམ་ལ་ཕབ་པའི་ལོ་རྒྱུས་དོན་དངོས་གཞིར་བཟུང་བའི་སྒྲུང་རེད།  དེ་མིན《སྟག་གཟིག་ནོར་རྫོང》དང《སོག་པོ་རྟ་རྫོང》སོགས་ནི་ཉམ་ཆུང་མཐའ་ནས་སྐྱོང་།  བཙན་པོ་གཉའ་ནས་མནན་ཚུལ་ཡིན་ཡང་།ཐམས་ཅད་ལོ་རྒྱུས་དངོས་ཡིན་པའི་ངེས་པ་མེད།

མི་ལ་ལ་ཡིས་མཁས་དབང་དགེ་ཆོས་ཀྱིས།གངས་ཀྱི་སེང་གེ་གར་ཡང་མ་མཆིས་ཤིང་། །གེ་སར་རྒྱལ་པོ་གུད་དུ་མི་བཞུགས་མོད། །སྒྲོ་བཏགས་སེམས་ལ་དངོས་སུ་སྣང་བ་འདི། །སྙན་ཚིག་སྒྲ་ཡི་བརྗོད་བྱར་ཅིས་མི་རུང་། །ཞེས་པ་ལུང་དྲངས་ཏེ་ལོ་རྒྱུས་ཐོག་གེ་སར་ཞེས་པའི་མི་སྣ་ཞིག་བྱུང་མྱོང་མེད་ཅེས་འགྲེལ་ལོག་གིས་སྐུར་འདེབས་བྱས། དགེ་ཆོས་ཁོང་གི་དགོངས་དོན་ངོ་མ་ནི་གེ་སར་ཞེས་ད་ལྟ་ང་ཚོའི་ཁ་ནང་ཡོད་པའི་ལྷ་འདྲ་མོ་རྫུ་འཕྲུལ་ཅན་ཞིག་ལོགས་སུ་མེད་ཀྱང་། གངས་རི་ལ་སེང་གེ་ཞིག་མེད་ནའང་སེང་གེ་ཞེས་པའི་གཅན་གཟན་ཞིག་ཡོད་པ་ལྟར།ལོ་རྒྱུས་ཐོག་གེ་སར་ཞེས་པའི་དཔའ་བོ་ཞིག་ཡོད་མྱོང་བ་ཤུགས་བསྟན་དུ་གོ་ཡང་། མང་ཤོས་ཀྱིས་ཚིག་ཟིན་དུ་ཡོད་པའི་དོན་ལ་འདང་མ་བརྒྱབ་པར་གྲགས་པའི་རྗེས་འབྲངས་ཀྱིས་ལོག་འགྲེལ་ཁོ་ན་བྱས། ལར་ང་ཚོའི་རིག་གནས་སྐོར་གྱི་དོགས་གནད་མང་པོ་ཞིག་ལ།བོད་ཀྱི་ན་གཞོན་ཚོས་རང་ཉིད་ཀྱི་རིག་པ་ལ་བརྟེན་ནས་མཐའ་དཔྱོད་བྱས་ཏེ་གཏན་ཚིགས་ཀྱིས་ཟིན་པའི་ལྟ་བ་ཞིག་མ་ཆགས་ན། མི་རིགས་གཞན་གྱིས་ཁས་ལེན་དང་གདེང་འཇོག་བྱེད་སྲིད་དམ།

མཐར་གསར་འགོད་པ་དེས། འོ་ན་གེ་སར་གྱི་བང་སོ་གང་ན་ཡོད་པ་རེད་ཅེས་དྲིས་བྱུང་། དྲི་བ་དེ་ལ་གཞིགས་ན་བང་སོ་མེད་ན་མི་སྣ་དེ་འདྲ་ཞིག་བྱུང་མྱོང་ཟེར་བ་ཁས་མི་ལེན་ཞེས་པའི་བརྡ་ཞིག་བསྟན་འདུག་པས། ངས་རྩེད་མཚར་གྱིས། དེས་ན་ཇིང་གེར་རྒྱལ་པོ་ལོ་རྒྱུས་ཐོག་དངོས་སུ་བྱུང་མྱོང་ཡང་།ཁོང་གི་བང་སོ་གང་ན་ཡོད་མེད་གསང་བའི་གནས་ཤིག་མིན་ནམ་ཞེས་ལྡོག་འདྲི་བྱས་པར་ཁོས་ལན་ཅི་ཡང་བཏབ་མ་བྱུང་།

微信图片_20201214163529.jpg

微信图片_20201214163532.jpg

ལྕང་ར་ལྷ་ཀླུ་དགའ་ཚལ། 

རྒྱ་ཚའི་ལུང་པ།

ཞོགས་པ་ནམ་གསལ་མ་གསལ་མཚམས་ནས་མི་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་སྡེ་དགེ་པར་ཁང་བསྐོར་བར་འགྲོ་བཞིན་འདུག  འདོན་རྟ་སྙན་མོ་དང་བསང་གསུར་ཞིམ་པོའི་ཁྲོད་ཀྱི་པར་ཁང་གི་སྐོར་ལམ་ན་གཟུངས་བརྐོས་རྡོ་འབུམ་ཚོང་མཁན་སྣང་ལ། བྱིས་པ་ཆུང་ངུ་རུམ་ནང་པང་པའམ་ལག་པས་འཇུས་ཏེ་སློང་མོ་བྱེད་མཁན་ཡང་འདུག་པས།སྨྲ་བསམ་བརྗོད་ཐབས་བྲལ་བའི་ཚོར་བ་ཞིག་སྐྱེས་བྱུང་། དད་པ་ཟེར་ནའང་འདྲ།  བརྩི་བཀུར་ཞེས་ཀྱང་རུང་། ངས་ཀྱང་མི་སེར་ཚོ་དང་ལྷན་དུ་པར་ཁང་སྐོར་བ་གསུམ་བརྒྱབ་རྗེས།རླངས་འཁོར་ནང་བསྡད་དེ་ལྕང་ར་ཕྱོགས་སུ་སོང་བ་ཡིན།

དེ་ཡང་རྟ་རྒྱུག་རྒྱལ་འཇོག་བྱས་ཏེ་གེ་སེར་གླིང་གི་རྒྱལ་པོར་བསྐོས་རྗེས།ཕྱོགས་བཞིར་དམག་དཔོན་རེ་བཞག་པ་ནི《རྟ་རྒྱུག་རྒྱལ་འཇོག》ལས་ཤར་སྒོ་སྲུང་བའི་དམག་དཔོན་དེ།  །འབུམ་པ་རྒྱ་ཚ་ཞལ་དཀར་ཡིན། །ས་ཐམ་འཇང་གི་ཁ་གནོན་ཡིན། །ལྷོ་སྒོ་སྲུང་བའི་དམག་དཔོན་ལ། །ཡ་མེད་སེང་སྟག་ཨ་དོམ་བཞག །ལྷོ་མུན་ཤིང་ཁྲིའི་གཉའ་གནོན་ཡིན། །ནུབ་སྒོ་སྲུང་བའི་དམག་དཔོན་ལ། །ཚ་ཞང་འདན་མ་སྤྱང་ཁྲ་བཞག །སེར་པོ་ཧོར་གྱི་ལྟག་བདུད་ཡིན། །བྱང་སྒོ་སྲུང་བའི་དམག་དཔོན་ལ། །ཁྲོ་ཐུང་ཉ་ཚ་ཨ་བརྟན་ཡིན། །རོང་བདུད་གཉིས་ཀྱི་ཁ་གནོན་རེད། །ཅེས་པ་ལྟར། ལྕང་ར་ལྷ་ཀླུ་དགའ་ཚལ་ཞེས་པ་ན་དཔའ་བོ་རྒྱལ་ཚ་ཞལ་དཀར་གྱི་དངུལ་ཆུ་ཁྲོ་རྫོང་ཡོད་ཅེས་ཐོས་མྱོང་བ་ཙམ་ལས་དེ་མིན་ཆ་རྒྱུས་ཅི་ཡང་མེད་མོད། དོན་དུ་རྫོང་དང་ཐག་ཉེ་བའི་ལྕང་ར་ལུང་པ་ནང་དཔའ་བོ་རྒྱ་ཚ་སྐོར་གྱི་ངག་རྒྱུན་ཧ་ཅང་མང་པོ་འདུག་སྟེ།  ལྷུང་ལྷུང་དལ་གྱིས་འབབ་པའི་ཟིལ་ཆུའི་འགྲམ་ན་ཐང་ཆེན་ཞིག་ཡོད་པ་དེ་ནི།དཔའ་བོ་རྒྱལ་ཚས་ལྷ་ཕབ་སྟེ་བཀའ་འདྲི་ལུང་བསྟན་ཞུ་ས་ཡིན་པས་ལྷ་ཐང་ཞེས་འབོད་པ་དང་། ལམ་འགྲམ་ན་ས་ཞིང་ཞིག་ཡོད་པ་དེར་དམག་བཀོད་ཐང་ཞེས་རྒྱ་ཚས་ཧྲག་དམག་བཀོད་སྒྲིག་བྱེད་ས་ཡིན་པས།དེ་སྔོན་ས་འོག་ནས་མདའ་དང་མདེའུ་བུད་མྱོང་ཟེར། དེའི་ཚུ་རོལ་ན་རྒྱ་ཚས་རྟ་ཆུ་བླུད་ས་རེད་ཅེས་ཆུ་མིག་ཅིག་དང་འགྲམ་ལ་རྡོ་གཞོང་ཞིག་ཀྱང་སྣང་། དེ་ནས་མར་ཡོང་ན་གཞུང་ལམ་འགྲམ་གྱི་བྲག་རྩར་རྟ་ལྕག་དང་ཕོ་མཚན་འདྲ་བའི་རི་མོ་ཡོད་པ་དེ་ནི། ས་དེ་ན་བདུད་མོ་ཞིག་ཡོད་པ་དཔའ་བོ་རྒྱ་ཚ་ཞལ་དཀར་གྱིས་ཐབས་ཀྱིས་བཏུལ་རྗེས་རང་གི་རྟ་ལྕག་གི་ནུས་པ་དང་། ཕོ་མཚན་གྱི་ལངས་ཤུགས་ཉམས་ཡོད་མེད་བརྟག་དུས་བྲག་ངོས་སུ་བཞག་པའི་རྗེས་ཤུལ་རེད་ཟེར། དེ་ནས་ཅུང་མར་ཡོང་ན་བྲག་རྩར་ཀོང་བུ་ཞིག་ཡོད་པ་དེ་ནི་རྒྱ་ཚའི་དུས་སུ་ཆང་བཙོ་སྐབས།བྲག་དེ་ལས་ཕྲན་བུ་བཀོག་ནས་ཆང་ནང་འཕངས་ན་ཆང་ཞིམ་པ་དང་མི་རུལ་བ་ལ་ཕན་ཞེས་གྲགས་པས། དེང་སང་ཡང་མི་རྣམས་ཀྱིས་དེ་ལྟར་བྱེད་སྲོལ་འདུག 

微信图片_20201214163625.jpg

དམག་བཀོད་ཐང་།

微信图片_20201214163629.jpg

རྒྱ་ཚའི་རྟ་ཆུ་བླུད་ས།

微信图片_20201214163635.jpg

རྒྱ་ཚའི་ཕོ་མཚན་གྱི་ཤུལ།

དེ་ཡང་གླིང་གི་སྐབས་དཔའ་ཐུལ་རྣམས་ཀྱིས་བདུད་རྩི་ཆང་གསོལ་བའི་ལུགས་སྲོལ་དར་བ་ནི་རྗེས་སུ་དཔག་ཐུབ་སྟེ། གཅིག་ནི་དེང་སང་ཨ་ཕྱུག་གི་གེ་སར་ལྷ་ཁང་ནང་ཆང་ཕུལ་སྟེ་ཕྱི་ནང་གཉིས་ལ་ཆང་དྲི་འཐུལ་ལེ་ལེར་ཁྱབ་པ་དང་། གཉིས་ནི་གེ་སར་སྒྲུང་ནང་ཆང་གི་བཤད་པ་ཧ་ཅང་མང་།   དཔེར་ན།《ཧོར་གླིང་གཡུལ་འགྱེད》ནང་མ་ཡུམ་འགོག་བཟའ་ལྷ་མོས། ལག་གཡོན་པའི་ནང་དུ་དངུལ་བུམ་འཛིན། །དངུལ་བུམ་ནང་ནས་ཆང་སྐྱེམས་འཇོག །ཆང་དཀར་བདུད་རྩིའི་ཟེགས་མ་ཅན། །བཅུད་ལྡན་འབྲུ་ཆང་སྔོན་མོ་ཞེས། །འབྲུ་བཅུད་བཙོས་པའི་དྭངས་མ་དེ། །དམར་པོ་མེ་ལྕེ་སྦར་ནས་གསོས། །ཆང་ཁུ་ཕབ་ཀྱི་སྙིང་བཅུད་དེ། །དུག་མེད་རླངས་པའི་རྒྱུད་ནས་བླངས། །འབྲུ་ཟན་ནས་ཀྱི་ར་ཁུ་ལ། །ལོ་ཆང་སེར་པོ་སྣོད་བཅུད་ཆེ། །ཟླ་ཆང་བསིལ་མ་བཟི་ཁ་བཙན། །ཞག་ཆང་སྔོན་མོ་ཞིམ་ཤ་ཆེ། །སྟོད་རྒྱ་གར་འབྲས་ཆང་ལི་མ་གཅིག །སྨད་རྒྱ་ནག་རྒུན་ཆང་བསིལ་མ་གཉིས། །ས་གླིང་གི་འབྲུ་ཆང་སྔོན་མོ་གསུམ། །ཞིམ་མངར་སྦྲང་རྩིའི་རྟ་ལ་བསྐྱོན། །བཟང་དྲུག་སྨན་གྱི་ཁ་རྒྱན་འཕངས། །མ་གྲུབ་པའི་རྒྱལ་མོས་བྱིན་གྱིས་བརླབས། །ངས་དེ་རིང་འདི་ཚོ་ཁྲོམ་ལ་འདྲེན།།སང་ཡང་ཡང་འདྲེན་པའི་སྨོན་ལམ་འདེབས། །ཞེས་པ་དང་། ཡང་ན་འབྲུག་མོས་ཧོར་བདུད་གུར་དཀར་འདུལ་བའི་དུས་ལ་བབ་པ་ཤེས་ནས་རྟེན་འབྲེལ་སྒྲིག་སྐབས། དངུལ་དེམ་ནང་གི་ཆང་འདྲེན་འདི། །ན་ནིང་བཙོས་པའི་ལོ་ཆང་དང་། །ད་ལོ་བཙོས་པའི་ཟླ་ཆང་ཡིན། །ཁ་སང་བཙོས་པའི་ཞག་མའི་ཆང་། །ཡར་ཡུལ་སྟོད་ཀྱི་བུར་དཀར་ཆང་། །མར་ཡུལ་སྨད་ཀྱི་བུར་སྨུག་ཆང་། །ཚ་བ་རོང་གི་རྒུན་དཀར་ཆང་། །འབྲས་མོ་ལྗོངས་ཀྱི་འབྲས་དཀར་ཆང་། །ཆང་འདི་གསོལ་དང་བློ་ཁ་དྲོ། །མཚོན་སྔོན་མོའི་ཡུ་བ་ཆང་འདི་ཡིན། །སྡང་དགྲ་བོའི་གཡས་རུ་གནོན་ཤེ་ཆེ་ཞེས་པ་ལྟར་རོ། །

微信图片_20201214163719.jpg

རྒྱ་ཚའི་ལྕག་ཚན་གྱི་ཤུལ།

微信图片_20201214163724.jpg

བྲག་ལས་ཆང་གི་ཕབ་རྩི་ལེན་ས།

དེ་དང་ཐག་མི་རིང་བའི་ཟིལ་ཆུའི་ཕ་རོལ་དུ་རི་གདོང་གསུམ་གཤིབས་ནས་ཡོད་པ་ལས། བར་གྱི་རི་དེའི་མགོ་ནི་མི་མགོ་ཞིག་དང་འདྲ། བཤད་རྒྱུན་དུ་དེ་ནི་དཔའ་བོ་རྒྱ་ཚའི་དབུ་ཚབ་ཡིན་པ་དང་། དུས་རྒྱུན་ཞལ་མདོག་ལ་འགྱུར་ལྡོག་ཡོང་སྲིད་པས། སྡེ་དགེ་རྒྱལ་པོའི་དུས་སུ་ཞལ་མདོག་དཀར་དམར་དུ་འགྱུར་ཚུལ་ལས་ཞི་བདེ་དང་འཁྲུག་འཛིང་གང་ཡོང་བརྟག་སྲོལ་ཡོད་པར་གྲགས། དེའི་འོག་གི་ཕ་རོལ་གྱི་བྲག་ངོས་སུ་རང་བྱུང་གི་མཆོད་རྟེན་འདྲ་མོ་མང་པོ་གྲལ་བསྒྲིགས་ནས་ཡོད་པ་དེ་ནི།《དམྱལ་གླིང་རྫོགས་པ་ཆེན་པོ》ནང་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་གྱིས།  ཕུ་གསུམ་དཀར་ཡག་གངས་ཀྱི་རི། །གངས་ལ་སེང་གེ་འཁོར་བའི་རི། །སྐེད་གསུམ་ཙན་དན་ནགས་ཀྱི་རི། །ནགས་ལ་རྒྱ་སྟག་འཁོར་བའི་རི། །མདའ་གསུམ་ཆུ་ལ་ཞིང་གི་རི། །ཞིང་ལ་འབྲུ་དྲུག་སྨིན་པའི་རི། །རི་མོ་གསུམ་གྱི་འདུས་མདོ་ན། །བརྒྱ་རྩ་བརྒྱད་མཆོད་རྟེན་ར་བ་ལ། །སྟོང་རྩ་གཉིས་ཚ་ཚའི་འབུམ་ཁང་ན། །མཁར་མི་འགྱུར་དངུལ་ཆུ་ཁྲོ་རྫོང་ནས། །ཕ་ཡབ་རྒྱ་ཚ་ཞལ་དཀར་དེ། །ཆུ་ཤེལ་ཧོར་བདུད་ལག་ལ་ཤོར། །མ་ཡུམ་རག་བཟའ་དགེ་མཚོ་དེ། །ད་ལྟ་སྐུ་ཁམས་རྒྱན་ལ་ཡོད། །བུ་ང་ལ་དགྲ་ལྷ་རྩེ་རྒྱལ་ཟེར། །ཞེས་པ་ལྟར་བྲག་རི་མཆོད་རྟེན་རང་བྱོན་ཅན་དེ་ནི་བརྒྱ་རྩ་བརྒྱད་མཆོད་རྟེན་ར་བ་ཞེས་པ་དེ་ཡིན་ལ། དེའི་འདབས་ནི་ཚ་ཚ་མང་པོ་འབུལ་ས་ཡིན་པས་ཚ་ཚའི་འབུམ་ཁང་ཞེས་པ་དེ་རེད་ཅེས་ངག་རྒྱུན་དུ་སྣང་།

微信图片_20201214163753.jpg

རྒྱ་ཚའི་དབུ་ཚབ།

微信图片_20201214163757.jpg

མཆོད་རྟེན་རང་བྱོན་དང་འདྲ་བའི་བྲག་རི།

ལྕང་ར་སློབ་ཆུང་ཡོད་ས་ནས་བལྟས་ན། མཐོ་ས་ནས་གཞུང་ལམ་ཕྱོགས་སུ་ཐུར་དུ་རྒྱུགས་པའི་རི་རྒྱུད་ཅིག་གི་སྤོ་རུ་མཁར་ཤུལ་ཞིག་མཐོང་བ་དེ་ནི། དཔའ་བོ་རྒྱ་ཚ་ཞལ་དཀར་གྱི་དངུལ་ཆུ་ཁྲོ་རྫོང་ཡོད་ས་རེད་འདུག ངས་ལམ་སང་ཅི་ཞིག་མཐོང་འདོད་པ་ལྟར་བྲེལ་འཚུབ་ཀྱིས་དེའི་ཞབས་ལ་ཡོད་པའི་ལྕགས་ར་དགོན་པ་མཇལ་རྗེས་དངུལ་ཆུ་ཁྲོ་རྫོང་ཡོད་སར་སོང་། ལྕགས་ར་དངུལ་ཆུ་ཁྲོ་རྫོང་བསམ་གྲུབ་ལྷ་རྩེ་ཆགས་སའི་སྤང་རི་འབུར་སྒང་དེའི་རྒྱབ་ནི་སྤང་གཞོང་ཆེན་པོ་ཞིག་རེད། ཕྱོགས་བཞིར་བལྟས་ན་གོང་དུ་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་གྱིས་གསུངས་པ་ལྟར།ལུང་པའི་ཕུ་ཡི་གངས་རི་དང་སྐེད་ཀྱི་ནགས་རི། འདབས་ཀྱི་ཆུ་ཞིང་སོགས་གསལ་པོར་མཐོང་ཐུབ། སྤང་གཞོང་གི་མཐོ་ལ་འཛེགས་དུས།རྒྱ་ཚའི་དངུལ་ཆུ་ཁྲོ་རྫོང་ཆགས་སའི་རྣམ་པ་ལག་མཐིལ་ནང་བཞག་པ་ལྟར་མིག་འོག་ཏུ་ཚུད། སྒྲུང་ཡིག་ནང་ཤར་རྫོང་ཉི་མ་རང་ཤར། ལྷོ་རྫོང་ཟོ་ལུ་གནམ་བཏགས། ནུབ་རྫོང་ཁུ་བྱུག་མགུལ་དཀྲི། བྱང་རྫོང་རྒོད་ཚང་ཁ་གཡེལ་ཞེས་དངུལ་ཆུ་ཁྲོ་རྫོང་གི་ཕྱོགས་བཞིར་རྫོང་བཞིས་བསྐོར་ཡོད་ཚུལ་བཤད་པ་ལྟར། ཤར་ཕྱོགས་ཀྱི་མཁར་རྫོང་ཉི་མ་རང་ཤར་ཡོད་ས་ན། ད་ལྟར་མཐོ་ཚད་བརྩེགས་གཉིས་ཙམ་གྱི་གྱང་རོ་ངོས་གཅིག་ལས་ལྷག་མི་འདུག ལྷ་ཕྱོགས་སུ་གཞུང་ལམ་ལས་ཡོད་པས་མཁར་རྫོང་ཟོ་ལུ་གནམ་བཏགས་ཀྱི་ཤུལ་ཙམ་ཡང་མི་སྣང་། ནུབ་ཕྱོགས་དང་བྱང་ཕྱོགས་ན་ཁ་ཆད་སྣ་ཧྲལ་དུ་སོང་བའི་མཁར་ཤུལ་ཅུང་རྒྱ་ཆེན་པོ་རེ་རེ་མཇལ་རྒྱུ་འདུག

微信图片_20201214163838.jpg

ཤར་རྫོང་ཉི་མ་རང་ཤར།

微信图片_20201214163842.jpg

ལྷོ་རྫོང་ཟོ་ལུ་གནམ་བཏགས་ཡོད་སའི་ཤུལ།

微信图片_20201214163846.jpg

ནུབ་རྫོང་ཁུ་བྱུག་མགུལ་དཀྲི།

微信图片_20201214163850.jpg

བྱང་རྫོང་རྒོད་ཚང་ཁ་གཡེལ།

སྐབས་སུ་བབ་པ་དགུན་དུས་ལ་འཁེལ་བས། རི་བོའི་སྟོད་སྨད་བར་གསུམ་སྐྱ་ཐལ་ཐལ་དུ་གྱུར་ཡང་། ཕྱོགས་བཞིའི་མཁར་རྫོང་ཡོད་ས་མཐོང་མ་ཐག་རི་རྒྱུད་དེའི་ཡོད་ཚད་ལ་མངོན་པར་དོད་པའི་གསོན་ཉམས་ཤིག་ཤར་བྱུང་། ཕར་རྒོལ་དང་རང་སྲུང་ཅི་བྱས་ཀྱང་སེམས་ཁྲལ་མི་དགོས་པའི་ས་བཙན་པོ་འདི་འདྲ་ཞིག་ལ་མཁར་རྫོང་བཞེངས་ཏེ་གཞིས་ཆགས་པ་ནི། དམག་ཇུས་དང་ཆབ་སྲིད་ལ་མིག་རྒྱང་རིང་བའི་ཕོ་རབ་ཚོ་མ་གཏོགས་སུ་ཞིག་གིས་ཡིད་ལ་དྲན་ཐུབ། ཆག་འཇིག་སོང་སྟེ་རླུང་ཁའི་དར་ལྕོག་འདྲ་བའི་གྱང་མཁར་དེ་ཚོ་ལས་ད་དུང་ཡང་ཟིལ་ཉམས་ཤིག་མཐོང་མུར། རལ་པ་གསིག་ན་གངས་རི་བཞུ་ལ། ངར་སྐད་བསྒྲགས་ན་ས་གཞི་འགུལ་བ། རྐན་སྒྲ་བརྡབས་ན་རྫ་རི་ཉིལ་ཞེས་པ་ལྟ་བུའི་དཔའ་ཐུལ་ཚོ་ལངས་མྱོང་ས་ནས། རླུང་སྒྲ་དང་ཆུ་སྒྲ་ལ་ཉན་དུས།མཐོ་མཐར་ལྷུང་ཞིང་བསགས་མཐར་འཛད་པའི་ལོ་རྒྱུས་ཀྱི་མི་རྟག་པ་ལ་ཧ་ལས་སོང་། དངོས་གནས། གནའ་མིའི་དཔའ་བོ་ཚོས་གདན་ས་འདི་ད་ལྟའི་རྣམ་པར་འགྱུར་རྒྱུ་ནི་རྩ་བ་ནས་དྲན་མ་མྱོང་ལ། ན་གཞོན་ཞིག་རི་སྒང་ན་ལངས་ཏེ།གཙུག་རྒྱན་ལྟ་བུའི་དར་རྒྱས་དང་ཞབས་ལྷམ་ལྟ་བུའི་ཉམས་རྒུད་ལ་རྗེས་དྲན་བྱེད་བཞིན་ཡོད་པ་སུ་ཡིས་དྲན་མྱོང་ཨང་།

ད་ལྟར་མཇལ་རྒྱུ་ཡོད་པའི་ནུབ་ཀྱི་མཁར་རྫོང་གི་ཤུལ་ནི་གཞན་དག་ལས་རྒྱ་ཆེ་བ་ཞིག་རེད། དེ་ཆགས་སའི་རི་སྒང་ལ་རྡོ་ལས་བརྩིགས་པའི་ཐོ་ཡོར་གཉིས་གསུམ་སྦྲེལ་ནས་ཡོད་པ་ནི་སྐབས་དེ་དུས་དར་ཆ་འཛུགས་ས་ཡིན་པ་འདྲ། བྱང་གི་མཁར་ཤུལ་ཡོད་སའི་ཞབས་ལ་ལྕགས་ར་བརྩིགས་པའི་ཤུལ་ཐ་རེ་ཐོ་རེ་མཐོང་རྒྱུ་ཡོད་པ་ལས། དེ་སྔོན་ཤར་ལྷོ་ནུབ་བྱང་གི་བར་ལ་ལྕགས་ར་མཐོན་པོ་དང་རིང་པོ་བརྩིགས་ནས་སྦྲེལ་ཡོད་པ་ཤེས་ཐུབ།

微信图片_20201214163956.jpg

དེ་སྔོན་གྱི་ལྕགས་རིའི་ཤུལ།

དེའང་ཤར་ཕྱོགས་ཀྱི་མཁར་རྫོང་ལ་ཉི་མ་རང་ཤར་ཞེས་པ་ནི་ཉི་ངོས་ལ་ཡོད་པས་མིང་དེ་ལྟར་ཐོགས་པ་དང་། ལྷོ་ཕྱོགས་ཀྱི་ཟོ་ལུ་གནམ་བཏགས་ཞེས་པ་ནི་འོག་ལ་འཆད་རྒྱུ་ཡིན། ནུབ་ཕྱོགས་ཀྱི་ཁུ་བྱུག་མགུལ་དཀྲིས་ཞེས་པ་ནི།མཁར་ཤུལ་དེ་གཞན་དག་ལས་རྒྱ་ཆེ་བ་ལ་བལྟས་ན་རྫོང་གཉིས་ལྷན་དུ་སྦྲེལ་ཏེ་བྱ་ཁུ་བྱུག་གཉིས་ཀྱིས་སྐེ་བསྣོལ་ནས་ཡོད་པ་འདྲ་བ་དང་། བྱང་ཕྱོགས་ཀྱི་བྱ་རྒོད་ཁ་གཡེལ་ཞེས་པ་ནི།མཁར་རྫོང་དེ་ཕྱོགས་བཞི་ལས་ཆེས་མཐོ་ས་ན་ཡོད་པས།བྱ་རྒོད་ཀྱིས་ཁ་གདངས་པ་ལྟ་བུའི་རྣམ་པ་ཞིག་ཆགས་ཡོད་པ་མིན་ནམ་སྙམ།

མཁར་ཤུལ་དེ་དག་ཡོད་སའི་ཕྱོགས་ན་རྐང་ལམ་ཕྲ་མོ་ཙམ་དང་། མཁར་ཤུལ་ཕན་ཚུན་བར་རྐང་པ་བརྫི་ས་ཙམ་ལས་མེད་པར་མ་ཟད། ཚེར་ཕུང་མང་པོ་ཡོད་པས་འགྲོ་དཀའ་བ་ཞིག་རེད་མོད། ང་ནི་མཁར་ཤུལ་ཡོད་སའི་ཡུལ་དངོས་ལ་སོང་ནས་མིག་སྔོན་པོས་ལོ་རྒྱུས་རིག་གནས་ཀྱི་རྗེས་ཤུལ་མཐོང་ན་ད་གཟོད་ཡིད་ཚིམ་པ་ལས། སྒྲུང་ཡིག་ནང་མཐོང་བ་ཙམ་དང་ཐོས་པ་ཙམ་ལ་ཡིད་ཆེས་དཀའ་བས་རྐང་ལག་ལ་ཚེར་མ་ཟུག་ཀྱང་། ཤར་ནས་བྱང་དང་། བྱང་ནས་ནུས་བཅས་ཀྱི་རིམ་པ་བཞིན་མཁར་ཤུལ་རྣམས་མཇལ་རྗེས།ལྕགས་ར་དགོན་པའི་རྒྱབ་ཀྱི་སྤང་གཞོང་ལ་བབ་སྟེ། ས་རྡོ་མཆོད་མར་སྤུངས་པ་ལྟ་བུའི་རི་སྒང་ན་ཆགས་པའི་ལྕགས་ར་བསམ་གྲུབ་ལྷ་རྩེ་མཇལ་དུ་སོང་། དགོན་པའི་སྒོ་ཁར་རྡོ་གཞོང་ཞིག་བཞག་ཡོད་པ་དེ་ནི་དགོན་པའི་ཞབས་ཀྱི་ས་འོག་ལས་ཐོན་པ་རེད་ཟེར། རྣམ་པ་ལ་བལྟས་ན་རྗས་འདུལ་ས་འདྲ་མོ་ཞིག་སྣང་། སྒོ་ཆེན་ནང་འཛུལ་རྗེས་དགོན་པའི་རྩིག་པར་ཤིང་སྡོང་སྐམ་པོ་ཞིག་བརྟེན་ནས་ཡོད་པ་ཞིག་མཐོང་། དེ་ནི་དཔའ་རྒྱ་ཚ་ཞལ་དཀར་གྱི་བླ་ཤིང་སྟེ་དེ་སྔོན་དགོན་པའི་ཁ་གཏད་ཀྱི་གྲོང་པ་ན་ཡོད་ཀྱང་། ལོ་ངོ་བརྒྱད་ཙམ་གྱི་སྔོན་ལ་སྐམ་སོང་བས་སྡོང་མ་དགོན་པ་ནང་ཉར་ཚགས་བྱེད་པ་རེད་ཟེར། དགོན་པའི་ནང་ལ་དཔའ་བོ་རྒྱ་ཚ་ཞལ་དཀར་གྱི་སྐུ་དང་དེ་སྔོན་གྱི་རྨོག ཁྲབ་རྙིང་པ་བཅས་མཇལ་རྒྱུ་འདུག  ཁྱད་པར་དུ་ས་རྡོ་སྲ་མོར་ཆགས་པ་རྡོག་རྡོག་ཅིག་ཡོད་པ་དེ་ནི། དངུལ་ཆུ་ཁྲོ་རྫོང་བཞེངས་དུས། རྩིག་རྨང་ལ་ཁྲོ་ཆུ་བླུགས་ཏེ་ས་དང་རྡོ་སྲ་མོར་འབྲེལ་བའི་དུམ་བུ་ཞིག་ཡིན་པ་དང་། དངུལ་ཆུ་ཁྲོ་རྫོང་ཞེས་མིང་ཐོགས་དོན་ཡང་དེའི་རྐྱེན་གྱིས་ཡིན་པར་གྲགས། དེ་མིན་དགོན་པ་འདིའི་ནང་དེ་སྔོན་མི་གཉིས་ཀྱིས་ཀྱང་བཀྱགས་མི་ཐུབ་པའི་མདུང་ཆེན་པོ་ཞིག་ཡོད་མྱོང་རབས་བཤད་སྲོལ་འདུག

༡༡.jpg

དཔལ་ལྡན་ལྕགས་ར་དགོན་བསམ་གྲུབ་ལྷ་རྩེ།

༢༢.jpg

རྡོ་གཞོང་།

༣༣.jpg

རྒྱ་ཚའི་བླ་ཤིང་སྐམ་པོ།

༤༤.jpg

དངུལ་ཆུ་ཁྲོ་རྫོང་གི་ཁྲོ་རྡོ།

དགོན་པའི་རྒྱབ་ཀྱི་ས་འོག་ན་སོལ་བ་དང་རུས་ཐལ། རྫ་ལེབ་ཆག་གྲུམ་སོགས་མང་པོ་རིག་རྒྱུ་འདུག བཤད་རྒྱུན་དུ་ཉག་སྐེད་བུ་ལོང་མས་སྡེ་དགེ་ལ་ཇག་བརྒྱབ་དུས་དགོན་པ་མེས་བསྲེགས་མྱོང་ཟེར། དེ་ཡང་དབང་སྒྱུར་པ་ཞིག་གིས་ས་ཆ་ཞིག་དབང་དུ་བསྡུས་རྗེས།སྔར་ཡོད་ཀྱི་སྟོབས་ཤུགས་དང་གསོན་ཤུགས་རྨེག་མེད་དུ་གཏོང་ཕྱིར་རྗེས་ཤུལ་ཙམ་ཡང་ལྷག་ཏུ་མི་བཅུག་པ་བྱེད་སྲིད་མོད། ཉག་སྐེད་བུ་ལོང་མའི་ལོ་རྒྱུས་ལས་ཞི་དྲག་ཐབས་ཀྱིས་སྡེ་དགེ་མངའ་ཞབས་སུ་བསྡུས་པ་ཞེས་པ་ནང་ལ། དགོན་པ་དེ་མེ་ཡིས་བསྲེགས་ཚུལ་བཤད་མི་འདུག 

༥༥.jpg

ས་འོག་གི་སོལ་བ་དང་རྫ་གཡམ་ཆག་རོ།

དེ་ནས་མར་འོངས་ན་དགོན་པའི་ཞབས་ཀྱི་རི་གདོང་ན་དཔའ་བོ་རྒྱ་ཚ་ཞལ་དཀར་ལ་རྗེས་དྲན་ཞུ་བའི་སྐུ་ཞིག་གསར་དུ་བཞེངས་འདུག པད་མའི་གདན་མཐོན་པོའི་དཀྱིལ་དུ་ཆིབས་རྟ་འདོ་ཆེན་རྒྱ་བྱ་སོག་དཀར་བཞོན་པའི་དཔའ་བོ་རྒྱ་ཚ་ཡིས།ཕྱག་གཡས་པས་གྲི་རྣོན་པོ་ཡ་ཟི་སྐར་ཕྲན་བཟུང་། ཕྱག་གཡོན་པས་སྲབ་མདའ་འཇུས། གྲུ་ཁུག་ན་མདུང་རིང་པོ་ཞིག་བཙིར། ཕྲག་པ་ན་མདའ་གཞུ་ཁུར་བ་བཅས་ཀྱིས་དཔའ་བོ་ཞིག་གི་བརྗིད་ཉམས་མངོན་པར་གསལ། དེ་ཡང《ཧོར་གླིང་གཡུལ་འགྱེད》ལས།  དཔའ་རྒྱ་ཚའི་ཡ་ཟི་གྲི་དང་གཅིག །བློན་འདན་མའི་ཉག་ཕྲན་མདའ་དང་གཉིས། །དཔའ་སེང་སྟག་སྟོང་རིའི་བང་དང་གསུམ། །གདོང་དར་འཕེན་གྱི་སྐྱ་རེངས་མདུང་དང་བཞི། །འབྲུ་སྒ་བདེའི་གནམ་ལྕགས་སྒྱོགས་དང་ལྔ། །ཞེས་པ་ལྟར་དཔའ་བོ་སོ་སོས་འཁོར་གསུམ་བསྐོར་བར་འཇོན་ཐང་མི་འདྲ་བ་ལྟར། རྒྱ་ཚ་ནི་གཙོ་བོ་གྲི་གཡུགས་པ་ལ་མཁས་པས་གྲི་ཡ་ཟི་སྐར་ཕྲན་ཞེས་སྐད་གྲགས་ཆེ་ལ།《ཧོར་གླིང་གཡུལ་འགྱེད》ནང་གྲི་དེ་ལ་བཤད་པ་ཕུན་སུམ་ཚོགས་པ་བརྒྱབ་འདུག  གྲི་ཡ་ཟི་སྐར་ཕྲན་དེ་དེང་སང་དཔལ་ཡུལ་ཀཿཐོག་དགོན་པར་ཉར་ཚགས་བྱེད་ཡོད་པ་ནི་སྲས་དགྲ་ལྷ་རྩེ་རྒྱལ་འདས་རྗེས་བསྔོ་རྟེན་དུ་འབུལ་བར་གྲགས།

༦༦.jpg

རྒྱ་ཚའི་སྐུ་འདྲ།

གླིང་སྒྲུང་ནང་ལ་རྒྱ་ཚ་ཞལ་དཀར་དང་འཇང་སྲས་གཡུ་ཁྲི། ཧོར་ལྷ་བུ་གསུམ་གྱི་སྐྱེད་ཡུམ་ནི་རྒྱ་ཡི་ཀོང་ཇོ་ཡིན་པས་རྒྱ་ཚ་རྣམ་གསུམ་ཞེས་གྲགས། དེ་ལས་རྒྱ་ཚ་ཞལ་དཀར་ནི་ཡབ་སེང་བློན་དང་ཡུམ་རྒྱ་ནག་གོང་མའི་སྲས་མོ་ལྷ་དཀར་སྒྲོལ་མ་ལས་འཁྲུངས་ཏེ། ཞལ་ངོ་ཟླ་བ་ལྟར་དཀར་ཞིང་མཛེས་པས་མཚན་དེ་ལྟར་ཐོགས། ཁོང་ནི་གེ་སར་གྱི་ཕུ་བོ་ཡིན་ལ་ཕྱོགས་བཞིའི་དགྲ་བཞི་འདུལ་བ་ལ་མཛད་རྗེས་བླ་ན་མེད་པ་བཞག་ཡོད། མཐར་ཧོར་གྱི་ཤན་པ་རྨེ་རུ་རྩེའི་མདུང་རྩེར་སྐུ་བཀྲོངས་པ་རེད། སྐུ་དགྲོང་ཚུལ་ནི་རྒྱ་ཚ་ཡིས་ཤན་པ་དེད་ནས་འགྲོ་དུས།ཤན་པ་གད་ཁུག་ཅིག་ན་སླེབས་ཏེ་བྲོས་ཐབས་མེད་པས་མདུང་རྟིང་གད་པ་ལ་བཙུགས་ནས་ཡོད་སྐབས། རྗེས་ནས་ཡོང་བའི་རྒྱ་ཚ་སྟབས་མ་ལེགས་པར་མདུང་རྩེར་ལྷུང་ནས་འདས་པ་རེད་ཟེར་ལ། དེང་སང་མཚོ་སྔོན་ཐོན་ཏེ་རྫོང་གི་འབའ་ཆུ་ཤང་ཡོད་ས་ན། གད་པ་གཡང་ར་ཞེས་པ་ཞིག་ཡོད་པ་དེ་ནི་རྒྱ་ཚ་འདས་ས་རེད་ཅེས་ཟེར་སྲོལ་ཡོད་པ་དང་། བཤད་སྲོལ་གཞན་ཞིག་ནི་དཀར་མཛེས་ཁུལ་སེར་ཤུལ་རྫོང་གི་ཁྲོམ་གཟའ་འགབ་མ་ཤང་དང་ཐག་ཉེ་བའི་ལམ་འགྲམ་ལ་འདྲ་སྐུ་ཞིག་ཡོད་པ་དེ་ནི། དཔའ་བོ་རྒྱ་ཚ་ཞལ་དཀར་སྐུ་དགྲོང་ས་རེད་ཅེས་དམངས་ཁྲོད་དུ་དེ་ལྟར་གྲགས་མོད། ལ་ལ་ཡིས་དེ་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐབས་སུ་བཞེངས་པའི་རྣམ་པར་སྣང་མཛད་ཀྱི་སྐུ་རེད་ཅེས་ཟེར་སྲོལ་ཡང་སྣང་། དེ་ཡང་རྒྱ་ཚ་ཞལ་དཀར་ནི་ཧོར་གླིང་གཡུལ་འགྱེད་ཀྱི་དུས་སུ་འདས་པ་ཡིན་ལ། ཧོར་ཡུལ་ཞེས་པ་ས་ཆ་གང་ལ་ངོས་འཛིན་དགོས་པ་དེང་སང་གཏན་དུ་འཁེལ་བ་ཞིག་མེད་མོད། ཞིབ་འཇུག་པ་འགའ་ཞིག་གིས་མཚོ་སྔོན་པོའི་ནུབ་ཕྱོགས་ཀྱི་ས་ཆ་དང་། ལ་ལ་ཡིས་བོད་རང་སྐྱོང་ལྗོངས་ནག་ཆུ་རྫོང་གི་ཁོངས། འགའ་ཞིག་གིས་ཡུལ་ཤུལ་གྱི་ཆུ་དམར་ལེབ་རྫོང་གི་མངའ་ཁོངས་སུ་ངོས་འཛིན་མཁན་ཡང་འདུག

༧༧.jpg

རྒྱ་ཚའི་བླ་རྡོ།

དཔའ་བོ་རྒྱ་ཚ་ཞལ་དཀར་གྱི་སྐུ་འདྲའི་འོག་ན་རྡོ་ཕ་བོང་ཞིག་ཡོད་པ་དེ་ནི་རྒྱ་ཚའི་བླ་རྡོ་རེད་ཟེར། བླ་རྡོ་དང་བླ་ཤིང། བླ་མཚོ་ཞེས་པ་ནི་བོད་མིའི་ཐུན་མིན་གྱི་རིག་གནས་སེམས་ཁམས་དང་། འདུ་ཤེས་འཛིན་སྟངས་ཤིག་ཡིན་པ་ངས་རྩོམ་ཡིག་གཞན་ཞིག་ནང་བྲིས་ཡོད་པས་འདིར་བསྐྱར་ཟློས་མི་བྱེད། དཔའ་བོ་རྒྱ་ཚའི་སྐུ་འདྲ་མཛལ་ཚར་རྗེས།འོག་ལ་མར་བབ་ན་རི་འདབས་གཞུང་ལམ་གྱིས་འཕྲེད་དུ་བཅད་ཡོད་པས་ཐར་དཀར་ལ། ཐར་ཡང་ཕྱི་སྐོར་དུ་འགྲོ་དགོས་པས། ངས་སླར་ཡང་ཡར་འོངས་སའི་ལམ་དེད་ནས་དགོན་པའི་ཞབས་ལ་བབ་སྟེ།ལྷ་རྫོང་ཟོ་ལུ་གནམ་བཏགས་ཆགས་མྱོང་སར་སླེབས། དེ་ནི་དངུལ་ཆུ་ཁྲོ་རྫོང་ཆགས་པའི་རི་རྒྱུད་ཀྱི་འདབས་རེད་ལ་གཞུང་ལམ་གྱིས་འཕྲེད་དུ་བཅད་ཡོད་པས། དེང་སང་མཁར་ཤུལ་ཙམ་ཡང་མཐོང་རྒྱུ་མི་འདུག་མོད། རི་གདོང་དེད་ནས་མར་སོང་ན་བྲག་གདོང་གཡང་གཟར་ཞིག་གི་ཁ་ན་སླེབས། དེ་ནའང་ལྕག་རའི་ཤུལ་མཐོང་རྒྱུ་ཡོད་པས་མ་ཚད། བྲག་མཆུ་ལ་དོང་ཞིག་འདུག དོང་ཁ་ནས་མར་བལྟས་ན་འོག་ལ་ཟིལ་ཆུ་བཞུར་བ་མཐོང་། དེ་ནི་དཔའ་བོ་རྒྱ་ཚ་ཞལ་དཀར་དུས་སུ། ཟོ་ལུ་དོང་ཁ་ནས་མར་དཔྱངས་ཏེ་འཐུང་ཆུ་ལེན་ས་ཡིན་པས། ལྷོ་ཕྱོགས་ཀྱི་མཁར་རྫོང་ལ་ཟོ་ལུ་གནམ་བཏགས་ཞེས་པའི་མིང་ཐོགས་པར་གྲགས། ངག་རྒྱུན་དེ་ལ་ཁུངས་ལུང་ཡོད་ཤས་ཆེ་སྟེ། དངུལ་ཆུ་ཁྲོ་རྫོང་གི་ཕྱོགས་བཞིར་མཁར་རྫོང་བཞེངས་ཡོད་པ་དང་། མཁར་རྫོང་བར་ལྕགས་ར་མཐོན་པོས་སྦྲེལ་ནས་ཡོད་པས་མིའི་འཐུང་ཆུ་ནི་རི་འདབས་ཀྱི་ཟིལ་ཆུ་ལས་མི་ལེན་ཐབས་མེད་ཀྱང་། རི་འདབས་ནི་གཡང་གཟར་བྲག་ལ་ཐུག་པས། དོང་ཁ་དེ་ནས་ཟོ་ལུ་ལ་ཐགས་པ་བཏགས་ནས་ཆུ་བླངས་པ་ནི་ལུགས་དང་མཐུན་པ་ཞིག་རེད།

༨༨.jpg

ཟོ་ལུ་གནམ་བཏགས།

དོང་ཁ་དེ་ན་ངའི་མིག་ལམ་དུ། གནའ་མི་ཚོས་ཐག་པའི་སྣེ་མོར་ཟོ་ལུ་བཏགས་ཏེ་ཟིལ་ཆུ་ལས་འཐུང་ཆུ་བླངས་པའི་རྣམ་པ་ཡང་ཡང་ཤར། དེ་ནས་རི་ལ་ཡར་འཛེགས་ཏེ་གཞུང་ལམ་ཐོག་ལ་སླེབས།  གཞུང་ལམ་ཐོག་གི་བྲག་ངོས་ཀྱི་ཁུང་ངུ་ནང་རྡོ་སྒོང་ཞིག་བཙིར་ནས་ཡོད་པ་དེ་ནི།དཔའ་བོ་རྒྱ་ཚའི་དུས་སུ་དཔའ་ཐུལ་ཞིག་གིས་འུར་རྡོ་འཕངས་པ་རེད་ཟེར། བཤད་སྲོལ་དུ་དེ་སྔོན་བྲག་ངོས་ན་གཡོན་དུ་འཁོར་བའི་གཡུང་དྲུང་རི་མོ་ཡོད་ཀྱང་།  རྗེས་སུ་གཞུང་ལམ་ལས་ནས་མེད་པར་ཆགས་པའམ། དུས་ཡུན་རིང་པོར་ཆར་ཆུས་འཇིག་སོང་བ་རེད་ཅེས་པ་ལ་བརྟག་ན།  གནའ་སྔོན་མར་གནས་དེ་ནའང་བོན་ལུགས་དར་མྱོང་བ་དང་།བན་བོན་འཁྲུག་རྩོད་ཀྱིས་ཕར་བསྒྱུར་ཚུར་བསྒྱུར་བྱས་མྱོང་ཡང་སྲིད་པ་ཞིག་རེད།

ཉིན་དེར་གནམ་རྒན་མས་ངོ་མདོག་ཡག་པོ་བསྟན་པས་ལམ་བར་འཁྱག་གྲང་གི་སྡུག་བསྔལ་མ་བྱུང་། ཕྱི་དྲོ་ལ་ཐོན་དུས།ཉི་མས་ལ་མོ་བརྒྱབ་སྟེ་དངུལ་ཆུ་ཁྲོ་རྫོང་ཆགས་སར་གྲིབ་མ་ནག་རིལ་རིལ་ཞིག་ཕོག་པས།སེམས་པ་ནི་ཅི་ཡིན་འདི་ཡིན་མི་ཤེས་པར་སྐྱོ་ལྷང་ལྷང་དུ་གྱུར། སྔ་མོ་ནས་ཕྱི་དྲོ་བར་མིག་ཟུང་གིས་དཔའ་བོ་རྒྱ་ཚ་ཡི་རྗེས་ཤུལ་འཚོལ། རྐང་པ་ཡིས་དཔའ་བོ་རྒྱ་ཚ་ཡི་བགྲོད་ཤུལ་འཇལ་བཞིན།ཉིན་ཧྲིལ་པོར་དཔའ་བོའི་གཏམ་རྒྱུད་ཀྱིས་གང་བའི་ལུང་པ་དེར་འགྲོ་སྐྱོད་བྱས་རྗེས།  ཕྱིར་ལོག་པའི་ལམ་བར་དུ། རྒྱ་ཚའི་ལུང་པ་ཞེས་པའི་མིང་སྙན་མོ་ཞིག་ཟིན་ཐོ་རུ་བཀོད་ཡོད་ལགས།།

 ཨ་སྟག་ལྷ་མོའི་མཁར་རྫོང་།

༩༩.jpg

ཨ་སྟག་ལྷ་མོའི་མཁར་རྫོང་གི་ཤུལ་ཡིན་པར་གྲགས།

དཔལ་སྤུངས་དང་རྫོང་སར་དགོན་པ་མཇལ་ནས་ཕྱིར་རྫོང་ཐོག་ཏུ་ལོག་ནས་གྲོགས་པོ་འགའ་དང་ཁ་བརྡ་བྱེད་དུས། དཔེ་ཝར་ཤང་གི་མངའ་ཁོངས་ན་ཨ་སྟག་ལྷ་མོའི་མཁར་རྫོང་ཞིག་ཡོད་ཚུལ་གོ་བས།ཕྱི་ཉིན་སྔ་མོ་ནས་དེ་མཇལ་སར་འགྲོ་ཐག་བཅད་པ་ཡིན།

བོད་ཀྱི་ཡུལ་གྲུ་སོ་སོར་གླིང་སྒྲུང་ནང་གི་དཔའ་ཐུལ་རྣམས་ཀྱི་རྗེས་ཤུལ་སྐོར་ལ་ངག་རྒྱུན་རྟ་མོག་མོག་གི་སྤུ་ལྟར་ཧ་ཅང་མང་ཞིང་། དཔའ་བོ་འགའ་ཞིག་ལ་སྟོད་སྨད་བར་གསུམ་ན་རྗེས་ཤུལ་རེ་ཡོད་པ་ནི་བདེན་དུ་འཛིན་མི་རུང་བ་ལྟར་དུ་སྣང་མོད། ས་ཕྱོགས་མང་པོ་ཞབས་ཀྱིས་བཅགས་མྱོང་བའི་དཔའ་ཐུལ་གཅིག་ལ་ས་ཆ་གཅིག་ན་མ་གཏོགས་མཁར་རྫོང་ཡོད་མི་རུང་བ་ག་ན་ཡིན། ད་བར་ཡོངས་གྲགས་སུ་ཨ་སྟག་ལྷ་མོའི་མཁར་རྫོང་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གསིང་རི་མ﹙བསང་རུ་མ﹚ཤང་གི་ཁང་ལུང་ཟེར་བར་ཡོད་པའི་རྡོ་མཁར་དེ་ཡིན་ཞེས་ངག་རྒྱུན་དུ་གྲགས་པ་ལས། སྡེ་དགེ་རྫོང་དཔེ་ཝར་ཤང་ན་ཨ་སྟག་ལྷ་མོའི་མཁར་རྫོང་ཡོད་ཚུལ་ནི། ངས་ཐེངས་དང་པོར་གོ་བ་ཡིན་ལ་ཡིག་ཆ་ནང་བཀོད་པའང་མཐོང་མ་མྱོང་།

༡༠༡༠.jpg

ཨ་སྟག་ལྷ་མོའི་མཁར་རྫོང་གི་ཤུལ་ཡིན་པར་གྲགས།

སྔ་མོ་ནས་ལྕང་ར་ཤང་ནས་འགྲོ་འགོ་ཚུགས་ཏེ་དཔེ་ཝར་ཤང་གི་དངུལ་མཁར་གྲོང་ནང་སླེབས་དུས། གཞུང་ལམ་འགྲམ་ནས་གྲོང་པའི་སྟོད་ལ་གྱང་མཁར་ཞིག་རོ་ཞིག་ཡོད་པ་མཐོང་བྱུང་། གྲོང་པའི་ཟུར་གྱི་ལུང་པ་ནས་ཡར་འཛེགས་ཏེ་སོང་མཐར་གྱང་མཁར་ཡོད་སའི་རི་གདོང་ལ་སླེབས། དེ་ནས་མར་བལྟས་ན་ཕྱོགས་བཞི་མཚམས་བརྒྱད་མིག་འོག་ཏུ་ཚུད་ཐུབ་པ་དང་། གྱང་མཁར་ཆགས་སའི་གཡས་ཕྱོགས་ནི་ཧ་ཅང་མཐོ་ཞིང་གཟར་པོ་ཞིག་ཡིན་པས་མགོ་ཡུ་འཁོར་བར་བྱེད། གྱང་མཁར་དེའི་རྩ་བར་རྡོ་ཕ་བོང་ཆེན་པོས་གཞི་བཏིང་ཡང་། དུས་ཀྱི་དབང་གིས་ཕྱོགས་གཉིས་ནི་ཧ་ལམ་ཞིག་ཚར་ལ།ད་ཡོད་ཀྱི་མཐོ་ཚད་ལ་ཧ་ལམ་བརྩེགས་བརྒྱད་ཙམ་སྣང་།  ས་ཆ་གཞན་དག་གི་གྱང་མཁར་དང་མི་འདྲ་བའི་དམིགས་བསལ་གྱི་ཁྱད་ཆོས་ཤིག་ནི།གྱང་མཁར་འདི་ནི་ནང་ལ་རྡོ་ཡིས་རྩིག་པ་བརྩིགས་རྗེས་ཕྱི་ལ་གྱང་བརྡུངས་ནས་གྲུབ་པ་ཞིག་རེད། མཁར་ཤུལ་དེའི་ཐོག་ཕྱོགས་སུ་རི་འབུར་འབུར་གསུམ་ཡོད་པ་དེ་ནི་གྲོང་པའི་གཞི་བདག་སྟེ་མིང་ལ་བུ་མོ་སྤུན་གསུམ་ཞེས་འབོད་ཀྱིན་འདུག གྲོང་མི་རྣམས་ཀྱིས་མཁར་ཤུལ་དེ་ནི་ཨ་སྟག་ལྷ་མོའི་མཁར་རྫོང་རེད་ཅེས་པ་ནི། ན་ནིང་ད་ལོར་དགོས་པའི་དབང་གིས་གསར་དུ་བཏགས་པ་ཞིག་མ་ཡིན་པར་གནའ་སྔོན་མ་ནས་ཟེར་སྲོལ་དེ་ལྟར་ཡོད་པ་དང་། མཁར་ཤུལ་གྱི་ཞབས་ལ་ཆགས་པའི་གྲོང་པའི་ས་འོག་ལས། དེ་སྔོན་གཡུ་དང་གསེར་ཐོན་མྱོང་རབས་བཤད་རྒྱུ་ཡོད་ཅིང་། གཞི་བདག་ལའང་བུད་མེད་ཀྱི་མིང་བཏགས་པ་བཅས་ལ་བརྟག་ན། མཁར་རྫོང་དེ་ཨ་སྟག་ལྷ་མོའི་ཡིན་མིན་ཁ་ཚོན་གཅོད་མི་ཐུབ་མོད། བུད་མེད་ཅིག་དང་འབྲེལ་བ་ཡོད་པ་ཞིག་རེད་འདུག་སྙམ།

༡༡༡༡.jpg

གཞི་བདག་བུ་མོ་སྤུན་གསུམ།

གླིང་སྒྲུང་ནང་ཨ་སྟག་ལྷ་མོ་ལ་ཨ་སྟག་ཀླུ་མོ་ཡང་འབྲི་སྲོལ་ཡོད། མོ་ནི་བདུད་ཀླུ་བཙན་རྒྱལ་པོའི་སྲས་མོ་སྟེ། གླིང་གེ་སར་གྱིས་བྱང་ཕྱོགས་བདུད་འདུལ་བའི་སྐབས་སུ།མོས་རོགས་དན་དང་ཞབས་ཞུ་བྱས་ཏེ་མཐར་རྒྱལ་ཁ་བླངས་རྗེས། གེ་སར་གྱིས་བཙུན་མོར་ཁབ་ཏུ་བཞེས་པ་དང་། དཔའ་ཐུལ་སུམ་ཅུའི་ནང་དཔའ་མོ་ཨ་སྟག་ལྷ་མོ་ཞེས་གྲགས་ཤིང་ཆིབས་རྟ་ཡི་མིང་ལ་རག་པ་སྟག་ལག་ཟེར། མོ་ནི་མདའ་འཕེན་པ་ལ་ཧ་ཅང་མཁས་པས་ཧོར་དང་འཇང། མོན་འདུལ་སྐབས་བྱས་རྗེས་ཆེན་པོ་བཞག་ཡོད་པར་གྲགས། དོན་དུ་མོའང་དཔའ་མོའི་ཚུགས་ཀ་ལྡན་པ་ཞིག་ཡིན་ངེས་ཏེ།《དམྱལ་གླིང་མུན་པ་རང་གསལ》ནང་ལ། མགོ་སྟོད་རལ་པས་ཁེབས་ཤིང་འདུག །ངོ་ཡ་ཐོད་སྟག་ཤར་སྐྱེས་གཟུགས་འདྲ། །དེས་མོ་བརྒྱ་ཟིལ་གྱིས་མནན་ནས་ཡོད། །ངོ་མ་ཐོད་ན་ཆུང་བུ་མོ་འདྲ། །དེས་ཕོ་བརྒྱ་ཟིལ་གྱིས་མནན་ནས་ཡོད། །ཁ་མི་གཙང་ཤ་དྲི་འཐུལ་ལེ་ཡོད། །ལག་མི་གཙང་སྡིག་དྲི་འཐུལ་ལེ་ཡོད། །ཁྱེད་ཁོག་སྟོད་བྱ་ནག་གཤོག་བསྐོར་འདྲ། །ཁོག་སྨད་སྡིག་པའི་མུན་ནག་འཐིབས། །ཞེས་པ་ལྟར་རོ།།

གླིང་སྒྲུང་ནང་གེ་སར་རྒྱ་ཡུལ་ཇ་རྫོང་ཕབ་པར་ཕེབས་དུས་ཨ་སྟག་ལྷ་མོ་ཚེ་ལས་འདས་པ་དང་། གེ་སར་ཕྱིར་ལོག་རྗེས་དམྱལ་བར་ཕེབས་ཏེ་མོ་དག་པའི་ཞིང་དུ་དྲངས་ཚུལ་བཅས་ཀྱང་ཞིབ་ཕྲ་བཀོད་འདུག

དམངས་ཁྲོད་དུ་མི་སེར་རྣམས་ཀྱི་ངག་རྒྱུན་དུ་གྲགས་པ་རྣམས་ལ་ཁུངས་བཙན་པའི་ལོ་རྒྱུས་ཀྱི་རྒྱབ་རྟེན་དང་། རྟགས་བརྟན་པའི་གནའ་རྫས་རྟོག་དཔྱོད་ཀྱི་བདེན་དཔང་ཅི་ཡང་མེད་མོད། གོ་ལོ་ཐོས་ལོ་ཙམ་མ་ཡིན་པར་ཡུལ་དངོས་སུ་ཕྱིན་ཏེ།མཐོང་ཐོས་རེག་གསུམ་རྣམས་ཡིག་འབྲུའི་ཕྲེང་བར་བརྒྱུས་པ་ནི། དངོས་པོའི་མི་རྟག་པའི་ཆོས་ཉིད་ལྟར། ནམ་ཉི་མ་ཞིག་ལ་རྗེས་ཤུལ་དེ་དག་འབྱུང་བཞིར་ཐིམ་སྲིད་པའི་སེམས་ཁྲལ་དང་། སེམས་གཏིང་ནས་དམངས་ཁྲོད་རིག་གནས་ལ་དགའ་དད་ཆེ་བ་བཅས་ཕྱི་ནང་གཉིས་ཀའི་རྐྱེན་གྱིས། ལས་ཀ་དེ་དཀའ་ཡང་། དགའ་བས་དང་དུ་བླངས་དང་ལེན་བཞིན་ཡོད་པ་ཙམ་ཡིན་ལགས།།

༡༢༡༢.jpg

༡༣༡༣.jpg

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།