ཀྲུང་གོ་བོད་ཀྱི་དྲ་བ།

ཡུལ་སྲོལ་ལས་གླུ་གཞས་ཀྱི་སྐོར་ཅུང་ཙམ་གླེང་བ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2020-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གླུ་དང་ཤགས། ལ་གཞས་བཅས་ནི་མདོ་དབུས་ཁམས་གསུམ་ཡོངས་སུ་དར་ཁྱབ་ཏུ་སོང་ཡོད་པའི་དམངས་ཁྲོད་རྩོམ་རིག་གི་གྲས་ཤིག་ཡིན་ཞིང་།  དེ་ཡང་གཙོ་བོ་ཨ་མདོའི་ཡུལ་གྱི་ཁྲི་ཀ་དང་ཆབ་འགག རེབ་གོང་། ཀན་ལྷོ། རྔ་བ་བཅས་ས་ཁུལ་དུ་དར་ཁྱབ་ཅུང་ཆེ་བ་རེད། ཡུལ་ཁམས་དེ་དག་གི་བར་དུའང་ཆེ་ཕྱོགས་གཅིག་མཚུངས་དང་ཆུང་ཕྱོགས་མི་མཚུངས་པ་ཡང་མཆིས།

དེ་ཡང་ཆབ་འགག་ཡུལ་དུ་དར་ཁྱབ་ཏུ་སོང་བའི་གླུ་ཁ་མཚར་ལ་མཚོན་ན་གཙོ་བོའི་བརྗོད་བྱ་ནི་འཇིག་རྟེན་གྱི་བྱུང་རིམ་བཤད་པ་དང་ཆེ་བ་རྣམས་ལ་བསྟོད་པ་བགྱིད་པ། འཚོ་བའི་སྐྱིད་སྡུག་བརྗོད་པ། དུས་ནམ་ཡང་བདེ་ཞིང་སྐྱིད་པར་ཡོང་བའི་བཀྲ་ཤིས་བདེ་ལེགས་ཀྱི་སྨོན་ཚིག་ཞུ་བ་བཅས་ཡོད།  གླུ་ཚིག་ཀྱང་ཕལ་ཆེར་ཚིག་རྐང་བཅུ་གཉིས་ཅན་དང་བརྒྱད་ཅན་དགུ་ཅན། དྲུག་ཅན་མང་ཤས་ཡིན་ལ། རྐང་བ་རེ་ལ་ཡིག་འབྲུ་བརྒྱད་རེ་ཡོད་པ་ལགས། གླུ་རྟ་ཡང་རྣམ་པ་སྣ་ཚོགས་མཆིས། གླུ་བ་དང་གླུ་མ་གྲགས་ཅན་ཞིག་གིས་མ་ཐ་ཡང་གླུ་རྟ་བཅུ་ལྷག་ཅིག་ཡིད་དུ་ངེས་ཡོད། གླུ་ཁ་མཚར་གྱི་ལེན་ལུགས་ཀྱང་ཐོག་མ་སྐྱེས་པས་གླུ་སྒོ་ཕྱེ་བ་དང་། རིམ་གྱིས་གླུ་བ་དང་གླུ་མས་ལེན་རེས་བྱེད་སྲོལ་ཡོད། གླུ་ཁ་མཚར་གྱི་འགྲོ་རིམ་ཡང་ཐོག་མར་གླུ་འགོ་རྩོམ་པའི་སྐོར་ལེན་པ་དང་། དེའི་འཕྲོར་བསྟོད་པའི་སྐོར་ལེན་པ། དེ་ནས་དྲིན་ལན་ཞུ་བའི་སྐོར་དང་སྨྲེང་བའི་སྐོར་ལེན་པ། མཇུག་མཐར་བཀྲ་ཤིས་འཇོག་པ་བཅས་སོ།

འདིར་རིམ་པ་བཞིན་དཔེར་བརྗོད་རེ་བཀོད་ན།  གླུ་འགོ་རྩོམ་པའི་སྐོར་ལས། ཆོས་ཀྱི་འགོ་མ་ཀ་ཁ་ཡིན། ཆོས་ཀ་ཁ་མ་བཏོན་འདོན་སྲོལ་མེད། ཟས་ཀྱི་འགོ་མ་མཆོད་ཁ་ཡིན། ཟས་མཆོད་ཁ་མ་འཕང་ཟ་སྲོལ་མེད། གླུ་ཡི་འགོ་མ་ཁ་མཚར་ཡིན། གླུ་ཁ་མཚར་མ་བླངས་ལེན་སྲོལ་མེད་ཅེས་པ་ལྟ་བུ་གླུ་འགོ་རྩོམ་པའི་སྐབས་ཀྱི་གླུ་ཞིག་ཡིན། བསྟོད་གླུའི་སྐོར་གྱི་གླུ་ལས། སེང་དཀར་མོ་གངས་རིའི་རྩེ་ནས་འགྱིང་། སེང་གཡུ་རལ་རང་གི་ཕྲག་ན་ཡོད། སེང་ཕྲུག་མང་བོས་བསྐོར་རེ་ཡོད། སེང་འདི་ཚོའི་བསོད་ནམས་རང་གྲུབ་རེད། སྟག་དར་མ་རྒྱ་རྫོང་ནགས་ནས་འགྱིང་། སྟག་ཐིག་ལེ་རང་གི་རྒྱབ་ན་ཡོད།  སྟག་ཕྲུག་མང་བོས་བསྐོར་རེ་ཡོད།  སྟག་འདི་ཚོའི་བསོད་ནམས་རང་གྲུབ་རེད། ནང་ཨ་ཁུ་གྲལ་ན་བཞུགས་ནས་ཡོད། གཏམ་ཁ་ལྕེ་རང་ལ་འཛོམས་ནས་ཡོད། བུ་ཚ་རྒྱུད་མང་བོས་བསྐོར་རེ་ཡོད། རྒན་ཨ་ཁུའི་བསོད་ནམས་རང་གྲུབ་རེད་ཅེས་བརྗོད་པ་ལྟ་བུར་མཚོན་ན། ཤོ་ལོ་ཀ་གསུམ་ཡོད་པ་ལས་སྔོན་གྱི་ཤོ་ལོ་ཀ་གཉིས་ནི་དཔེ་ཡིན་ལ་གཞུག་མའི་ཤོ་ལོ་ཀ་ནི་དཔེ་ཅན་ཡིན། བསྟོད་པའི་གཞི་ནི་ཨ་ཁུའི་བསོད་ནམས་ཆེ་བ་དེ་ཡིན། དྲིན་ལན་ཞུ་བའི་སྐོར་ནང་འདི་འདྲའི་གླུ་ཚིག་ཀྱང་ཡོད། ལུག་གཡང་དཀར་ཡན་ན་དྲིན་ཆེན་མེད། སྔ་དྲོ་བལ་དང་པགས་པས་གསོས། ཕྱི་དྲོ་ཤ་དང་ཁྲག་གིས་གསོས། ལུག་གཡང་དཀར་དྲིན་ལན་འཇལ་ཐབས་མེད། ཞིང་གྲུ་བཞིའི་ཡན་ན་དྲིན་ཆེན་མེད། སྔ་དྲོ་ནས་དང་གྲོ་ཡིས་གསོས། ཕྱི་དྲོ་བདུད་རྩི་ཆང་གིས་གསོས། ཞིང་གྲུ་བཞིའི་དྲིན་ལན་འཇལ་ཐབས་མེད། ཡུལ་ཕ་མའི་ཡན་ན་དྲིན་ཆེན་མེད། སྔ་དྲོ་བྲང་གི་ནུ་མས་གསོས། ཕྱི་དྲོ་ཟས་དང་ཟ་མས་གསོས། ཡུལ་ཕ་མའི་དྲིན་ལན་འཇལ་ཐབས་མེད་ལྟ་བུ་ནི་ཕ་མའི་བསྟོད་པ་ཡིན། སྨོན་ལམ་ཞུ་བའི་གླུ་ནི་སྟོད་གན་ན་དཀར་ཡག་གངས་ཀྱི་རྫོང་། རྫོང་རེ་རེ་སེང་གེ་འགྱིང་ས་རེད། སེང་དཀར་མོ་གཡུ་རལ་འཛོམས་ས་རེད། ས་གན་ནས་སྐྱེ་བའི་སྨོན་ལམ་འདེབས། སྨད་གན་ན་འཚོ་དྲུག་སྡེ་བའི་རྫོང་། སྡེ་རེ་རེ་སྟག་ཤར་སྐྱེ་ས་རེད། སྟག་ཤ་རར་དཔའ་རྩལ་འཛོམས་ས་རེད། ས་གན་ནས་སྐྱེས་པའི་སྨོན་ལམ་འདེབས། ཞེས་པ་ལྟ་བུར་མཚོན་ན་ཡུལ་མཆོག་གྱུར་གྱི་གནས་ལ་བསྟོད་པ་དང་ས་དེ་རུ་སྐྱེ་བའི་སྨོན་ལམ་ཞུ་བ་ཡིན། གླུ་ཁ་མཚར་གྱི་སྐོར་ལ་ཞིབ་ཏུ་བརྗོད་ན་ད་དུང་ཅུང་མང་པོ་བརྗོད་རྒྱུ་ཡོད་མོད། འོན་ཏེ་རྒྱས་པར་བརྗོད་ན་མང་བར་དོགས་ནས་འདི་ཙམ་གྱིས་ཆོག་པར་བྱའོ།

གླུ་ཤགས་ལ་མཚོན་ན། འགྲོ་རིམ་ཕལ་ཆེར་གླུ་ཁ་མཚར་གྱི་འགྲོ་རིམ་དང་མཚུངས་ཤིང་། གླུ་བ་གླུ་མས་ལེན་སྟངས་ཀྱང་གོང་ཞུའི་ཁ་མཚར་གྱི་ལེན་སྟངས་དང་མཚུངས་པ་ཡིན། གླུ་ཤགས་ལ་གཞན་དང་མི་མཚུངས་པའི་ཁྱད་ཆོས་གཙོ་བོ་སྟེ། ཐབས་བརྒྱ་ཇུས་སྟོང་གིས་ཕ་རོལ་བ་གནོན་པ་དང་རང་གར་བསྟོད་པ། ད་དུང་ཁ་ཤོམ་འཐེན་པ། གཅིག་ལན་གཅིག་དང་གཉིས་ལན་གཉིས་ལྟ་བུ། གལ་སྲིད་ཤགས་ཡོད་ཀྱང་ལན་མ་ཕོག་ན་ཕན་ཚུན་གྱིས་ཁས་མི་ལེན་པའི་དཔེ་ཡོད། གླུ་ཤགས་ཀྱི་ཚིག་ཀྱང་ཁ་མཚར་དང་མི་མཐུན་པར་ཤིན་ཏུ་རྣོ་ཞིང་མཚང་ལ་ཕོག་པ་ཞིག་ཡིན།  དཔེར་ན། ང་རྫ་མགོ་སྐོར་རེ་འགྲོ་རྒྱུ་ཡིན། ཁྱོད་བྲེ་སེར་རུ་དམར་འཛིན་རྒྱུ་ཡིན། ཤིང་བྲ་མའི་སྣ་གཅུ་སྤྲོད་རྒྱུ་ཡིན། ཞིང་འདེབས་པའི་སྒོ་ཟོག་བྱེད་རྒྱུ་ཡིན། ང་རྒྱ་རྫོང་ནགས་དཀྱིལ་འགྲོ་རྒྱུ་ཡིན། སྟག་ཐིག་ལེ་ཅན་ཞིག་འཛིན་རྒྱུ་ཡིན། སྐེར་ལྕགས་ཐག་སྔོན་མོ་འཇོག་རྒྱུ་ཡིན། ཁྱོད་སྒོ་ཁྱི་བྱས་ནས་འདོགས་རྒྱུ་ཡིན། ང་ཁྲོམ་པའི་དཀྱིལ་ལ་འགྲོ་རྒྱུ་ཡིན། གླུ་ཤགས་ཡོད་ཅིག་ལ་ཐུག་རྒྱུ་ཡིན། ཤགས་བླངས་ནས་ཕུགས་ལ་བསྡུ་རྒྱུ་ཡིན། ཁྱོད་ཁྲོམ་པ་ངོ་ཚ་སྟོད་རྒྱུ་ཡིན་ལྟ་བུ་དང་། གྱང་ཁའི་བྱ་ཕོ་དཀར་བོ་འདི། ཁྱོད་འཕུར་རྒྱུ་མེད་ལ་གཤོག་རྡེབ་ཅིག  གྱང་རྟིང་ཕག་མ་ནག་རོག་མ། ཁྱོད་བཞོ་རྒྱུ་མེད་ལ་ངུར་རྒྱུ་ཞིག  ཁྲོམ་གྱི་གླུ་བ་ཤོབ་སྐྱལ་བོ། གླུ་ལེན་རྒྱུ་མེད་ལ་ལུད་རྒྱུ་ཞིག་ལྟ་བུའི་ཚིག་རྩུབ་ཅིང་གནད་ལ་ཕོག་པའི་ནང་དོན་གྱི་གླུ་ཤགས་མང་བོ་ཡོད།

གླུ་ཤགས་བླངས་ནས་ཕན་ཚུན་གྱི་རྒྱལ་ཕམ་ཐག་གཅོད་དཀའ་བའི་སྐབས་སུ། གླུ་བ་གཞན་ཞིག་གིས་བར་འབྱེད་ཀྱི་གླུ་ལེན་པའི་དཔེ་ཡང་ཡོད། དཔེར་ན། ནགས་རྒྱ་རྫོང་ཡག་གི་དཀྱིལ་ཁུག་ནས། སྟག་དང་སྟག་མོ་ཐུག་བཏང་ཐལ། ང་སྟག་ཕྲུག་ཡོང་ནས་བར་ཞིག་འབྱེད། ང་སྟག་ཕྲུག་ཁ་ངོ་ཡོད་ནི་བྱོས།  ཁྲོམ་ཆེན་པོའི་དཀྱིལ་གྱི་གྲལ་བར་ནས། ཁྱེད་གླུ་བ་གཉིས་ཀ་ཐུག་བཏང་ཐལ། ང་ཁྲོམ་པ་ལངས་ནས་བར་ཞིག་འབྱེད། ང་ཁྲོམ་པ་ཁ་ངོ་ཡོད་ནི་བྱོས་ལྟ་བུའི་བར་འབྱེད་ཀྱི་གླུ་བླངས་པས་ན། གླུ་བ་དང་གླུ་མ་ཡིན་ནའང་འདྲ། གླུ་བ་དང་གླུ་བ་ཡིན་ནའང་འདྲ། དེ་མ་ཐག་མཚམས་འཇོག་དགོས་པའི་ལུགས་སྲོལ་ཡང་གནའ་ནས་ད་ལྟའི་བར་དུ་དར་ཡོད།

ལ་གཞས་ལ་མཚོན་ན་ཆབ་འགག་ཡུལ་འདིར་དར་ཁྱབ་ཤིན་ཏུ་སྔ་བ་མ་ཟད།  དར་རྒྱ་ཡང་ཧ་ཅང་ཆེ་བ་ལགས། དེ་ཡང་ཕོ་མོའི་བརྩེ་དུང་མཚོན་བྱེད་ཀྱི་ཐབས་ལམ་ཞིག་ཡིན་ལ། ཕོ་མོའི་བརྩེ་དུང་འབྲེལ་བྱེད་ཀྱི་ཟམ་པ་ཞིག་ཀྱང་ཡིན། རྒྱུན་ལྡན་གྱི་འགྲོ་རིམ་ལྟར་ན་ལ་གཞས་འདི་གཙོ་བོ་ན་གཞོན་རྣམས་ཀྱིས་ལེན་པའི་སྲོལ་ཡོད་ནའང་རྒན་དར་གྱིས་ཀྱང་བླངས་ན་མི་ཆོག་རྒྱུ་ཅི་ཡང་མེད། ཡིན་ནའང་རང་གི་ཕ་མ་དང་མིང་སྲིང་ཉེ་འབྲེལ་དུ་ངོ་སྲུང་དགོས་པས་ལ་གཞས་ལེན་མི་ཆོག་པ་ཡིན། ལ་གཞས་ལ་འགྲོ་རིམ་མང་བོ་ཡོད་པ་སྟེ། ཐོག་མར་འགོ་རྩོམ་པའི་སྐོར་ལེན་པ་དང་། དེའི་འཕྲོར་མཐུན་པའི་སྐོར་ལེན་པ། དེ་ནས་དྲན་པའི་སྐོར་དང་སྨྲེང་བའི་སྐོར་ལེན་པ། མཇུག་ཏུ་བདེ་མོ་འཇོག་པའི་སྐོར་ལེན་པའི་རིམ་པ་ཡོད། །    

རྩོམ་སྒྲིག་པ། : བདེ་ལེགས་མཚོ།