༼རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག༽ལས་འགུ་སྟོད་དང་འགུ་སྨད་ཀྱི་སྐོར།

༡.jpg

བོད་མི་ཚོ་ནི་ཐག་ཉེ་སའི་གནས་ཚུལ་ལ་རྒྱུས་ལོན་བྱེད་མི་འདོད་པར། ཐག་རིང་ས་ཡི་ཅི་ཞིག་ལ་ཨུ་ཚུགས་ཀྱིས་སྒྲོག་འགྲེལ་བྱེད་པར་དགའ་བ་ཞིག་རེད།

རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཅེས་པ་ནི་ཕལ་ཆེར་གྱིས་ཐོས་མྱོང་མོད། རེ་རེ་ནས་བཤད་དགོས་དུས་གྲངས་འདྲེན་ཚུལ་མི་འདྲ་ལ། ཐ་སྙད་འབྲི་སྟངས་ཀྱང་རྣམ་པ་སྣ་ཚོགས་རེད། དེ་ལས་དཀར་མཛེས་ཁུལ་དར་མདོ་རྫོང་སྒོ་ལྕགས་གྲོང་རྡལ་གྱི་མངའ་ཁོངས་སུ་ཡོད་པའི་འགུ་སྟོད་རྒྱལ་པོ་ལ་འགག་སྟོད་དང་འགག་ལ། མགོ་ཐང་། མགོ་དུམ། གཡུ་ཐང་སོགས་འབྲི་ཚུལ་ཧ་ཅང་མང་།ནང་སྒོས་སུ་རྔ་བ་ཁུལ་གྱི་འབར་ཁམས་རྫོང་དང་། དཀར་མཛེས་ཁུལ་གྱི་རོང་བྲག་རྫོང་གི་ཁོངས་སུ་ཡོད་པའི་རྒྱལ་རོང་པ་ཚོའི་མཁར་རྫོང་དང་ཁང་པ། རྒྱན་གོས་དང་སྐད་ཆ་བཅས་ལ་ཞིབ་འཇུག་བྱས་མཐར། དེ་ནི་གནའ་བོའི་ཞང་བོད་ཀྱི་སྲོལ་རྒྱུན་ཡིན་པས་བོད་རིགས་དག་མ་རེད་ཅེས་ཚང་མའི་ཁ་མཐུན་ཡང་། དར་མདོ་རྫོང་ཁོངས་སུ་ཡོད་པའི་འགུ་སྟོད་ས་ཆ་ནི་ཡར་རྒྱལ་རོང་ལ་མི་ཐེ། ཕར་མི་ཉག་པའང་མིན་པའི་མི་རིགས་གཞན་ཞིག་མིན་ནམ་སྙམ་སྟེ་དོགས་པ་ཟ་མཁན་ཡང་མང་པོ་རེད། དེས་ན་ང་རང་གི་གོམས་གཤིས་ལྟར་ཡུལ་དངོས་སུ་བཅར། མི་རྒན་རྣམས་དང་ཁ་བརྡ་བྱས། ལོ་རྒྱུས་ཡིག་ཆ་ཁུངས་བཙུན་པ་ལ་གཞི་བཅོལ་ཏེ།ཡིན་མིན་ཚད་ཀྱིས་འཇལ་བའི་གཏམ་དྲང་པོ་ཞིག་བཤད་འདོད་མོད། མཁས་དབང་དགེ་ཆོས་ཀྱིས་རྩད་གཅོད་པ་ལས་དགག་པ་བྱེད་པ་ལ་དགའ་བ་འདི་འུ་ཅག་གི་གཤིས་ལུགས་ཡིན་ཞེས་པ་ལྟར། དགོས་མེད་ཀྱི་མདའ་མོ་མ་འཕེན་པར། ངས་བསྟན་པའི་ལམ་ལྟར་ཡུལ་དངོས་སུ་རྩད་གཅད་དུ་སོང་ན་བསམ་རྒྱུ་གོ་རྒྱུ་མང་པོ་ཡོད་ངེས་སོ།།

དར་མདོ་གྲོང་ཁྱེར་གྱི་ཤར་རྒྱ་ནག་ལྟག་སྒོ་ནས་དབལ་གསས་ལུང་པ་དེད་དེ་རྒྱལ་མོ་རྔུལ་ཆུའི་སུམ་མདོར་སླེབས་རྗེས། ལྕགས་ཟམ་རྫོང་གི་ཕྱོགས་སུ་མར་མ་འགྲོ་བར་རྒྱལ་མོ་རྔུལ་ཆུ་འོངས་སའི་རོང་བྲག་རྫོང་གི་ཕྱོགས་སུ་འགྲོ་ན། དང་པོར་ཐུག་པ་ནི་སྒོ་ལྕགས་གྲོང་རྡལ་རེད། དེ་ཡང་དབལ་གསས་ལུང་པ་ཞེས་པ་ནི་ལུང་པ་དེ་ན་བོན་པོའི་སྲུང་མ་དབལ་གསས་ཀྱི་ལྷ་ཁང་ཞིག་ཡོད་པས་མིང་དེ་ལྟར་ཐོགས་ཞེས་པ་དང་། འགའ་ཞིག་གིས་འགག་ཟུར་ཡང་བྲིས་པ་ལ་རྒྱུ་མཚན་བཤད་རྒྱུ་མི་འདུག་མོད། ལྕགས་ཟམ་རྫོང་གི་རི་མཇུག་གྲོང་རྡལ་ན་ཡོད་པའི﹙冷边长官司﹚ལ་འགག་སྟོད་རྒྱལ་པོ་དང་། གཡག་རྔ་གྲོང་ཁྱེར་ཐན་ཆོན་རྫོང་གི་རབ་རྒྱས་ཤང་ན་ཡོད་པའི ﹙天全六番土司﹚ལ་འགག་སྨད་རྒྱལ་པོ་ཞེས་པ་ལྟར་ན། དེ་དག་གི་ཟུར་ལ་ཡོད་པའི་ལུང་པ་ལ་འགག་ཟུར་ཞེས་པའང་སྲིད་པ་ཞིག་རེད་མོད། དེང་སང་ལུང་པ་དེ་ན་མིང་ཆགས་ཚུལ་ཇི་ལྟར་ཡིན་མིན་བཤད་ཤེས་མཁན་གཅིག་ཀྱང་ཐུག་མ་བྱུང་། སྒོ་ལྕགས་ཞེས་པ་ནི་དེ་སྔོན་འགུ་སྟོད་རྒྱལ་པོའི་མངའ་ཁོངས་ཀྱི་ཤར་སྒོ་རུ་ཆགས་ཤིང་། ཕྱོགས་གཉིས་ལ་རི་མཐོན་པོ་འགག་སྒོ་ལྟར་བཙན་པ་དང་། གྲོང་པ་དེ་ནི་སྒོ་ལ་སྒོ་ལྕགས་བརྒྱབ་པ་ལྟར་ཕྱི་རོལ་གྱི་ཇག་རྐུན་རྣམས་བཀག་ཐུབ་པས་མིང་དེ་ལྟར་ཐོགས་པར་གྲགས། ལ་ལས་བདེ་མཆོག་གི་སྲུང་མ་གུ་རུ་དྲག་པོའི་སྒྲུབ་ཕུག་ཡོད་པས་གུར་དྲག་ཟེར་བ་རེད་ཅེས་བཤད་ཀྱང་། དེ་ནི་ཆོས་ཞེན་ཆེ་བ་ཙམ་ལས་དོན་དུ་སྒོ་ལྕགས་ཞེས་པ་དེ་བདེན་པར་སྣང་།

དེང་སང་སྒོ་ལྕགས་གྲོང་རྡལ་གྱི་མངའ་ཁོངས་སུ་རྒྱལ་མོ་རྔུལ་ཆུའི་འགྲམ་ངོགས་སུ་རིམ་བཞིན་དུ་ཆགས་པའི་རི་སྐེད་དང་ཆ་ལང་། སྨད་པ། གསེར་ལེན་བཅས་ལ་འགུ་སྨད་དང་། རྒྱལ་མོ་རྔུལ་ཆུའི་ཡན་ལག་སྐྱིད་ཐང་ཆུའི་རྒྱུད་དུ་ཡོད་པའི་ས་ཧོར་དང་སྐྱིད་ཐང་། ཕུ་མདའ། དེ་མིན་རོང་བྲག་རྫོང་གི་དགེ་རྫོང﹙དགུ་རྫོང﹚དང་ཐག་ཉེ་བའི་འཁོབ་ཡུལ་དང་བཅས་པ་ལ་འགུ་སྟོད་ཅེས་འབོད། ད་སྔོན་བར་དུ་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་པ་ཚོས་བྲིས་པའི་ཡིག་ཆ་ནང་འགུ་སྟོད་ལ་འགག་སྟོད་དང་འགག་ལ།མགོ་ཐང་། མགོ་དུམ། ཡུ་ཐང་། གཡུ་ཐང་སོགས་ཐ་སྙད་འབྲི་སྟངས་རྣམ་པ་སྣ་ཚོགས་ལས། མགོ་ཐང་ཞེས་པ་ནི་ས་ཆ་དེ་ན་བྲག་མཐོ་ལ་གཡང་གཟར་བས། མི་སེར་རྣམས་ཀྱིས་རྒྱབ་ལ་ཁུར་པོ་ཁུར་ནས་འགྲོ་དུས་ཉེན་ཁ་ཧ་ཅང་ཆེ། གལ་སྲིད་སྟབས་མ་ལེགས་པར་ལམ་ལ་འདྲེད་པའམ་བརྡབ་ན། རྒྱབ་ཀྱི་ཁུར་པོས་ཐུར་དུ་མི་དྲུད་པའི་ཆེད་དུ་ཁུར་ཐག་མགོའི་ཐོད་པར་བཀལ་ཏེ་ཤོར་བདེ་བར་བྱས་པས་མིང་དེ་ལྟར་ཐོགས་པ་རེད་ཟེར། ས་ཆ་གཞན་དང་མ་འདྲ་བའི་ཁུར་པོ་ཁུར་སྟངས་དེ་ནི་དེང་སང་ཡང་དེ་ལྟར་ལགས་མོད། རྒྱུ་མཚན་དེ་ལ་བརྟེན་པ་ཡིན་ན་མགོ་སྡོམ་ཞེས་པ་ལས་མགོ་ཐང་དང་མགོ་དུམ་ནི་བྲིས་ནོར་ཤོར་བ་འདྲ། དེ་མིན་འགག་སྟོད་དང་འགག་ལ་ཞེས་པར་རྒྱུ་མཚན་ཅི་ཡང་བཤད་རྒྱུ་མི་སྣང་། ཡུ་ཐང་དང་གཡུ་ཐང་ནི་ཕྱིས་སུ་རྒྱ་ཡིག﹙鱼通﹚གི་སྒྲ་གདངས་ལྟར་བྲིས་པར་ངེས།དེ་ནི་དེང་སང་ལོ་ཙྭ་བ་རྣམས་ཀྱིས་མ་བརྟག་མ་དཔྱད་པར་འོལ་ཚོད་ཀྱིས་རང་མགོ་ཐོན་ཐབས་བྱས་པའི་ལས་ཀ་རེད། འོ་ན། ཐ་སྙད་འབྲི་ཚུལ་མི་འདྲ་བ་དེ་དག་ལས་གང་ཁུངས་དང་ལྡན་པ་རེད་ཟེར་ན། ངས་ཡུལ་དངོས་སུ་བཅར་འདྲི་བྱས་པ་དང་ལོ་རྒྱུས་ཀྱི་ཁུངས་དེད་རྗེས་ཀྱི་ལྟ་བ་འོག་ལ་བཤད་རྒྱུ་ཡིན།

༢.jpg

ཁང་རྙིང་།

དེ་སྔོན་ནས་འཁོབ་ཡུལ་ཞེས་པ་ན་གནའ་སྔོན་མའི་མཁར་རྫོང་ཞིག་ཡོད་པ་གོ་མྱོང་བས་ཉིན་དེར་དང་ཐོག་དེའི་ཕྱོགས་སུ་སོང་མོད། སྟབས་མ་ལེགས་པར་ལམ་ཆད་པས་རི་སྐེད་ཙམ་ལ་སླེབས་རྗེས་ཕྱིར་འཁོར་ཏེ་རྒྱལ་མོ་རྔུལ་ཆུའི་གཡོན་ཕྱོགས་ཀྱི་ལུང་པ་དེ་དེད་ནས་སོང་། ལུང་པ་དེར་རིམ་བཞིན་དུ་ས་ཧོར་དང་སྐྱིད་ཐང་། ཕུ་མདའ་ཞེས་ཤང་ཁག་གསུམ་ཆགས་འདུག  སྐྱིད་ཐང་ཆུ་ཞེས་པའི་ཆུ་བོ་དེ་ཆེ་རྒྱུ་མེད་ཀྱང་ལུང་པ་ཟབ་མོ་ནང་བཞུར་བ་ནི། གཡུ་འབྲུག་སྔོན་མོ་ཞིག་འུར་སྒྲ་དང་བཅས་མཐོ་ས་ནས་དམའ་ས་ལ་འཁྱུག་པ་དང་འདྲ། ལམ་འགྲམ་གྱི་ཞིང་ས་ནང་མ་རྨོས་ལོ་ཏོག་དང་ཞོ་ཁོག  སྟར་ཀ ཀུ་ཤུ་བཅས་ལོ་ཏོག་དང་སིལ་ཏོག་གི་རིགས་འདྲ་མིན་སྣ་ཚོགས་སྨིན་བཞིན་པའི་སྒང་རེད། མི་སེར་ཚོའི་ཁང་པ་ཕལ་ཆེར་ནི་ཐོག་ལ་རྫ་གཡམ་བཀབ་ཅིང་། རྩིག་ངོས་སུ་སྐར་ཁུང་ཆུ་ངུ་འགའ་བཞག་ཡོད་པའི་རྡོ་ཁང་བརྩེགས་གསུམ་ཅན་རེད་འདུག་ལ། ཨར་འདམ་དང་རྣོ་ལྕགས་ཀྱིས་ལས་པའི་རྒྱ་ཁང་ཡང་མི་ཉུང་བ་སྣང་། རོང་པའི་ས་ཆུ་དང་རྩྭ་རྩི་ཤིང་གི་ཁྱད་ཆོས་མངོན་པར་གསལ་བའི་ས་ཆ་དེ་འདྲ་ལ་སླེབས་ཐེངས་རེར། ང་རང་གི་སེམས་ནང་བསྙལ་ནས་ཡོད་པའི་ཕ་ཡུལ་གྱི་རི་ཆུ་ཀླུང་གསུམ་ལྷག་ཏུ་དྲན་བྱུང་།

སྐྱིད་ཐང་ཤང་བརྒལ་ཏེ་ཕུ་མདའ་ཤང་གི་མངའ་ཁོངས་སུ་སླེབས་དུས། དུད་ཁ་ཞིག་ནང་སོང་སྟེ་མི་རྒན་འགའ་ལ་བཅར་འདྲི་བྱེད་དགོས་དྲན་མུར། ལམ་ཁ་ན་མི་རྒན་ཞིག་དང་ཐུག་བྱུང་། ཁོང་གིས་ལག་ནང་ཕྲེང་བ་ཞིག་བཟུང་སྟེ་ༀ་མ་ཏྲི་མུ་ཡེ་ས་ལེ་འདུ་ཞེས་བོན་བསྟན་གྱི་གཟུངས་སྔགས་མ་ཏྲི་འབྲུ་བརྒྱད་འདོན་གྱིན་འདུག ང་རང་ཁོང་གི་ཟུར་ལ་བསྡད་དེ་བཅར་འདྲི་བྱས་པ་ལས་གོ་བ་ལྟར་ན། ཁོང་གི་འདས་ཟིན་པའི་ཕ་ལ་འབྲུག་ཚེ་རིང་ཞེས་པ་དང་། ཁོང་གི་བོད་མིང་ལ་ནོར་བུ་དང་རྒྱ་མིང་ལ་དབྱང་ཀྲིང་ཁྲུན་ཟེར་ཞིང་ད་ལོར་དགུང་ལོ་བརྒྱད་ཅུ་གྱ་ལྔ་ལ་སོན་འདུག  ཨ་མྱེ་ནོར་བུས་གསུངས་པ་ལྟར་ན་ཁོང་གི་ཕ་ཡི་རིང་ལ་གྲོང་མི་ཚང་མ་ལ་བོད་མིང་ལས་རྒྱ་མིང་མེད་ནའང་། ཁོང་གི་རིང་ལ་མི་རེ་ལ་རྒྱ་མིང་དང་བོད་མིང་རེ་ཡོད་པ་དང་། བོད་གླུ་དང་བོད་བྲོ་ཤེས་མཁན་ཡང་མང་པོ་ཡོད་མོད། དེང་སང་བོད་གླུ་དང་བོད་བྲོ། བོད་སྐད་ཤེས་མཁན་ནི་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་རེད། ངས་དེང་སང་བོད་མི་ཚོའི་གོམས་ལོབ་ལྟར་དང་པོར་རྒྱ་སྐད་ཐོག་ནས་ཁོང་ལ་ཁ་བརྡ་བྱས་མོད། ཁོང་གིས་ཡར་འགྲོ་མར་འོང་བྱེད་མཁན་གྱི་གྲོང་མི་རྣམས་དང་བོད་སྐད་བཤད་པ་ལ་ཉན་དུས། ཕལ་ཆེར་གོ་ཐུབ་པས་ངས་ཀྱང་ཁོང་དང་བོད་སྐད་ཀྱིས་ཁ་བརྡ་བྱས་པ་ན། ཁོང་ཚོའི་སྐད་ནི་ཁམས་སྐད་དང་ཕལ་ཆེར་གཅིག་པ་རེད་ལ།  ག་ལེར་བཤད་ན་ངེད་གཉིས་བར་གོ་བརྡ་འཕྲོད་ཀྱིན་འདུག  དེས་ན། དེང་སང་མི་མང་པོས་ས་ཕྱོགས་དེ་ནའི་ཡུལ་སྐད་ནི་ང་ཚོ་དང་གོ་བརྡ་འཕྲོད་ཐབས་མེད་པར་དྲན་པ་ནི་དོན་དངོས་ལ་རྟོག་དཔྱོད་མ་བྱས་པར་འོལ་ཚོད་བརྒྱབ་པ་ཙམ་རེད།

ཡུལ་ཚོ་འདིའི་མིང་ལ་འགའ་ཤས་ཀྱིས་འཕང་མདའ་དང་ལ་ལ་ཡིས་ཕོག་ཐག་ཅེས་བྲིས་འདུག་པ་ལས། དང་པོ་འཕང་མདའ་ཞེས་པ་ནི་ཡུལ་ཚོ་ནང་འཕང་མདའ་དགོན་ཞེས་བོན་པོའི་དགོན་པ་ཞིག་ཡོད་པས་དགོན་མིང་ཡུལ་ལ་ཐོགས་པ་རེད་ཟེར་ཡང་།དང་པོར་གྲོང་པ་ཡོད་ལ་དེ་ནས་དགོན་པ་དེ་ཆགས་པ་ཡིན་པས། ཐོག་མ་ཉིད་ནས་གྲོང་མིང་ཞིག་ཡོད་དགོས་པའི་གནས་ལུགས་ལྟར་ན། དད་པའི་དབང་གིས་དགོན་མིང་གྲོང་མིང་ལ་ཐོགས་པ་རེད་ཅེས་ཟེར་བ་འདྲ། གཉིས་པ་ཕོག་ཐག་ཅེས་པ་ནི་འཇིག་རྟེན་གྱི་མིག་ཅེས་མཚན་སྙན་ཡོད་པའི་ལོ་ཙཱ་བ་རྣམས་ཀྱིས་ལོ་རྒྱུས་རིག་གནས་ལ་བརྩི་འཇོག་མ་བྱས། ས་ཆ་ཆགས་ཚུལ་ལ་རྟོག་ཞིབ་མ་གནང་། མི་རྒན་རྣམས་ལ་བཀའ་འདྲི་ཞུ་ལོང་མེད་པར་ལག་ནང་ཅི་འོངས་དང་སེམས་ནང་ཅི་དྲན་གྱིས་བསྒྱུར་བ་རེད་འདུག དེང་སང་ས་མིང་བསྒྱུར་སྟངས་ཀྱི་ཐད་ལ་གནས་ཚུལ་འདི་ནི་ཧ་ཅང་ཚབས་ཆེ་བས། གལ་སྲིད་མུ་མཐུད་ནས་ལོ་རྒྱུས་རིག་གནས་ཁུར་དུ་ཁྱེར་བའི་ས་མིང་རྣམས་ལོག་བསྒྱུར་བྱེད་ན། མཐར་ཆུ་འགོ་ཆད་པའི་རྫིང་བུ་ལྟར་དུ་གྱུར་ཏེ། ལོ་རྒྱུས་ཀྱི་ཁུངས་སྣེ་འབོར་བ་ནི་ཧ་ཅང་གྱོང་ཁ་དང་ཉེན་ཁ་ཆེན་པོ་ཞིག་རེད།

འོ་ན། དོན་དང་མཐུན་པའི་མིང་གང་འདྲ་རེད་ཟེར་ན། ཡུལ་ཚོ་འདི་ལུང་པ་ཆེན་པོ་དེའི་ཕུ་ཡི་མདའ་ལ་ཆགས་ཡོད་པ་དང་། ཨ་མྱེ་ནོར་བུ་ལ་ཡུལ་ཚོ་འདིའི་མིང་དྲིས་དུས་ཁོང་གི་ཁ་ལས་ཀྱང་ཕུ་མདའ་ཞེས་པའི་སྒྲ་ཐོན་པ་ལས། འཕང་མདའ་འམ་ཕོག་ཐག་མི་ཟེར་བས་ཕུ་མདའ་ཞེས་པ་ནི་ཡང་དག་པ་ཞིག་རེད་འདོད།

༣.jpg

འཕང་མདའ་དགོན།

ཨ་མྱེ་ནོར་བུ་ལ་བཅར་འདྲི་བྱས་ཚར་རྗེས་ཕུ་མདའ་ཡུལ་ཚོའི་འཕང་མདའ་དགོན་པ་མཇལ་དུ་སོང་བ་ཡིན། དགོན་པའི་རྩར་སླེབས་དུས་སྒོ་བྱང་ཐོག་འགུ་སྟོད་འཕང་མདའ་མི་འགྱུར་བསམ་གཏན་གླིང་ཞེས་རྒྱ་བོད་ཤན་སྦྱར་གྱིས་བྲིས་ཡོད་པ་མཐོང་།སྒོ་ཆེན་ནང་འཛུལ་ནས་བལྟས་དུས། གཡས་ཕྱོགས་སུ་དགོན་པ་བརྩེགས་གཉིས་ཅན་ཆུང་ངུ་ཞིག་དང་། གཡོན་ཕྱོགས་སུ་གསར་དུ་ལས་པའི་གྲྭ་ཤག་བརྩེགས་གཉིས་ཅན་ཞིག  དཀྱིལ་ཁུལ་དུ་མཆོད་རྟེན་དཀར་པོ་ཞིག་མཇལ་བྱུང་། དགོན་པའི་བརྩེགས་དང་པོར་སྐུ་རྟེན་རྙིང་པ་ཉུང་ངུ་ཙམ་དང་། ཐོག་བརྩེགས་ཀྱི་ཤིང་ལེབ་ངོས་སུ་བཀྲ་ཤིས་པའི་རི་མོ་དང་ལྷ་རིས་རྙིང་པ་སོགས་མཇལ་རྒྱུ་འདུག་པ་ལས། ས་དགེ་བཀའ་རྙིང་གི་དགོན་པ་ལྟར་གསེར་དངུལ་གྱི་འོད་མདངས་འཕྲོས་པའི་ལྷ་སྐུ་དང་། འཇའ་ཚོན་ལྟར་རྣམ་པར་བཀྲ་བའི་ལྡེབས་རིས་སོགས་ཅི་ཡང་མཐོང་རྒྱུ་མེད་ཀྱང་དེ་ལས་ལྷག་པའི་དད་པ་ཞིག་སྐྱེས་བྱུང་། རིག་དངོས་ཆེད་མཁས་པ་རྣམས་ཀྱིས་བརྟག་དཔྱད་བྱས་པ་ལྟར་ན། འདུ་ཁང་ནང་གི་ལྡེབས་རིས་དེ་དག་ནི་ཆིང་རྒྱལ་རབས་ཀྱི་མཇུག་དང་། མིང་རྒྱལ་རབས་བར་དུ་བྲིས་པའི་རི་མོ་ཡིན་ལ། ལོ་རྒྱུས་དང་སྒྱུ་རྩལ་རིག་གནས་ཀྱི་རིན་ཐང་ཆེན་པོ་ཡོད་པར་བཤད།

༤.jpg

དགོན་པ་ནང་གི་ལྡེབས་རིས།

 དགོན་པའི་སྤྲུལ་སྐུ་ཚུལ་ཁྲིམས་རྣམ་དག་གིས་ངོ་སྤྲོད་བྱས་པ་ལྟར་ན། འཕང་མདའ་དགོན་པ་ནི་རོང་བྲག་རྫོང་གནས་འགོ་དགོན་པའི་བླ་རབས་བཅུ་དྲུག་པ་ལེགས་པ་རྒྱལ་མཚན་གྱིས་དགུང་ལོ་བཞི་བཅུའི་དུས་སུ་ཐོག་མར་ཚ་ཁང་ཞིག་བཞེངས། དེ་ནས་དགོན་པ་ཕྱག་བཏབ་པར་གྲགས། དམ་པ་ལེགས་པ་རྒྱལ་མཚན་ནི་སྤྱི་ལོ་དགུ་བརྒྱ་བཞི་བཅུ་ཞེ་བཞི་ལ་འཁྲུངས་པ་ལྟར་བརྩིས་ན།དགོན་པ་འདི་ད་བར་ལོ་ངོ་ཆིག་སྟོང་སུམ་བཅུ་ལྷག་འདས་ཟིན། དེ་ཡང་དགོན་པ་ལ་འཕང་མདའ་དགོན་ཞེས་མིང་ཐོགས་དོན་ནི།དམ་པ་ལེགས་པའི་རྒྱལ་མཚན་གྱིས་རོང་བྲག་རྫོང་གི་གནས་འགོ་དགོན་ནས་མདའ་ཞིག་འཕངས་པ་དེ་ས་འདིར་ཕོག་པ་དང་། ས་འདི་ནི་གནམ་གྲུ་གསུམ་ས་གྲུ་གསུམ་གྱི་དབྱིབས་སུ་ཆགས་པས། ཁོང་གིས་ས་འདུལ་མཛད་རྗེས་དགོན་པ་བཏབ་པ་ལ་མིང་ཡང་འཕང་མདའ་དགོན་ཞེས་ཐོགས་པ་རེད་ཟེར། དོན་དུའང་དགོན་པ་འདི་རི་གསུམ་བར་ལ་ཆགས་ཡོད་པས། ཡར་བལྟས་ན་གནམ་གྲུ་གསུམ་དང་མར་བལྟས་ན་ས་གྲུ་གསུམ་གྱི་རྣམ་པ་གསལ་པོ་རེད། དམ་པ་ཁོང་གིས་གནས་འགོ་དགོན་ནས་མདའ་འཕངས་ཏེ་འདི་ན་ཕོག་ཅེས་པ་ནི་དོན་དངོས་ལ་སྒྲོ་བཏགས་པའི་གཏམ་རྒྱུད་ཙམ་ཡིན་མོད། བོད་ལ་གནའ་སྔོན་མ་ནས་མདའ་འཕངས་ཏེ་མདའ་ལྷུང་སའི་ཁ་ཕྱོགས་བཞི་ལ་ཕུར་པ་བཙུགས་ནས་དགོན་སའི་གཞི་ཁྱོན་གཏན་དུ་འཁེལ་སྲོལ་ཡོད་དེ། མཁར་རྨེའུ་བསམ་གཏན་གྱིས《མདའ་དང་འཕང》ཞེས་པའི་ནང་བོད་དུ་འཛུགས་སྐྲུན་གྱི་ཕྱོགས་ཆ་ནས་གོ་རིམ་གཉིས་བརྒྱུད་ནས་ཐག་གཅོད་བྱེད་པ་ཡིན་དེ། དེ་ཡང་གཅིག་ནི་མདའ་འཕེན་ནས་འཛུགས་སྐྲུན་ཕྱོགས་ཆའི་གཞི་ཁྱོན་ཐག་གཅོད་བྱེད་པ་དང་། ཅིག་ཤོས་ནི་མདའ་ལྷུང་སའི་རྩ་བའི་ཁ་ཕྱོགས་བཞི་ལ་བརྟོད་ཕུར་འཛུགས་པ་བཅས་ཡིན། དེ་ལྟ་བུའི་ལུགས་སྲོལ་ནི་དུས་རབས་བརྒྱད་པའི་ནང་བསམ་ཡས་གཙུག་ལག་ཁང་བཞེངས་སྐབས་ལག་བསྟར་བྱས་པའི་ལམ་སྲོལ་དག་མ་ཉམས་པར་རྒྱུན་འཛིན་བྱས་ཡོད་པའི་སྣང་ཚུལ་ཞིག་ལགས། དེ་ཡང《སྦ་བཞེད》ནང་དུ། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་མདའ་འཕངས་ནས་བསམ་ཡས་དགོན་པའི་ལྕགས་རིའི་ཚད་གཞི་ཉིད་གཏན་འཁེལ་གནང་ཚུལ་བཀོད་ཡོད་ཅེས་གསུངས་པ་ལྟར་རེད། དགོན་པའི་གཡས་ལ་ཡོད་པའི་མཆོད་རྟེན་དཀར་པོ་དེ་ནི། དེ་སྔོན་འཕང་མདའ་དགོན་པའི་གྲྭ་པ་ཞིག་གཙང་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་སློབ་གཉེར་མཛད་དུས་ཚང་མས་འགུ་སྟོད་ཨ་ཁུ་ཞེས་འབོད་ལ། ཁོང་ཕྱིར་ཕ་ཡུལ་ལ་ཕེབས་རྗེས་བཞེངས་པར་གྲགས། གཞན་ཡང་འཕང་མདའ་དགོན་པ་ཕྱག་བཏབ་མཁན་བླ་མ་ལེགས་པ་རྒྱལ་མཚན་གྱི་ཡང་སྤྲུལ་ཉི་མ་དབང་རྒྱལ་ཡང་འགུ་སྟོད་ས་ཆ་ལ་འཁྲུངས་ཤིང་། རྗེས་སུ་རྒྱལ་བ་སྨན་རི་པའི་ཁྲི་འཛིན་སོ་གཅིག་པ་ལ་བརྐོས་པ་རེད་འདུག

 ༥.jpg

དགོན་པ་ནང་གི་ལྡེབས་རིས།

༦.jpg

༧.jpg

དགོན་པ་ནང་གི་ལྡེབས་རིས།

སྤྲུལ་སྐུ་ཚུལ་ཁྲིམས་རྣམ་དག་ལ་བཅར་འདྲི་བྱས་པ་ལས་གོ་བ་ལྟར་ན། དགོན་པ་འདིར་ད་སྔོན་ཁོང་གཅིག་པུ་མ་གཏོགས་མི་འདུག གོ་རིམ་ནས་གྲྭ་པ་བཞི་ཙམ་བསྡུ་བའི་ཆོག་མཆན་གནང་མོད། ས་ཆ་འདིར་རབ་ཏུ་བྱུང་འདོད་ཡོད་པའི་མི་མེད་པས་གྲྭ་པ་བསྡུ་བསམས་ཀྱང་བསྡུ་ཐབས་མེད་པར་ཆགས་འདུག

དེ་ཡང་དེང་སང་སྒོ་ལྕགས་གྲོང་རྡལ་གྱི་མངའ་ཁོངས་སུ་རྒྱལ་མོ་རྔུལ་ཆུའི་འགྲམ་ངོགས་སུ་རིམ་བཞིན་དུ་ཆགས་པའི་རི་སྐེད་དང་ཆ་ལང་། སྨད་པ། གསེར་ལེན་བཅས་ལ་འགུ་སྨད་དང་། རྒྱལ་མོ་རྔུལ་ཆུའི་ཡན་ལག་སྐྱིད་ཐང་ཆུའི་རྒྱུད་དུ་ཡོད་པའི་ས་ཧོར་དང་སྐྱིད་ཐང་། ཕུ་མདའ། དེ་མིན་རོང་བྲག་རྫོང་གི་དགེ་རྫོང﹙དགུ་རྫོང﹚དང་ཐག་ཉེ་བའི་འཁོབ་ཡུལ་དང་བཅས་པ་ལ་འགུ་སྟོད་ཅེས་འབོད། མི་མང་པོ་ཡིས་འགུ་སྟོད་ལ་འགག་སྟོད་དང་འགུ་སྨད་ལ་འགག་སྨད་ཅེས་བྲིས་ཀྱང་། དེ་ནི་ལྕགས་ཟམ་རྫོང་གི་རི་མཇུག་གྲོང་རྡལ་ན་ཡོད་པའི﹙冷边长官司﹚ལ་འགག་སྟོད་རྒྱལ་པོ་དང་གཡག་རྔ་གྲོང་ཁྱེར་ཐན་ཆོན་རྫོང་གི་རབ་རྒྱས་ཤང་ན་ཡོད་པའི ﹙天全六番土司﹚ལ་འགག་སྨད་རྒྱལ་པོ་ཞེས་པ་དང་ནོར་བ་འདྲ་སྟེ། དགོན་པའི་སྒོ་བྱང་དང་གནས་འགོ་དགོན་པའི་བླ་རབས་བསྟན་པ་རྒྱལ་མཚན་གྱི་ཡིག་ཆ་ནང་འགུ་སྟོད་ཅེས་བྲིས་འདུག་ལ། འཕང་མདའ་དགོན་པའི་སྤྲུལ་སྐུ་ཚུལ་ཁྲིམས་རྣམ་དག་གིས་འགུ་ཞེས་པ་ནི་རྒྱལ་རོང་གི་རུས་ཤིག་ཡིན་པ་དང་། རུས་ཚོ་དེ་ཐོག་མར་ཆགས་ས་ཡིན་པས་འགུ་སྟོད་དང་འགུ་སྨད་ཟེར་བ་རེད་ཅེས་གསུངས།

འོ་ན། བོད་ཀྱི་རུས་ནང་འགུ་ཞེས་པ་ཡོད་དང་མེད་ཅེ་ན། བོད་ཀྱི་རུས་ཆེན་བཞིར་ཕྱེས་པའི་ཁམས་ནི་ཡེ་སང་དང་ཡེ་སྨོན། སྤྱང་། མོན་བཅས་ཡིན་ལ། རྗེ་དམུ་དགེ་བསམ་གཏན་རྒྱ་མཚོས་སྤྱང་གི་རུས་རྒྱུད་དེང་སང་དངོས་སུ་གྲགས་ཆེ་བ་ནི། སྟོད་མངའ་རིས་ཀྱི་བྱང་ཕྱོགས་རི་བོ་གངས་ཅན་ནམ་གངས་ཏི་སེ་ཞེས་པའི་འདབས་སུ་ཡོད་པའི་འབྲོག་སྡེ་ཆེན་པོ་དེ་ཡིན་ཟེར་ཞིང་། དེའི་རུས་སྤྱང་ཡིན་སྟབས་དེང་སང་ཡང་སྤྱང་ཞེས་འབོད། བུད་མེད་ཀྱི་ཆ་ལུགས་སོགས་མདོ་སྨད་ཀྱི་རྒྱལ་མོ་ཚ་བ་རོང་གི་ཆ་ལུགས་དང་གཅིག་པ་ཡིན་ཟེར་ལ། ར་ལུག་མང་བས་ར་ལྤགས་ཀྱི་གོས་གྱོན་མཁན་མང་། དེ་མིན་ད་དུང་སྤྱང་གི་རུས་རྒྱུད་མདོ་དབུས་གཙང་གསུམ་ལ་ཡོད་པར་མངོན་མོད། ཕྱིས་སྒ་འབྲི་སྦྲ་ལྡོང་བཞིར་ཕྱེས་པ་དང་འདྲེས་ཏེ་གྲགས་མི་ཆེ་བར་གྱུར། སྒ་འབྲི་སྦྲ་ལྡོང་རེ་རེ་ལའང་དབྱེ་བ་མང་པོ་ཡོད་པ། དཔེར་ན། སྦྲ་ལ་དཀར་ནག་ཁྲ་གསུམ། དེ་རེ་རེ་ལ་ཆེ་དྲུག་བཙན་དྲུག་གི་རིགས་སོ་སོར་ཡོད་པ་དང་། ལྡོང་ལ་ལྡོང་ཤུལ་ཆེན་བཅོ་བརྒྱད་དང་། ཚ་ཆེན་བཅོ་བརྒྱད་སོགས་ཡོད་པ་བཞིན་ནོ། ། ཞེས་པ་དང་། དེ་མིན་ཁོང་གིས་རྒྱལ་མོ་ཚ་བ་རོང་གི་བོད་མི་འདི་དག་གི་རུས་ནི་སྦྲ་ཡིན་ཏེ་ཞེས་གསུངས་པ་ལ་བལྟས་ན། དེང་སང་བྱེ་བྲག་གི་རུས་མིང་ཡོད་ཚད་མི་གསལ་མོད། ཀུང་པའེ་ཞུན་གྱིས་ཀྱང﹙龚伯勋﹚བོད་ཀྱི་ལོ་རྒྱུས་ཡིག་རྙིང་ནང་འགུ་སྟོད་དང་འགུ་སྨད་བཅས་རྒྱ་བོད་ས་མཚམས་སུ་ཡོད་པའི་ཚོ་པ་ནི། རིགས་རུས་ལྡོང་ལས་མཆེད་པའི་སྒོ་ལྡོང་གི་རྒྱུད་པ་རེད་ཅེས་པ་ལྟར་ན། འགུ་ཞེས་པ་ནི་ལྡོང་ཤུལ་ཆེན་བཅོ་བརྒྱད་དང་། ཚ་ཆེན་བཅོ་བརྒྱད་ཀྱི་ནང་གསེས་ཤིག་ཡིན་ནའང་ཐང་ངོ།།

 ༨.jpg

འཕང་མདའ་དགོན་པའི་མཆོད་རྟེན།

ཨ་མྱེ་ནོར་བུ་དང་སྤྲུལ་སྐུ་ཚུལ་ཁྲིམས་རྣམ་དག་གིས་འགུ་སྟོད་ནི་མུ་ཕྱི་རྒྱལ་པོས་སྐུ་དངོས་ཀྱིས་དབང་བསྒྱུར་བ་དང་།﹙བཤད་སྲོལ་དུ་མུ་ཕྱིས་རྒྱལ་པོ་འགུ་སྟོད་ལ་ཕེབས་དུས་འཕང་མདའ་དགོན་པར་ཞག་སྡོད་བྱེད་སྲོལ་ཡོད་པས། དེང་སང་འཕང་མདའ་དགོན་པའི་སྒོ་ཆེན་གྱི་འགྲམ་ལ་གསར་དུ་ལས་པའི་བརྩེགས་གཉིས་ཅན་གྱི་ཁང་པ་དེ་ནི། གནའ་སྔོན་མའི་ལུགས་ལྟར་ཐོག་བརྩེགས་གཉིས་པར་གཞུ་དབྱིབས་ཅན་གྱི་སྒོ་ཞིག་བཞེངས་འདུག﹚འགུ་སྨད་ནི་མུ་ཕྱི་རྒྱལ་པོའི་སྲས་རྒྱལ་ཆེན་མགོན་གྱིས་དབང་བསྒྱུར་བས་དོན་དུ་སྟོད་སྨད་གཉིས་ཀ་མུ་ཕྱི་རྒྱལ་པོའི་མངའ་ཁོངས་སུ་གཏོགས་ཞེས་པ་ལ་བརྟག་ན། མུ་ཕྱི་རྒྱལ་པོ་དང་འགུ་སྟོད་འགུ་སྨད་བར་ནི་སྤྱི་དང་བྱེ་བྲག་གི་འབྲེལ་བ་རེད། དེ་ལྟར་ན་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་བགྲང་དུས་སྤྱིའི་རྒྱལ་པོ་ཚོ་མ་གཏོགས་བྱེ་བྲག་གི་རྒྱལ་པོ་བརྩི་མི་རུང་མོད། མི་མང་པོས་སྤྱི་དང་བྱེ་བྲག་གི་འབྲེལ་བ་མ་གོ་བས་རྒྱལ་ཁག་བཅོ་བརྒྱད་རྩི་དུས། སྐབས་འགར་མང་བ་དང་མཚམས་རེར་བྱེ་བྲག་ལས་སྤྱི་མི་བརྩི་བའི་གནས་ཚུལ་བྱུང་བ་རེད། གནས་ལུགས་དེ་ལ་བརྟེན་ནས་ང་རང་གིས་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་གྲངས་སུ་བགྲང་ཚུལ་ནི་འདི་ལྟར་ཏེ། ༡སོ་མང་རྒྱལ་པོ་དང་། ༢རྫི་འགག་རྒྱལ་པོ།﹙གཟི་འགག རྫིང་འགག﹚༣ཅོག་ཙེ་རྒྱལ་པོ། ༤བསྟན་པ་རྒྱལ་པོ། ༥ཆུ་ཆེན་རྒྱལ་པོ། ༦ལྕགས་ལ་རྒྱལ་པོ། ༧འགག་སྟོད་རྒྱལ་པོ།﹙འགག་ལ﹚༨འགག་སྨད་རྒྱལ་པོ། ༩དགེ་བཤེས་ཙ་རྒྱལ་པོ། ༡༠བྲག་སྟེང་རྒྱལ་པོ། ༡༡ བྲག་འོག་རྒྱལ་པོ།﹙པ་ཝམ﹚༡༢མུ་ཕྱི་﹙མི་ཕྱིས།﹚རྒྱལ་པོ།﹙འགུ་སྟོད་དང་འགུ་སྨད་རྒྱལ་པོ་ཞེས་པ་གཉིས་ཀ་འདུས།﹚༡༣མདའ་མདོ་རྒྱལ་པོ། ༡༤ཁྲོ་སྐྱབས་རྒྱལ་པོ། ༡༥རྒྱལ་ཁ་བཀྲ་ཤིས་གླིང་རྒྱལ་པོ། ༡༦འོ་གཞི་རྒྱལ་པོ། ༡༧བཙན་ལ་རྒྱལ་པོ།﹙བཙན་ལྷ﹚༡༨མདོ་ལི་རྒྱལ་པོ་བཅས་སོ།། ཕྱོགས་གཞན་ཞིག་ནས་བཤད་ན་གནའ་མིའི་སྲོལ་དུ་གྲངས་ཀ་དགུ་ནི་མང་བ་དང་བཀྲ་ཤིས་པའི་དོན་ལ་འཇུག་ཅིང་། དགུ་ཡི་ལྡབ་གཉིས་བཅོ་བརྒྱད་ལའང་བཀྲ་ཤིས་པ་དང་མང་བའི་དོན་ཡོད་པས། ངེས་པར་དུ་བཅོ་བརྒྱད་ཁྲིགས་སེར་ཚང་དགོས་པ་ལས་དེ་ལས་མང་མི་ཆོག་པ་མ་རེད།

གོང་དུ་ཞུས་པ་ལྟར་རྒྱལ་མོ་རྔུལ་ཆུའི་འགྲོས་ལྟར་ས་ཆ་དེ་ལ་འགུ་སྟོད་དང་འགུ་སྨད་ཅེས་གཉིས་སུ་ཕྱེས་པ་ལས། འགུ་སྟོད་ནི་མུ་ཕྱིས་རྒྱལ་པོ་སྐུ་དངོས་ཀྱི་མངའ་ཁོངས་སུ་ཡོད་ལ། འགུ་སྨད་ཅེས་པ་ནི་དེའི་སྲས་རྒྱལ་ཆེན་མགོན་གྱིས་དབང་དུ་བཟུང་ཡང་།དོན་དངོས་སུ་མུ་ཕྱི་རྒྱལ་པོའི་མངའ་ཁོངས་སུ་གཏོགས་པས། དེང་སང﹙鱼通土司﹚ཞེས་པ་ནི་འགུ་སྨད་རྒྱལ་པོ་ལ་གོ་དགོས་པ་འདྲ་སྟེ། དེང་སང་འགུ་སྨད་ས་ཆའི་ཁོངས་གཏོགས་སྨད་པ་ཤང་ཞེས་པ་དེ་ན་རྒྱལ་ཆེན་མགོན་གྱི་རྒྱལ་སའི་ཤུལ་དང་རྒྱུད་པ་བཅས་ཡོད་ཚུལ་འོག་ལ་བཤད་རྒྱུ་ཡིན།

འཕང་མདའ་དགོན་པ་མཇལ་ཚར་རྗེས་སྐྱིད་ཐང་ཤང་ལ་ཡོད་པའི་དབུས་མདོ་དགོན་པ་མཇལ་དུ་སོང་། དེ་ནི་རྙིང་མ་པའི་དགོན་པ་ཞིག་རེད་འདུག  གྲྭ་པ་བདུན་བརྒྱད་ཙམ་ཡོད་རེད་ཟེར།ལུང་པའི་དབུས་ཀྱི་མདོ་ལ་ཆགས་པས་དབུས་མདོ་དགོན་ཞེས་མིང་ཐོགས་ཀྱང་། འགྲམ་ལ་མཆོད་རྟེན་ལྔ་བཞེངས་ཡོད་པ་ལ་བརྟེན་ནས་རྒྱ་ཡིག་གིས五塔寺ཞེས་བྲིས་ཡོད་པ་ནི་ཨུ་ཚུགས་མཐར་སྐྱེལ་གྱི་ལས་ཀ་ཞིག་རེད། དགོན་པའི་ཨ་ཁུ་གཡུ་འབྲུག་བསོད་ནམས་ཀྱིས་དགོན་པ་ཆགས་ས་འདིའི་ས་དཔྱད་ཧ་ཅང་ཡག་པས། ལྷ་སའི་ཇོ་ཁང་བཞེངས་དུས་འདི་ན་ནས་ར་ལ་ས་བཀལ་ཏེ་ཇོ་ཁང་གི་རྩིག་རྨང་དུ་བླུགས་པ་དང་། ར་དེའི་སྐུ་དྲིན་དྲན་པའི་ཆེད་དུ་ཇོ་ཁང་ནང་ར་ཡི་རི་མོའང་ཡོད་ཟེར་བ་ནི། དགོན་པའི་ཆེ་བ་བརྗོད་པའི་ཆེད་དུ་བསྒྲིགས་པའི་གཏམ་རྒྱུད་ཙམ་ཡིན་རྒྱུ་རེད། ངས་ཨ་ཁུ་གཡུ་འབྲུག་བསོད་ནམས་ལ་ལུང་པ་འདི་ལ་སྐྱིད་ཐང་ཟེར་བའི་རྒྱུ་མཚན་ཡོད་མེད་དྲིས་དུས། ཁོང་གིས་སྐྱིད་ཐང་ཟེར་བའི་རྒྱུ་མཚན་ཅི་ཡིན་མི་ཤེས། གནའ་སྔོན་མར་ཐུམ་ཟེར་བ་རེད་ཅེས་པ་ལ་བརྟགས་ན། དེང་སང་སྐྱིད་ཐང་ཞེས་པ་ནི་ཐུམ་ཞེས་པ་ལས་ཟུར་ཆག་པ་མིན་ནམ་སྙམ། དེ་མིན་དགོན་པའི་རྒྱབ་ཀྱི་རི་དེ་ལ་ཐུམ་ལུད་ཟོ་ཞེས་པ་དང་། གཡས་ཀྱི་རི་དེ་ལ་རྒྱང་གཡུ་སྒྲོན་ཟེར་ཞིང་གཉིས་ཀ་གཞི་བདག་རེད་འདུག

༩.jpg

དབུས་མདོ་དགོན།

འགུ་སྟོད་ཀྱི་ཁོངས་སུ་བརྩིས་པའི་སྐྱིད་ཐང་ལུང་པར་ལྟ་སྐོར་བྱས་ཚར་རྗེས། འགུ་སྨད་ཀྱི་མངའ་ཁོངས་སུ་གཏོགས་པའི་སྨད་པ་ཤང་ཞེས་པར་སོང་། སྨད་པ་ཤང་ནི་སྒོ་ལྕགས་གྲོང་བརྡལ་ལས་ཐག་མི་རིང་བའི་རི་མགོར་ཆགས་འདུག  རི་འདབས་ནས་འགྲོ་དུས་ལུང་པ་དོག་ལ་འགྲོ་ལམ་ཀྱག་གེ་ཀྱོག་གེ་རེད་མོད། གྲོང་པ་ཆགས་སར་སླེབས་དུས་གསལ་ཆ་ལྡན་ཞིང་མཐོང་ལམ་ཡངས་པ་དང་། རྩྭ་རྩི་ཤིང་དང་ལོ་ཏོག་རྒྱས་པའི་གནས་ཤིག་རེད། གྲོང་སྡེ་ཆེན་པོ་དེ་ན་རི་གཡང་གྲོང་དང་འོད་ཟེར་གྲོང་ཞེས་པའི་གྲོང་ཚོ་གཉིས་གོང་འོག་ཏུ་སྦྲེལ་ནས་ཆགས་འདུག་པ་དང་། རི་གཡང་གྲོང་ཚོ་ནང་འགུ་སྟོད་རྒྱལ་པོའི་ཕོ་བྲང་གི་ཤུལ་དང་། འོད་ཟེར་གྲོང་ཚོ་ནང་སྐུ་དྲག་དབྱང﹙杨﹚ཚང་གི་ཁང་རྙིང་ཡོད་ཟེར། ང་ཐོག་མར་འོད་ཟེར་གྲོང་ཚོ་ནང་སོང་དུས།ས་རྡོའི་ཁང་རྙིང་བརྩེགས་གསུམ་ཅན་གྲལ་བསྟར་བསྒྲིགས་པ་མཐོང་བྱུང་། ཁང་པའི་རྩིག་པ་ལ་ཁམས་མི་ཉག་གི་བོད་ཁང་ལྟ་བུའི་རྡོ་གྲུ་བཞི་མ་ངོས་འཇམ་པོ་ཅན་ཉུང་ཉུང་ལས་མེད་པར། ས་དེ་ག་ལས་ཐོན་པའི་ས་རྡོ་ཁོ་ནས་བརྩིགས་པ་དང་། སྐར་ཁུང་ཡང་ཆུང་ཆུང་ལས་བཞག་མེད་པས་གནའ་ཉམས་དོད་པ་ཞིག་རེད། ངས་ཁང་རྙིང་དེ་དག་པར་དུ་ལེན་པའི་སྐབས་སུ། བོད་མིང་ལ་རྡོ་རྗེ་ཚེ་རིང་ཟེར་བའི་རྒན་པོ་དགོང་ལོ་བདུན་ཅུ་ཅན་ཞིག་དེ་ན་སླེབས་བྱུང་། ངེད་གཉིས་ལམ་འགྲམ་ལ་བསྡད་དེ་ཁ་བརྡ་བྱེད་དུས། ཁོང་གིས་ང་ཚོ་འགུ་སྨད་ཀྱི་སྐད་ནི་འགུ་སྟོད་ཕྱོགས་ཀྱི་སྐྱིད་ཐང་དང་ཕུ་མདའ་བཅས་དང་མི་འདྲ། ཚང་མས་ང་ཚོའི་སྐད་ལ་སྒོ་སྤྱང་སྐད﹙贵琼语﹚ཟེར་བ་རེད་ཅེས་བཤད། ངས་ཚོད་ལྟ་ཡི་སྒོ་ནས་ཁོང་ལ་དངོས་པོ་འགའ་ཡི་མིང་བྲིས་པ་ན། ཁོང་ཚོའི་སྐད་ནང་ལག་པ་ལ་ཀོ་དང་། རྐང་པ་ལ་འགག  མིག་ལ་ཉག ཁ་ལ་དབང་པོ། རྣ་ལ་མདོ། གནམ་ལ་དམུ། རྡོ་ལ་ཧོང་ཕོ། ཉི་མ་ལ་མེ་ཚབ། ཤིང་སྡོང་ལ་ཤྲིང་ཕུང་། འདམ་པ་ལ་འདམ་པ། མེ་ལ་མེ་མདའ། མི་ལ་མི། ཆུ་ལ་ཙུ། བུད་མེད་ལ་ཚེ་མིག་ཉག  སྐྱེས་པ་ལ་ཙེ་ཉག ཁང་པ་ལ་ཆང་། མེ་ཏོག་ལ་མེ་ཏོག  ཆང་འཐུང་ལ་ཨ་ལ་འཆའ་ཞེས་པ་ལས།  ཆུ་ལ་ཙུ་དང་ཤིང་ལ་ཤྲིང་ཞེས་བོད་ཀྱི་བརྡ་རྙིང་པ་དང་། འདམ་པ་ལ་འདམ་པ། མེ་ཏོག་ལ་མེ་ཏོག་ཅེས་བོད་སྐད་རང་ཁོ་ན་ལྟ་བུ་མང་པོ་འདུག་ལ། གཅིག་ནས་བཅུ་བར་གྱི་གྲངས་ཀ་བརྩི་སྟངས་ནི་བོད་སྐད་དང་གཅིག་པ་གཅིག་རྐྱང་རེད། བརྡ་སྤྲོད་རིག་པ་སྨྲ་བ་རྒན་ལྕགས་ཐར་རྒྱལ་གྱིས། སྐད་ཆའི་སྦྱོར་བ་སྤྱི་དང་སྒོས་སུ་རྩ་བའི་ཐ་སྙད་ཀྱི་ཕྱོགས་ན་མཚུངས་ཆོས་ཇི་ལྟར་མང་ན། མི་རིགས་ཕན་ཚུན་གྱི་འབྲེལ་བ་དེ་ལྟར་ཟབ་པ་དང་། ཁྱད་པར་དུ་ཚེག་བར་གཅིག་ཅན་གྱི་མིང་ནི་སྐད་ཆའི་ཆེས་ཐོག་མའི་འགྲུབ་རྒྱུར་གྱུར་ཕྱིར། དེ་ལ་བརྟེན་ནས་མི་རིགས་ཀྱི་འབྲེལ་བ་འཚོལ་ཞིང་མཆེད་ཁུངས་འདེད་པ་ནི་དེང་གི་ལོ་རྒྱུས་སྨྲ་བ་དང་། སྐད་ཆ་སྨྲ་བ།མི་རིགས་སྨྲ་བ་བཅས་ཀྱིས་སྤྱོད་པའི་ཐབས་ལམ་གལ་ཆེན་ཞིག་རེད་ཅེས་པ་ལྟར། དེང་སང་མི་མང་པོས་འགུ་སྨད་ཡུལ་གྱི་སྐད་གོ་དཀའ་བས་བོད་མི་ཡིན་མིན་ལ་དོགས་པ་ཟ་སྲིད་མོད། ཁོང་ཚོའི་སྐད་ནང་བོད་སྤྱིས་ཐུན་མོང་དུ་སྤྱོད་པའི་ཐ་སྙད་མང་པོ་ཡོད་པས་དགོས་མེད་ཀྱི་གཏམ་འཆལ་མ་བཤད་པར། ཁོང་ཚོས་ཡུལ་སྐད་བཤད་པ་ལ་རྒྱབ་སྐྱོར་དང་སེམས་ཁུར་བྱེད་རྒྱུ་ཧ་ཅང་གལ་ཆེ་བ་ཞིག་རེད།

༡༠.jpg

༡༡.jpg

འགུ་སྨད་ཀྱི་ཁང་རྙིང་།

འོ་ན། ཁོང་ཚོས་ང་ཚོ་ནི་སྒོ་སྤྱང་ཡིན།ང་ཚོའི་སྐད་ལ་སྒོ་སྤྱང་སྐད﹙贵琼语﹚ཟེར་བ་རེད་ཅེས་པ་ལས་རྒྱ་ཡིག་ནང﹙贵琼﹚ཞེས་པའི་དོན་ཅི་ཡིན་པ་སུ་ལའང་བཤད་རྒྱུ་མི་འདུག་ལ། ཐ་ན་བོད་ཡིག་ཏུ་ཇི་ལྟར་འབྲི་དགོས་ཚུལ་ཡང་མི་ཤེས་མོད། བོད་ཀྱི་ཐོག་མའི་རུས་ཆེན་བཞི་ལས་སྤྱང་གི་རུས་རྒྱུད་དེ་ཕྱིས་སུ་སྒ་འབྲི་སྦྲ་ལྡོང་བཞིར་ཕྱེས་པ་ལྟར། སྒ་དང་འདྲེས་པའི་སྤྱང་གི་རུས་རྒྱུས་སྒ་སྤྱང་ལ་རིམ་བཞིན་སྒོ་སྤྱང་ཟེར་བ་མིན་ནམ་སྙམ། གཞན་ཡང་། ཀུང་པའེ་ཞུན་གྱིས﹙龚伯勋﹚བོད་ཀྱི་ལོ་རྒྱུས་ཡིག་རྙིང་ནང་འགུ་སྟོད་དང་འགུ་སྨད་བཅས་རྒྱ་བོད་ས་མཚམས་སུ་ཡོད་པའི་ཚོ་པ་ནི། རིགས་རུས་ལྡོང་ལས་མཆེད་པའི་སྒོ་ལྡོང་གི་རྒྱུད་པ་རེད་ཅེས་པ་ལྟར་ན།﹙贵琼﹚ཞེས་པ་ནི་སྒོ་ལྡོང་ལས་སྒྲ་ཟུར་ཆག་པ་ཡིན་ཡང་སྲིད། རེད་དེ། ལོ་རྒྱུས་ཀྱི་གསང་བ་མང་པོ་ལ་ཚོད་དཔག་བྱེད་ཆོག་མོད། མཐའ་ཚིག་འཇོག་མི་རུང་ལ་འཇོག་བའི་སྤོབས་པ་དང་ཧམ་སེམས་ཀྱང་མེད་པས།  ད་རུང་མུ་མཐུད་ནས་ཞིབ་འཇུག་བྱེད་དགོས་པ་ཞིག་རེད།

ཨ་ཁུ་རྡོ་རྗེ་ཚི་རིང་དང་ཁ་བརྡ་བྱས་ཚར་རྗེས། ཁོང་གིས་འགྲོ་ལམ་བསྟན་པ་ལྟར་འོད་ཟེར་གྲོང་ནང་འགུ་སྨད་རྒྱལ་པོའི་ཕོ་བྲང་གི་ཤུལ་ལ་ལྟ་སྐོར་དུ་སོང་བ་ཡིན། གོང་དུ་ཞུས་པ་ལྟར་འགུ་སྨད་རྒྱལ་པོའི་འབྱུང་རྩ་ནི་མུ་ཕྱིས་རྒྱལ་པོ་ཡིན་ཏེ། མུ་ཕྱིས་རྒྱལ་པོ་རྒྱལ་འབུམ་གྱི་སྲས་རྒྱལ་ཆེན་མགོན་ཡབ་ཀྱི་ཆུང་མ་དང་མ་མཐུན་པས། རང་གི་མ་ཡུམ་དང་ལྷན་དུ་འགུ་སྨད་ས་ཆར་བྲོས། རྗེས་སུ་མ་ཡུམ་ཚེ་ལས་འདས། སྤྱི་ལོ༡༨༣༣ལོར་ཆིང་གོང་མ་ལྷ་སྐྱོང་རྒྱལ་པོས་རྒྱལ་པོའི་ཆོ་ལོ་གནང་བ་ནས་བཟུང་འགུ་སྨད་རྒྱལ་པོ་ཞེས་རྒྱལ་རབས་བཞི་བྱུང་མྱོང་ལ། སྤྱི་ལོ༡༩༡༡ལོར་ས་སྤྱོད་པ་རྒྱལ་པོའི་ལམ་ལུགས་བསྒྱུར་ནས་གཞུང་ཚབ་ཏུ་བཏང་ཡང་འགུ་སྨད་རྒྱལ་པོའི་དབང་ཐང་སྔར་ལྟར་ཡོད་པ་དང་། སྤྱི་ལོ༡༩༥༢ལོར་རྒྱལ་རྒྱུད་རྒྱལ་རིན་ཞེས་པས་ངོ་ལོག་ཟིང་འཁྲུགས་བསླངས་པའི་མཐར་རང་སྲོག་བཅད་པ་རེད་འདུག  ཆིང་གོང་མས་རྒྱལ་པོའི་ཆོ་ལོ་གནང་རྗེས་རྒྱལ་ཆེན་མགོན་གྱི་ཚ་བོ་རྒྱལ་མཚན་ཕུན་ཚོགས་ཀྱིས་འགུ་སྨད་རྒྱལ་པོའི་དབང་བཟུང་ཡང་། སྔར་ལྟར་མུ་ཕྱིས་རྒྱལ་པོའི་མངའ་འོག་ཏུ་ཡོད་པས་ཕན་ཚུན་བར་གྱི་འགལ་འཁྲུག་ཀྱང་རྒྱུན་ཆད་མ་མྱོང་བར་གྲགས།

གྲོང་མི་ཚོས་མཇུབ་སྟོན་བྱས་པ་ལྟར། དེ་སྔོན་འགུ་སྨད་རྒྱལ་པོའི་ཕོ་བྲང་ཡོད་སར་སླེབས་དུས། ཕྱི་ལ་གྱང་ར་ཞིག་འཕྲོ་ཙམ་དང་། དེའི་ནང་ལ་ཁང་རྙིང་བརྩེགས་གསུམ་ཅན་ཞིག་ཡོད་པ་ལས་དེ་མིན་མཁར་ཤུལ་རྙིང་པ་སོགས་ཅི་ཡང་མཐོང་རྒྱུ་མེད་པས། དེ་ན་མ་སླེབས་གོང་དུ་ཚོད་དཔག་བྱས་ལྟར་རྩ་བ་ནས་རེད་མི་འདུག  ར་བ་ནང་འཛུལ་མ་ཐག་བདག་པོས་མི་ཡོང་བ་ཚོར་ཏེ་ཕྱི་ལ་བུད་བྱུང་། ང་ཁོང་གི་འགྲམ་དུ་བཅར་ཏེ་ལྟ་སྐོར་དུ་ཡོང་ཚུལ་བཤད་མ་ཐག  ཁོང་གིས་སྤྲོ་བ་ཆེན་པོས་དགའ་བསུ་བྱས་པས་མ་ཚད་བཅར་འདྲི་བྱེད་པ་དང་ལེན་བྱས་སོང་། ཁོང་གི་རྒྱ་མིང་ལ杨甲兴དང་བོད་མིང་ལ་གེགས་ཐར་ཚེ་ཟེར། རྒྱ་མིང་དེ་ལྟར་ཐོགས་དོན་ནི་ཁོང་གི་ཨ་མ甲淑珍ནི་ཆེས་མཐའ་མའི་འགུ་སྨད་རྒྱལ་པོའི་བུ་མོ་ཡིན་པས་རུས་མིང་ལ甲﹙རྒྱལ﹚ཞེས་པ་དང་། ཨ་མ་ས་དེ་གའི杨恩位ཞེས་པའི་སྐུ་དྲག་ཚང་ལ་མནའ་མར་སོང་བས། ཁོང་ལ་རུས杨དང甲གཉིས་ཀ་ཚང་བར་བྱས་ཏེ杨甲兴ཞེས་རུས་མིང་ཐོགས་པ་དང་། བོད་མིང་ལ་གེགས་ཐར་ཚེ་ཞེས་པ་ནི་བུད་མེད་ཅིག་ལ་བུ་ཞིག་སྐྱེས་ན་ཨ་མའི་ཚེ་སྲོག་ལ་མི་གནོད་པའི་ཆེད་དུ། རྡོ་ཕ་བོང་ཞིག་མཆོད་གནས་སུ་བཀུར་རྗེས་མིང་དེ་ལྟར་བཏགས་པ་དང་། བུ་མོ་ཞིག་སྐྱེས་ན་ཤིང་ཕུང་ཞིག་མཆོད་གནས་སུ་བཀུར་རྗེས་ཤྲིང་པོ་ཚེ་ཞེས་མིང་བཏགས་པའི་སྲོལ་རྒྱུན་ཞིག་རེད་འདུག

  ༡༢.jpg

འགུ་སྨད་རྒྱལ་པོའི་ཁང་ཤུལ།

དེ་མིན་དེང་སང་འགུ་སྟོད་དང་འགུ་སྨད་ལ་རྒྱ་ཡི་རུས་མིང་དབྱང﹙杨﹚དང་ཀའོ﹙高﹚ཞེས་པ་མང་བའི་འབྱུང་ཁུངས་ནི། ཐེན་ཆོན﹙天全﹚གྱི་རུས་མིང་དབྱང﹙杨﹚དང་ཀའོ﹙高﹚ཞེས་པའི་རྒྱལ་པོའི་རྒྱུད་པ་ལས་མཆེད་པ་དང་། ཆིང་གོང་མ་ཆིན་ལུང་ལྷ་སྐྱོང་རྒྱལ་པོས་ཆུ་ཆེན་ཆམ་ལ་ཕབ་རྗེས། མི་མང་པོ་ཁྲོ་སྐྱབས་དང་འགུ་སྟོད་འགུ་སྨད་ས་ཆར་མངགས། མི་དེ་ཚོ་མིང་ཐོར་འགོད་དུས་ཆུ་ཆེན﹙金川﹚ནས་འོངས་པ་རྣམས་ལ་རུས་མིང金ཞེས་སྦྱར་བ་དང་། དེ་རྗེས་མུ་ཕྱིས་རྒྱལ་པོ་རྒྱལ་འབུམ་ཀྱི་རྒྱུད་པ་རྣམས་ཀྱི་མིང་ལས་རྒྱལ་ཞེས་པ་དེ甲ལ་བསྒྱུར་ཏེ་རུས་མིང་དུ་སྦྱར་བ་རེད་འདུག  ཨ་ཁུ་གེགས་ཐར་ཚེ་﹙杨甲兴﹚ཡིས་གསུངས་པ་ལྟར་ན། འགུ་སྨད་རྒྱལ་པོའི་རྒྱལ་རྒྱུད་ཆད་པ་ནས་བཟུང་། རྒྱལ་པོའི་ཕོ་བྲང་ལའང་གཏོར་བཤིག་ཐེབས་ཏེ་ཤུལ་ཙམ་ཡང་ལྷག་མེད། ད་ལྟར་མཐོང་བའི་ཁང་པ་དེ་ནི་ཁོང་གིས་མི་གཞན་ཞིག་ལས་དེ་སྔོན་འགུ་སྨད་རྒྱལ་པོའི་ཕོ་བྲང་ཡོད་སའི་ཁང་ས་དེ་ཉོས་རྗེས་གསར་དུ་ལས་པ་ཞིག་རེད་འདུག  ང་ཁང་པའི་ནང་སོང་སྟེ་ལྟ་སྐོར་བྱས་ཀྱང་། བརྩེགས་དང་པོར་རྡོ་གྲུ་བཞི་མ་ཞིག་གི་དཀྱིལ་དུ་གོང་མའི་བཀའ﹙圣旨﹚ཞེས་པའི་རྒྱ་ཡིག་ཡིག་འབྲུ་ཆེན་པོ་གཉིས་དང་།གཡས་གཡོན་དང་གོང་འོག་ལ་འབྲུག་རིས་ལྟ་བུ་ཞིག་བརྐོས་ཡོད་པ་ལས། དེ་མིན་འགུ་སྨད་རྒྱལ་པོའི་སྐོར་གྱི་རྟགས་མཚན་ཅི་ཡང་མཐོང་མ་བྱུང་ལ། རྡོ་བརྐོས་དེའི་འབྱུང་ཁུངས་དང་མཚོན་དོན་ཅི་ཡིན་སུས་ཀྱང་ཤེས་ཀྱིན་མི་འདུག  དེ་མིན་སྐབས་དེ་དུས་འགུ་སྨད་རྒྱལ་པོའི་འོག་ལ་རུས་མིང杨ཞེས་པའི་སྐུ་དྲག་གི་ཁྱིམ་ཚང་ཞིག་ཡོད་པ་དེའི་ཁང་རྙིང་ད་ལྟར་རི་གཡང་གྲོང་ཚོ་ན་ཡོད་མོད། ཁང་རྙིང་ནང་ཁང་མིག་ཆུང་ངུ་མང་པོ་བགོས་ཡོད་པ་དང་། ཐོག་བརྩེགས་ཀྱི་བད་ཀར་རྡོ་ལེབ་རྒྱ་ཆེ་ལ་རིང་བ་མང་པོ་བཞག་ཡོད་པ་ཙམ་ལས། དེ་མིན་ཅི་ཡང་མ་མཐོང་ལ་བཤད་སྒྲོས་ཀྱང་གོ་མ་བྱུང་།

༡༣.jpg

འགུ་སྨད་རྒྱལ་པོའི་ཁང་ཤུལ།

༡༤.jpg

༡༥.jpg

སྐུ་དྲག་དབྱང་ཚང་གི་ཁང་ཤུལ།

༡༦.jpg

ཁང་ཐོག་གི་རྡོ་ལེབ།

སྤྱིར་འགུ་སྨད་ས་ཆའི་ཁང་པ་ཚང་མ་ནི་ས་རྡོའི་ཁང་པ་རེད། ཁང་པའི་བརྩེགས་དང་པོའི་འོག་ལ་ཕྱུགས་ཟོག་བཙུད་པ་དང་།བརྩེགས་དང་པོར་སྒྱེད་པུ་ཐབ་ཀ་བཙུགས་ཏེ་ཟ་བཏུང་གཡོས་སྦྱོར་བྱེད་ས་བྱེད། བརྩེགས་གཉིས་པར་ཉལ་ཤག་དང་བང་མཛོད།བརྩེགས་གསུམ་པར་མཆོད་ཁང་བཅས་འདུག  བརྩེགས་གཉིས་པ་དང་གསུམ་པའི་བར་གྱི་རྒྱབ་ངོས་སུ་ཤིང་ཁང་གྲུ་བཞི་མ་ཞིག་ཡོད་པ་དེ་ནི་ཀོང་མ་ཡི་བསང་སྤྱོད་ཁང་རེད་འདུག  ཀོང་མ་ཞེས་པ་ནི་འགུ་སྨད་ས་ཆའི་ཡུལ་སྐད་དེ་མོ་བཏབ་རྩིས་བརྒྱབ་ནས་ཆོ་ག་སྒྲུབ་མཁན་དེ་ལ་གོ། ཁང་པ་འགའ་ཡི་ཐོག་བརྩེགས་ཀྱི་རྩིག་གདོང་ལ་ཆུ་སྲིན་གྱི་མགོ་ཡང་སྣང་། སྒྱེད་པུ་ཐབ་ཀའི་ཐབ་རྡོ་གསུམ་གྱི་ངོས་སུ་ཉི་ཟླ་སྐར་གསུམ་དང་མེ་ཏོག་པད་མ་བརྐོས་ཡོད་ཅིང།  ཁང་པའི་དཀྱིལ་ཀ་དང་ཁ་གཏད་པའི་ཐབ་རྡོ་དེར་རྒན་རབས་པ་ཚོ་མ་གཏོགས་ན་གཞོན་ཚོས་རེག་མི་ཆོག་པ་བཅས་ལས། འགུ་སྨད་ཡུལ་མི་རྣམས་ཀྱིས་ཐབ་ལྷ་དང་ཁྱིམ་ལྷ་ལ་མཆོད་བཀུར་བྱེད་ཚུལ་ཤེས་ཐུབ་པ་དང་། ཁྱད་པར་དུ་སྒྱེད་པུ་ཐབ་ཀའི་ཐབ་རྡོའི་རྣམ་པ་ནི་བྱ་རྒྱལ་ཁུང་གི་མཆུ་ཏོག་དང་ཧ་ཅང་མཚུངས་པས། བྱ་རྒྱལ་ཁྱུང་ལ་དད་བཀུར་བྱེད་པའི་སྲོལ་དང་འབྲེལ་བ་ཡོད་པ་ཞིག་མིན་ནམ་སྙམ།

༡༧.jpg

སྒྱེད་པུ་ཐབ་ཀ

མི་རིགས་གཅིག་ཡིན་ཡང་གནས་བཅའ་སའི་ཁོར་ཡུག་དང་གནམ་གཤིས་མི་འདྲ་བས། ནང་ཁུལ་དུའང་ཆ་ལུགས་དང་འཚོ་བའི་ཐད་ལ་ཁྱད་པར་ཡོད་སྲིད་པ་ལྟར། འགུ་སྨད་ཡུལ་གྱི་བུད་མེད་དང་སྐྱེས་པ་རྣམས་ཀྱི་སྲོལ་རྒྱུན་གྱི་གྱོན་གོས་ལ་དམིགས་བསལ་གྱི་ཁྱད་ཆོས་ཡོད་དེ། སྐྱེས་པ་རྣམས་ཀྱིས་མགོ་ལ་རས་ནག་དཀྲིས་ཤིང་། ལུས་ལ་རས་ལྭ་རིང་པོ་ཞིག་དང་ཁོག་སྟོད་ལ་ར་ལྤགས་སྤུ་ཡོད་པ་ཞིག་གྱོན།སྐེད་པ་ལ་གྲི་དང་མེ་ཆ། དུ་ཁུག་བཅས་བཏགས། བྱིན་པ་ལ་བྱིན་དཀྲིས་བཅིངས།རྐང་ལ་རྩ་ལྷམ་གྱོན་སྲོལ་འདུག  བུད་མེད་རྣམས་ཀྱིས་གནའ་སྔོན་མར་མགོ་ལ་རས་ནག་དཀྲིས་ཀྱང་། དེང་སང་རྫ་གཡམ་ལྟ་བུའི་རས་ནག་ཅིག་བཀབ་རྗེས། བལ་སྐུད་དང་ལྷན་དུ་བསླས་པའི་སྐྲ་ཡི་ལན་བུས་བཅིངས་པ་དང་། ལུས་ལ་རས་སྔོན་པོའི་ལྭ་རིང་ཞིག་གྱོན། སྐེད་པར་རས་ནག་གི་ཐོག་ལ་མེ་ཏོག་དང་འདབ་ཆགས་བཙགས་དྲུབ་བྱས་པའི་པང་གདན་ཞིག་བཅིངས། རྐང་པ་ལ་རས་ལྷམ་གྱོན་པ་བཅས་ནི་གྱོན་གོས་ཀྱི་ལུགས་སྲོལ་རེད། 

༡༨.jpg

བུད་མེད་ཀྱི་གྱོན་གོས།

༡༩.jpg

དེ་ཡང་མིའི་ལུས་པོ་ལས་མགོ་ལ་ཡན་ལག་གི་མཆོག་ཅེས་མངོན་བརྗོད་ཀྱི་མིང་ཡོད་པ་ལྟར། ཧ་ཅང་གལ་ཆེན་པོ་ཡིན་པས་ཚང་མས་ལྷག་ཏུ་སྲུང་སྐྱོབ་བྱེད་སྲོལ་དར། མི་རིགས་འགའ་ཡིས་ཞྭ་གྱོན་པ་དང་ལ་ལས་སྐྲ་རིང་པོར་འཇོག་པ། འགའ་ཞིག་གིས་རས་དཀྲིས་པ། ལ་ཤས་ཀྱིས་དད་བཀུར་བྱ་ཡུལ་བཅིངས་པ་སོགས་རྣམ་པ་སྣ་ཚོགས་ཡོད་པས། མི་རིགས་ཤིག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཅིག་ནི་མགོ་ཡི་རྒྱན་ཆ་ལས་མངོན་པ་ཞིག་རེད། ལུས་ལ་ལྭ་བ་གྱོན་སྲོལ་ནི་གནམ་གཤིས་དྲོ་གྲང་མི་འདྲ་བས་དྲོ་སར་རས་ལྭ་སྲབ་མོ་དང་། གྲང་སར་རྩག་པ་དང་ཕྲུག་མཐུག་པོ་གྱོན་བའི་སྲོལ་རྒྱུན་ཆགས།  འགུ་སྨད་ཡུལ་ནི་ས་ཆ་རོང་ས་ཡིན་པས་སྐྱེས་པ་དང་བུད་མེད་ཚང་མས་རས་ལྭ་སྲབ་མོ་གྱོན་སྲོལ་དར། སྤྱིར་བོད་ལ་མོ་ནི་ས་གཞི་དང་ཕོ་ནི་ནམ་མཁའ་ཞེས་པའི་བཤད་སྲོལ་ཡོད་ཀྱང་། འགུ་སྨད་ཡུལ་དུ་སྐྱེས་པ་ཚོས་རས་ནག་གི་ལྭ་བ་རིང་པོ་དང་། བུད་མེད་ཚོས་རས་སྔོན་པོའི་ལྭ་བ་རིང་པོ་གྱོན་སྲོལ་ཡོད་པ་ནི། སྐྱེས་པ་ནི་ས་གཞི་ནག་པོ་དང་བུད་མེད་ནི་ནམ་མཁའ་སྔོན་པོའི་མཚོན་བྱེད་ལྟར་དུ་སྣང་། དེ་ལས་སྔོན་པོ་ནི་གདོད་མའི་དད་བཀུར་གྱི་རྟགས་མཚན་ཞིག་སྟེ། གནམ་སྔོན་པོར་ཉི་ཟླ་སྐར་གསུམ་བཀྲ་ཞིང་གློག་འཚུབ་ལ་འབྲུག་གྲག་པས་གནའ་མི་ཚོས་དད་བཀུར་བྱེད་པ་དང་། བོན་པོས་སྟོན་པ་གཤེན་རབ་མི་བོ་ཆེ་ནི་གནམ་ལས་བྱོན་པར་འདོད་པས། གཤེན་ནམ་མཁའ་མདོག་ཅན་ཞེས་མདོག་སྔོན་པོ་ནི་ཧ་ཅང་མཆོག་ཏུ་བཀུར་བའི་སྲོལ་དར་བ་རེད། སྐྱེས་པ་ཚོས་ར་ལྤགས་གྱོན་པ་ནི་རོང་སར་འཚོ་སྐྱོང་བྱ་རྒྱུ་གཙོ་བོ་ར་ཡིན་པ་དང་། ར་ལྤགས་ཀྱིས་ཆར་ཆུ་ཁོག་ཅིང་ལུས་དྲོ་ལ་ཁུར་པོ་ཁུར་དུས་ཁུར་སྟན་བྱེད་ཆོག་པའི་ཕན་ནུས་ཡོད་པས་རེད། བྱིན་དཀྲིས་བཅིངས་པའང་རོང་ས་ནི་གཡང་གཟར་ལ་འགྲོ་ལམ་དང་ཞིང་ཁར་རྡོ་དང་ཚེར་མ་མང་བས། ངར་གདོང་སྲུབ་སྐྱོང་བྱེད་པའི་ཆེད་དུ་ཡིན་ངེས། དེ་མིན་སྐྱེས་པ་ཚོས་མེ་ཆ་དང་གྲི། དུ་ཁུག་བཏགས་པ་དང་། བུད་མེད་ཚོས་པང་གདན་བཅིངས་པའི་དགོས་པ་ནི་བོད་སྤྱིའི་ལུགས་དང་གཅིག་པ་རེད།

༢༠.jpg

ཕུང་པོ་མེ་ལ་གཏོང་ཚུལ།

འགུ་སྟོད་དང་འགུ་སྨད་ས་ཆ་ནི་རོང་ས་ཡིན་པས་གཡང་གཟར་མོ་དང་ལམ་དོག་མོ་ཧ་ཅང་མང་། མི་སེར་ཚོས་རོང་ས་གཞན་དག་ལྟར་དུས་རྒྱུན་རྒྱབ་ཏུ་ཁུར་པོ་ཁུར་ནས་འགྲོ་དགོས། རེད་དེ། ས་ཆ་གཞན་དང་ཁུར་པོ་ཁུར་སྟངས་མི་འདྲ་བ་བར་ཁུར་ཐག་ཐོད་པར་བཀལ་བ་ནི་གཡང་གཟར་མོ་དང་ལམ་དོག་མོར་འགྲོ་དུས། གལ་སྲིད་རྡོག་རྩེ་ཐོགས་པའམ་འདྲེད་རྡབ་ཤོར་ན་དེ་མ་ཐག་ཏུ་ཁུར་ཐག་ཐོད་པ་ལས་ཤོར་ཏེ་ཁུར་པོ་ཐང་ལ་ལྷུང་བས། མི་ཁུར་པོ་དང་མཉམ་དུ་གཡང་ལ་མི་ལྷུང་བའི་ཆེད་དུ་ཡིན་པར་གྲགས། ཞིབ་འཇུག་པ་འགའ་ཡིས་ཁྱད་ཆོས་དེ་ལ་བརྟེན་ནས་འགུ་སྟོད་དང་འགུ་སྨད་ལ་རྒྱ་སྐད་དུ鱼通ཞེས་པ་ནི། ཁུར་ཐག་མགོ་ལ་བསྡམས་པས་མགོ་སྡོམ་ཞེས་པའི་བོད་སྐད་ལས་ཟུར་ཆག་པ་རེད་ཟེར་ཡང་ཨུ་ཚུགས་ཀྱི་གཏམ་ཞིག་རེད་འདོད། ཨ་ཁུ་གེགས་ཐར་ཚེ་ཡིས། མི་སེར་ཚོས་དངོས་པོ་སྐྱེལ་འདྲེན་བྱེད་དུས་ཕར་ལྟ་ཚུར་ལྟ་བྱེད་མི་བདེ་བར་མགྱོགས་པར་འགྲོ་བའི་ཆེད་དུ། རྒྱལ་པོས་ཁུར་ཐག་ཐོད་པར་བཀལ་བཅུག་པ་རེད་ཟེར་ཡང་།  རང་ཚོད་ཀྱིས་བསྒྲིགས་པའི་གཏམ་རྒྱུད་ཙམ་རེད་སྙམ།

༢༡.jpg

ཁུར་པོ་འཁུར་ཚུལ།

འགུ་སྟོད་དང་འགུ་སྨད་ས་ཆ་ནི་གནའ་ཆགས་ཀྱི་མི་དང་། ཕྱི་ནས་བྱུང་བའི་མི་རྣམས་ལྷན་དུ་འདུས་ནས་མཆེད་པ་ཞིག་ཡིན་པས། ཕྱི་ནང་གི་རིག་གནས་གཉིས་ཕན་ཚུན་སིམ་འདྲེས་དང་བསྡུ་ལེན་བྱས་ཏེ་རྣམ་པར་བཀྲ་བ་ཞིག་རེད། དེ་ལས་དུར་འཇུག་གི་སྐོར་ལ་དམིགས་བསལ་གྱི་ཁྱད་ཆོས་འདུག་སྟེ། མི་ཞིག་ཤི་ན་དེའི་ཕུང་པོ་ཤིང་གི་རོ་སྒམ་ནང་བཅུག་རྗེས་མེ་ནང་ལ་ཀེ་རེར་བཙུགས་ཏེ་བསྲེགས་པ་དང་། དུར་མཆོད་དང་ཆོ་ག་སྒྲུང་མཁན་ནི་ཀོང་མ﹙སྔགས་པ﹚དང་བླ་མ་གཉིས་ཀ་ཡོད་པ་ཞིག་རེད། དེས་མ་ཚད་ས་ཆ་དེར་ལུག་ལོ་སར་བའི་སྲོག་རྒྱུན་ཞིག་ཡོད་པ་དེའི་འབྱུང་ཁུངས་ནི། ཨ་ཁུ་གེགས་ཐར་ཚེ་ཡིས་བཤད་པ་ལྟར་ན། གནའ་སྔོན་མར་ས་ཆ་དེར་དུག་སྦྲུལ་ཆེན་པོ་ཞིག་ཡོད་པ་དེས། ལོ་སྐོར་བཅུ་གཉིས་རེའི་ལུག་ལོ་ལ་གྲོང་པ་ནང་གི་ལུག་ལོ་པ་ཞིག་ཟ་སྲོལ་ཡོད།ལོ་ཞིག་ལ་ཁྱིམ་ཚང་མགར་བ་བྱེད་མཁན་ཞིག་ལ་ཐུག  མགར་བ་དེས་ལྕགས་བཞུས་ནས་ཁུ་བ་སྦྲུལ་དེའི་ཁ་ནང་བླུགས་ཏེ་བརྟུལ། དེ་ནས་བཟུང་དུག་སྦྲུལ་གྱི་གནོད་པ་མེད་པས་ཡུལ་མི་རྣམས་ཀྱིས་མགར་བ་དེ་ལ་གཟེངས་བསྟོད་དང་། དུས་བདེ་ཞི་འཇགས་ཀྱི་འཚོ་བ་ལ་རྟེན་འབྲེལ་སྒྲིག་པའི་ཆེད་དུ་ལུག་ལོ་སར་ཞེས་པའི་སྲོལ་རྒྱུན་ཞིག་ཆགས་པར་གྲགས། དེའང་གཏམ་རྒྱུད་ཅིག་ཡིན་མོད། གཏམ་རྒྱུད་ནི་བོད་རིགས་མི་དམངས་རྣམས་ཀྱིས་མི་རབས་ནས་མི་རབས་བརྒྱུད་དེ། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་སྟངས་ཤིག་ཡིན་པས། གཏམ་རྒྱུད་དེའི་ཤུགས་སུ་དོན་དངོས་ཀྱི་ལོ་རྒྱུས་རིག་གནས་བསྟན་ཡོད་པ་ཧ་གོ་དགོས་ཏེ། གཅིག་བྱས་ན་ས་ཆ་དེར་དཔའ་བོ་ལུག་ལོ་པ་ཞིག་འཁྲུངས་མྱོང་བ་དང་། ཡང་མིན་ན་ལུག་ལོར་རྟེན་འབྲེལ་སྒྲིག་འོས་པའི་དོན་བཟང་ཞིག་བྱུང་མྱོང་བ། དེ་མིན་ན་གནའ་ནས་ར་ལུག་འཚོ་སྐྱོང་བྱེད་པའི་མི་རིགས་ཤིག་གིས། ར་ལུག་གི་བཀའ་དྲིན་རྗེས་སུ་དྲན་པའི་ལུགས་སྲོལ་ཞིག་ཀྱང་ཡིན་ངེས་སོ།།  

 ༢༢.jpg

པར་ཤིང་རྙིང་པ།

བྲག་རི་མཐོན་པོ་གཉིས་ཀྱི་བར་དུ་སྐབས་འགར་ཤུགས་ཀྱིས་བཞུར་ཞིང་། མཚམས་རེར་ལྷོད་ཀྱིས་འཁྱིལ་བའི་རྒྱལ་མོ་རྔུལ་ཆུའི་འགྲམ་ངོགས་བརྒྱུད་པ་ནི་ལོ་རྒྱུས་ཀྱི་གསང་ལམ་ཞིག་ཏུ་འགྲོ་བ་དང་མཚུངས། དུས་ནམ་ཡང་འགུལ་སྐྱོད་དང་རང་དབང་ལྡན་པ་ནི་རྒྱལ་མོ་རྔུལ་ཆུའི་སྙིང་སྟོབས་ཡིན་ལ། སྙིང་སྟོབས་དེ་ཡིས་རྒྱལ་རོང་པ་གསོ་སྐྱོང་བྱེད་བཞིན་ཡོད་པས། སུ་ཞིག་གིས་རྒྱལ་མོ་རྔུལ་ཆུའི་བླ་སྲོག་འཛིན་ཐུབ་ན།  དེས་རྒྱལ་རོང་པ་ལ་ལམ་སྣ་བསྟན་ཐུབ་པར་ཐེ་ཚོམ་མེད།

རི་བོ་མཐོན་པོའི་སྐེད་པར་གནས་བཅས་ཤིང་། ཆུ་བོ་ཆེན་པོ་ལས་འཕྱུར་བའི་སྤྲིན་པ་དཀར་པོས་བཏུམས་ཏེ། ཕྱི་ནང་གཉིས་ཀ་མག་མོག་ཏུ་གྱུར་ཡང་། ལོ་རྒྱུས་ཀྱི་ཕུག་ལམ་དེད་དེ་ཐག་ནག་གི་མདུད་དགུ་དགྲོལ་ཤེས་ན། རིགས་རུས་ཤིག་གི་གསང་བ་ལྷང་ལ་འབུད་ངེས་སོ།། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།