“བར་བརྒལ་ཆོ་གའི”སྟེང་ནས་བོད་རིགས་བུད་མེད་ཀྱི་སྐྲ་ཕབ་པའི་ཆོ་གར་དཔྱད་པ།

【ནང་དོན་གནས་བསྡུས།】བོད་རིགས་བུད་མེད་ཀྱི་སྐྲ་ཕབ་པ་ལ་ཆོས་ལུགས་རང་བཞིན་དང་ཆོ་ག་རང་བཞིན།དེ་མིན་མཚོན་བྱེད་རང་བཞིན་བཅས་འདུས་པས“བར་བརྒལ་གྱི་ཆོ་ག”ཞིག་ཡིན་ཞིང་།འདི་ནི་བོད་རིགས་བུད་མེད་རང་གི་སྐྱེས་ཁམས་དང་ཁ་བྲལ་གྱི་མཛད་སྒོ་དང་སྣ་འཛོམས་ཀྱི་མཛད་སྒོ།འདུས་སྦྱོར་གྱི་མཛད་སྒོ་བཅས་གོ་རིམ་གསུམ་བརྒྱུད་ནས་ལེགས་འགྲུབ་བྱུང་བ་ཞིག་ཡིན་ལ།དེ་ལས་ཆེས་གཙོ་བོ་སྣ་འཛོམས་ཀྱི་མཛད་སྒོ་ཡིན་པ་སྟེ།བོད་རིགས་བུད་མེད་དེ་ཉིད་སྤྱི་ཚོགས་སུ་ལེགས་པར་འཇུག་པའི་གོ་རིམ་གལ་ཆེན་ཡིན།“བར་བརྒལ་གྱི་ཆོ་ག”ནི་རིག་ཚན་མང་པོ་ཞིག་གི་རྨང་གཞི་ཡིན་ཏེ་དེ་ཡང་མིའི་རིགས་རིག་པ་དང་དམངས་སྲོལ་རིག་པའི་རྩ་བའི་གཞུང་ལུགས་ཤིག་ཏུའང་སྣང་།དཔྱད་རྩོམ་འདིར་“བར་བརྒལ་ཆོ་གའི”གཞུང་ལུགས་དང་སྦྲེལ་ནས་བོད་རིགས་བུད་མེད་ཀྱི་སྐྲ་ཕབ་པའི་ཆོ་ག་ལ་དཔྱད་ཡོད།

【བརྡ་ཆད་གཙོ་བོ།】བོད་རིགས་བུད་མེད། སྐྲ་ཕབ་པའི་ཆོ་ག བར་བརྒལ་གྱི་ཆོ་ག བྱེད་ནུས།


གཅིག “ བར་བརྒལ་གྱི་ཆོ་གའི”གཞུང་ལུགས་སྤྱིར་བཤད་པ།

དེ་ཡང་བར་བརྒལ་གྱི་ཆོ་ག་དེ་ལ་བརྒྱུད་པའི་ཆོ་ག་དང་མི་ཚེའི་ཆོ་ག ཚེ་སྲོག་གི་ཆོ་ག་དང་ཚེ་སྲོག་བསྒྱུར་བཅོས་ཀྱི་ཆོ་ག་ཞེས་འབོད་སྲོལ་ཡོད་ལ། དེ་ནི་ཧྥ་རན་སིའི་མིའི་རིགས་རིག་པ་བ་དང་སྐད་བརྡ་རིག་པ་བ།དམངས་སྲོལ་རིག་པ་བ་ཨ་ནོར་ཏེ་ཧྥན་ཅེ་ནེ་ཕུས་༡༩༠༥ལོར་ཐོག་མར་བཏོན་ཏེ《བར་བརྒལ་ཀྱི་ཆོ་ག》ཞེས་པའི་དཔེ་དེབ་ཅིག་བརྩམས། དཔེ་དེབ་འདི་ལས་ཁོང་ཉིད་ཀྱིས་“བར་བརྒལ་ཆོ་ག”བྱ་བའི་གཞུང་ལུགས་འདི་ལ་འགྲེལ་བཤད་ཡང་དག་ཅིག་བྱས་ཡོད་པ་སྟེ་“སྤྱི་ཚོགས་གང་ཞིག་གི་མི་རེ་རེའི་འཚོ་བ་ནི་ལོ་ནའི་འཕེལ་བ་དང་འགྲོགས་ནས་གནས་སྟངས་ག་གེ་མོ་ཞིག་ནས་གཞན་ཞིག་ཏུ་འགྱུར་བའམ་བརྒལ་བའི་གནས་ཚུལ་དེ་འདྲ་ཞིག་ཡིན་ལ་“བར་བརྒལ་གྱི་ཆོ་ག”ནི་ཏག་ཏག་གནས་ཡུལ་དང་གནས་ཚུལ།སྤྱི་ཚོགས་ཀྱི་གོ་གནས་དང་ལོ་ནའི་འགྱུར་བ་དང་བསྟུན་ནས་སྤེལ་བའི་ཆོ་ག་ཞིག་ཡིན་ནོ།། དེ་ཡང་ཧྥན་ཅེ་ནེ་ཕུར་ལྟར་ན་མི་སྒེར་གྱི་མི་ཚེ་ཁྲོད་དང་ཡང་ན་ཐུན་མོང་གི་འཚོ་གནས་དང་འཕེལ་རྒྱས་ཁྲོད་བར་སྟོང་དང་དུས་ཚོད།སྤྱི་ཚོགས་གོ་གནས་ལ་སོགས་ཕྱོགས་གང་ཐད་ནས་དུས་དང་རྣམ་པ་ཀུན་ཏུ་གནས་སྟངས་ཤིག་ནས་གཞན་ཞིག་ཏུ་བརྒལ་དང་བརྒལ་བཞིན་ཡོད་ལ་བར་བརྒལ་གྱི་གོ་རིམ་ཁྲོད་མི་རྣམས་ཀྱི་མི་ཚེ་དང་རང་བྱུང་ཁམས་ཀྱི་ཆོས་ཉིད་དེ་དག་གསལ་བཤད་བྱེད་པའི་ཆེད་དུ་མི་རིགས་སོ་སོས་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་ལས་འཕེལ་བའི་བྱ་སྤྱོད་དང་བྱེད་ཐབས་དེ་དག་སྤྱད་ནས་རང་གི་འདོད་བློ་ཚིམས་པར་བྱེད་པ་དང་འཇིགས་སྣང་གི་ཁེངས་པའི་སེམས་ཁམས་དེ་གསོ་བ་ཡིན།ཁོང་གི་བྱ་སྤྱོད་དང་བྱེད་སྒོ་འདི་དག་སྤྱི་སྡོམ་དང་ཞིབ་འཇུག་གནང་རྗེས་ཐུན་མོང་གི་ཆོ་གའི་གོ་རིམ་ཞིག་རྙེད་པ་ནི་གོང་ནས་གླེང་བའི་“བར་བརྒལ་གྱི་ཆོ་ག”ཞེས་བྱ་བ་དེ་ཡིན།“བར་བརྒལ་གྱི་ཆོ་ག་”དེ་ལའང་ཁ་བྲལ་གྱི་མཛད་སྒོ་དང་སྣ་འཛོམས་ཀྱི་མཛད་སྒོ འདུས་སྦྱོར་གྱི་མཛད་སྒོ་ཞེས་གོ་རིམ་གསུམ་དུ་བཀར་ཡོད།ཁ་བྲལ་གྱི་མཛད་སྒོ་ཞེས་བྱ་བ་ནི་སྔ་ཡོད་ཀྱི་འཚོ་བའི་གནས་སྟངས་དང་ས་གནས། དུས་ཚོད། གོ་གནས་སོགས་ཁ་བྲལ་བ་དེར་གོ་བ་དང་སྣ་འཛོམས་ཀྱི་མཛད་སྒོ་ནི་བར་བརྒལ་གྱི་གོ་རིམ་དེ་ཡིན་ལ་སྔར་གྱི་འཚོ་བར་མི་གཏོགས་པ་དང་ཕྱིས་ཀྱི་འཚོ་བ་ལའང་མི་གཏོགས་པར་བར་མ་བར་གྱི་གནས་སྟངས་དེ་གོའདུས་སྦྱོར་གྱི་མཛད་སྒོ་ནི་མི་ཚེའི་བར་བརྒལ་དང་ཡང་ན་འགྱུར་བ་བྱུང་རྗེས་ཀྱི་འབྲས་བུ་དེ་ཡིན་ནོ།། སོ་ཀི་ལན་གྱི་མིའི་རིགས་རིག་པ་བ་ཐུ་ནས་ཀྱང་ཁོང་གི་བརྩམས་ཆོས་«ཆོ་གའི་གོ་རིམ»ཞེས་བྱ་བའི་ཁྲོད་འདིའི་ཕྱོགས་ལ་རྒྱས་བཤད་མང་པོ་བྱས་ཡོད་པས་འདི་ནས་མི་དྲངས་སོ།

གཉིས། སྐྲ་ཕབ་པའི་ཆོ་ག་སྟེ་བོད་རིགས་བུད་མེད་ཀྱི་“བར་བརྒལ་ཆོ་ག”ཞིག

ཁོ་བོས་ཀྱང་རང་བོད་རིགས་བུད་མོ་སྐྲ་ཕབ་པ་དང་ཡང་ན་སྐྲ་སྟོན་པའི་ཆོ་ག་དང་མཛད་སྒོ་དངོས་དེའི་ཐོག་མཐའ་བར་གསུམ་ལ་ཞུགས་ནས་མཉམ་འཇོག་དང་སྤྱི་སྡོམ་གང་མང་བྱས་པ་བརྒྱུད་དེ་ཡང་ཧྥན་ཅེ་ནེ་ཕུས“བར་བརྒལ་གྱི་ཆོ་གའི་གཞུང་ལུགས་ཀྱི་མ་དཔེ་འདིའི་ཁྲོད་སྤྱིར་བཏང་གི་མི་ཚེའི་མཛད་སྒོ་སྣ་ཚོགས་འདུས་ཡོད་པ་མ་ཟད་ལོ་དུས་རེ་རེའི་དུས་ཆེན་དང་ཐོག་མའི་མཛད་སྒོ་སྣ་ཚོགས་སོགས་ཀྱང་འདུས”ཞེས་གསུངས་པ་ནང་བཞིན་བོད་ཀྱི་མི་ཚེའི་མཛད་སྒོ་ཆེ་བ་བཞིའི་ཁྲོད་ཀྱི་བུད་མེད་ཀྱི་སྐྲ་སྟོན་མཛད་སྒོ་འདིའང་ཆོས་ལུགས་རང་བཞིན་དང་མཚོན་བྱེད་རང་བཞིན་ལྡན་པའི་ཆ་ནས་ཧྥན་ཅེ་ནེ་ཕུའི“བར་བརྒལ་གྱི་ཆོ་ག་”གཞུང་ལུགས་འདི་ལ་བདེན་དཔང་གི་དཔེ་ལེགས་པོར་སྟོན་ཐུབ།ཞོལ་ནས་ཁོ་བོས་བོད་རིགས་བུད་མེད་ཀྱི་སྐྲ་ཕབ་པའི་ཆོ་ག་ཧྥན་ཅེ་ནེ་ཕུས“བར་བརྒལ་གྱི་ཆོ་གའི”གཞུང་ལུགས་ཀྱིས་དཔྱད་པར་བྱའོ།

གོ་རིམ་དང་པོ་ནི་ཁ་བྲལ་མཛད་སྒོ་ཡིན་ཏེ་དེ་ཡང་ཆོས་ལུགས་ལ་དད་མོས་བྱེད་པ་ནི་བོད་རིགས་གི་ཐུན་མོང་གི་ཁྱད་ཆོས་ཤིག་ཡིན་པ་དང་ཆོས་ལུགས་ཀྱི་བསམ་བློ་མཐོ་ཞིང་དད་མོས་བྱ་ཐབས་ཕུན་སུམ་ཚོགས་པའི་བོད་མི་རིགས་ལ་མཚོན་ན་དོན་དག་གང་དང་གང་ཞིག་སྒྲུབ་ཀྱང་ནང་བསྟན་དང་འབྲེལ་བ་ཡོད་པ་སྨོས་མ་དགོས་པ་ཞིག་ལ་སྐྲ་ཕབ་དུས་ཀྱང་ནང་བསྟན་གྱི་ཤུགས་རྐྱེན་ཆེས་ཆེར་ཐེབས་འདུག དེ་ཡང་མཚོ་སྔོན་གསེར་ཆེན་རྫོང་དུ་གཏོགས་པའི་ཆབ་འགག་ས་ཆར་མཚོན་ན་བོད་རིགས་བུད་མེད་ཀྱི་སྐྲ་ཕབ་དུས་ཐོག་མར་རང་གི་ཨ་མཆོད་ལ་ཞུ་དགོས་ཏེ་དུས་ཚོད་ནམ་ཞིག་ལ་འོས་འཚམས་ཡིན་པ་སོགས་བརྟག་པར་འཇུག དེ་མིན་དགོན་པའི་གྲྭ་པ་ལ་སོགས་གདན་དྲངས་ནས་ཆོས་ལུགས་ཀྱི་ཆོ་ག་སྣ་ཚོགས་སྒྲུབ་པ་དང་དགོན་པར་ཕྱིན་ནས་སྦྱིན་པ་སོགས་གཏོང་།སྐྲ་ཕབ་པའི་བུད་མེད་དེས་ཁྱིམ་གྱི་ལས་ཀ་སོགས་བཞག་སྟེ་སྔར་ཡོད་ཀྱི་འཚོ་བའི་བྱེད་སྟངས་དང་ཁ་བྲལ་ནས་ཉེ་འཁོར་གྱི་དགོན་པར་ཕྱིན་ནས་ཕྱག་འཚལ་བ་དང་བསྐོར་བ་རྒྱག་པ།མཆོད་མེ་ལ་སོགས་བཞག་ནས་སྨོན་ལམ་འདེབས།དེ་ཡང་བླ་བྲང་ས་ཁུལ་གྱི་བོད་རིགས་བུད་མེད་ལ་སྐྲ་ཕབ་སྐྲ་་སྟོན་གྱི་སྔོན་ཉིན་མོར་ངེས་པར་དུ་དགུང་ལོ་བརྒྱད་བཅུ་ལོན་པ་དང་ལྟ་སྤྱོད་བཟང་བའི་རྒན་མོ་ཞིག་གདན་དྲངས་ནས་བུ་མོའི་སྐྲ་ལམ་འགེར། རྒྱུ་མཚན་ནི་སྐབས་དེའི་རྒན་མོ་ནི་གཡང་གི་ཕྱུག་པའི་ཕུང་པོ་ཞིག་ཏུ་རྩིས་པས་རྒན་མོས་བུ་མོར་སྐྲ་ལམ་བཀར་བ་བརྒྱུད་ནས་གཡང་དེའང་བུ་མོར་འགོས་སུ་འཇུག་པ་དེ་འདྲ་ཞིག་ཡིན།དེ་ཡང་ཐོར་གན་ལགས་ཀྱི《ཆུས་ལུགས་འཚོ་བའི་གདོད་མའི་རྣམ་པ》ཞེས་བྱ་བའི་བརྩམས་ཆོས་ལས་གསུངས་པ་ནང་བཞིན“གཡང་ཞེས་བྱ་བའི་ཁྱད་འཕགས་རང་བཞིན་འདི་བརྒྱུད་སྤྲོད་བྱེད་ཐུབ་པ་ནི་གདོད་མའི་ཆོས་ལུགས་ཁོ་ན་མ་ཡིན་ཏེ་གསར་ཏུ་བྱུང་བའི་ཆོས་ལུགས་དེ་དག་ལས་ཀྱང་འདི་འདྲའི་སྣང་ཚུལ་འདུག་སྟེ་མཆོད་ཆུ་བཏུང་བ་དང་མཆོད་ཆུས་བྱུག་པ་སོགས་ཀྱི་མཛད་སྒོ་ནི་ཁྱད་པར་འཕགས་ཀྱི་གཡང་དེ་ཉིད་མི་ག་གེ་མོ་ཞིག་ལ་འགོས་པར་བཅུག་པ་ཡིན།”དེ་བས་གོང་གི་གླིང་བྱ་སྟེ་རྒན་མོ་ལོ་ལོན་དེས་བུ་མོའི་སྐྲ་ལམ་བགར་བ་སྟེ་བུ་མོ་དེའི་མགོ་ལ་རེག་ནས་གཡང་དེ་དེར་འགོས་པར་བཅུག་པས་བུ་མོ་དེའང་རྗེས་ཕྱོགས་སུ་རྒན་མོ་དེ་དང་འདྲ་བར་ཁ་ལས་དགེ་ཞིང་ལྟ་སྤྱོད་སོགས་ཕྱོགས་གང་ཐད་ནས་གཡང་གིས་ཕྱུག་པའི་བཀྲ་ཤིས་བའི་མཛངས་མ་ཞིག་ཏུ་འགྱུར་ངེས་ཡིན་ཟེར་སྲོལ་ཡོད།སྐྲ་ལམ་བགར་བའི་མཛད་སྒོ་རྫོགས་རྗེས་མ་སྲུ་ཚང་མས་བུ་མོའི་སྐྲ་ཤད་པ་དང་ཕྱིས་སུ་ཕོ་མོ་རྒན་གཞོན་ཚང་མས་གླུ་ལེན་གར་རྩེད་བྱས་ནས་མི་འགྱངས་པར་མི་དར་མའི་དཔུང་ཚོགས་སུ་འཇུག་པའི་བུ་མོར་རྟེན་འབྲེལ་ཞུ།དེ་ཡང་ཁྲི་ཀ་རྫོང་དཀར་བརྗིད་ཡུལ་ཚོའི་བོད་སྡེ་ཕལ་མོ་ཆེས་བུ་མོ་ལོ་བཅུ་གཅིག་ལོན་དུས་སྐྲ་ཕབ་པ་དང་སྐྲ་ཕབ་པ་ནི་གཉེན་སྒྲིག་ལས་ཀྱང་གལ་ཆེ་བའི་དོན་དག་ཅིག་ཏུ་བརྩི།སྐྲ་སྟོན་གྱི་སྔོན་ཉིན་མོར་དགོན་པའི་གྲྭ་བཙུན་སོགས་གདན་དྲངས་ནས་སྟོང་མཆོད་འདོན་པ་དང་གཉེན་ཉེ་སྤུན་གྲོགས་དང་རུ་ཁ་ཁྱིམ་མཚེས།བཟང་ས་རྒྱན་ས་སོགས་ཀྱང་ཁྱིམ་ཚང་དེར་འཛོམས་ཏེ་མ་སྲུ་དག་གིས་བུ་མོའི་སྐྲ་ཤད་པ་དང་ཕྱིས་སུ་མ་སྲུ་གཙོ་བྱས་ནས་བུ་མོ་དང་བུ་མོའི་ལྭ་བ་སྟེ་འདོགས་ཆའམ་རྒྱན་ཆ་གསར་བ་དེར་བསྐོར་ནས་འདུག་དགོས།སྐབས་འདིར་སྐྲ་ཕབ་པའི་བུ་མོ་དེ་ལ་བག་མ་ཞེས་འབོད། དེ་ལ་རོགས་སྐྱོར་བྱེད་མཁན་བག་ཕྲུག་ཅིག་ཀྱང་ཡོད།དེ་ནས་མ་སྲུ་ཚོས་བུ་མོའི་ཕ་མ་དང་གཉེན་ཉེ་ཡོངས་ཀྱི་བདེན་དཔང་འོག་བུ་མོར་ལྭ་བ་གསར་བ་དེ་གྱོན་པ་དང་རྒྱན་ཆ་སོགས་འདོགས་དགོས།མཐའ་མར་ཁ་བཏགས་སྔོན་པོ་ཞིག་རྒྱབ་ཏུ་དཔྱངས་རྗེས་བལ་ལྡན་དཀར་པོ་ཞིག་གི་སྟེང་དུ་ཁ་ཡར་འཁོར་ནས་ཕྱག་གསུམ་འཚལ་བ་དང་།ཕྱིས་སུ་མ་སྲུ་དག་གིས་བུ་མོ་ལ་རྟེན་འབྲེལ་གྱི་གླུ་གཞས་མཉམ་ལེན་བྱེད་པ་དང་ཆབས་ཅིག་ཏུ་བུ་མོའི་གཡས་གཡོན་ནས་སྐྱོར་ཏེ་སྒོ་ཁའི་ཀ་བ་དེར་བསྐོར་བ་ཐེངས་གསུམ་རྒྱག་དགོས།ཆུ་བཅུ་བྱེད་ཀྱི་ཕོར་བ་གསར་བ་དེས་སླ་ང་ཁ་ནས་

ཆུ་བཅུ་ཐེངས་གསུམ་བྱས་རྗེས་སྒོར་འབུད་དགོས།དེ་དང་ཆབས་ཅིག་ཏུ་སྐྱེས་པ་དག་གིས་ཁང་བའི་ཀླད་ནས་བསང་ཆེན་ཕུད་བཞིན་བསང་འབོད་བྱེད་པ་དང་མཛད་སྒོ་འདི་རྫོགས་རྗེས་ཡང་མ་སྲུ་དག་གིས་བུ་མོ་དེ་ཉིད་སྐྱོར་ནས་ཕྱིར་ཁྱིམ་ལ་འཛུལ་སོང་།དེ་ནས་ད་གཟོད་མི་རྣམས་ཀྱིས་གླུ་འགོ་བཙུགས་ནས་མཚན་གང་བོར་གླུ་ལེན་གར་རྩེད་བྱེད་པ་དེ་འདྲ་ཞིག་ཡིན།གོང་གི་མཛད་སྒོ་འདི་ཡོད་ཚད་ནི་ཁ་བྲལ་གྱི་མཛད་སྒོར་གཏོགས་ལ་བུ་མོ་དེ་ཉིད་སྔར་ཡོད་ཀྱི་འཚོ་བའི་གནས་སྟངས་དང་ཁ་བྲལ་ནས་མི་དར་མར་འགྱུར་བའི་མཛད་སྒོ་སྣ་ཚོགས་ལ་ཞུགས་དགོས་པས་སོ།

   “བར་བརྒལ་ཆོ་གའི”གོ་རིམ་གཉིས་པ་ནི་སྣ་འཛོམས་ཀྱི་མཛད་སྒོ་ཡིན་ལ་དེ་ཡང་ཆབ་འགག་ཡུལ་གྱི་བུ་མོའི་སྐྲ་ཕབ་པའམ་སྐྲ་སྟོན་གྱི་ཉིན་མོར་བུ་མོ་་དེ་ཉིད་ནངས་སྔ་མོ་ནས་མལ་ལས་ལངས་དགོས་པ་དང་དེ་སྔ་གྲ་སྒྲིག་བྱས་ཡོད་པའི་ལྭ་བ་གསར་བ་དེ་དག་གྱོན་དགོས།དེ་ནས་སྐྲ་ཤད་མཁན་གྱི་སྐྲ་ལས་མགོ་བརྩམས་པ་དང་ཉི་མ་མ་འཆར་གོང་ངེས་པར་དུ་ཚར་དགོས།རྒྱུ་མཚན་ནི་མི་དར་མའི་མཚོན་བྱེད་དེ་སྐྲ་ལུང་ནི་ངེས་པར་དུ་ཉི་རྩེ་དང་པོར་འགྲོགས་ནས་འདོགས་དགོས།སྐབས་འདིའི་སྐྲ་ལུང་ནི་བཀྲ་ཤིས་པའི་གཡང་དང་ལྡན་པའི་དངོས་པོ་ཞིག་ཏུ་རྩིས་ལ་དེ་ཡང་ནུབ་ཕྱོགས་ཀྱི་ཆོས་ལུགས་རིག་པ་བ་མེར་ཆ་ཡི་ལེ་ཡཱ་ཏུས"མཚོན་བྱེད་ལ་གཡང་གི་རང་བཞིན་ལྡན་ལ་དངོས་སུ་མཛད་སྒོ་སོགས་མ་སྤེལ་བའི་དངོས་པོ་ག་གེ་མོ་དེ་ལ་མཚོན་བྱེད་རང་བཞིན་དང་ལྡན་པས་གཡང་ཅན་དུ་གྱུར"ཞེས་གསུངས་པ་ནང་བཞིན་སྐྲ་ལུང་ནི་བུ་མོ་ཆུང་ཆུང་ནས་བུད་མེད་དུ་འགྱུར་བའི་མཚོན་རྟགས་ཡིན་པས་དེ་ལའང་གཡང་གི་རང་བཞིན་ལྡན།སྐྲ་སྟོན་གྱི་ཉིན་མོར་རྟེན་འབྲེལ་གྱི་དབང་གིས་སྐྲ་ལུང་ཉིན་གང་བོར་འདོགས་དགོས་པ་དང་དེའི་སྟེང་དུ་ཁ་བཏགས་ཤིག་ཀྱང་འདོགས་དགོས།དེ་ཡང་བོད་ཁུལ་གཞན་པ་སྟེ་དཔེར་ན་བླ་བྲང་ཡུལ་གྱི་བུ་མོའི་སྐྲ་སྟོན་སྐབས་ཀྱི་སྤོས་ཤེལ་དང་གཡུ་སྔོན་པོའི་སྐྲ་རྒྱན་དེ་ལོ་གསར་ཚེས་གསུམ་ནས་བཅོ་ལྔའི་བར་འདོགས་པའི་སྲོལ་ཡོད།སྐབས་འདིའི་སྐྲ་ལུང་དང་སྐྲ་རྒྱན་ནི་སྤྱིར་བཏང་བ་ཞིག་མིན་པར་གཡང་དང་ལྡན་པས་དོན་སྙིང་ཆེས་ཆེར་ལྡན་ནོ།། ལྭ་བ་གྱོན་ཚར་རྗེས་བུ་མོའི་གྲོགས་མོ་རྣམས་ཀྱིས་བུ་མོ་སྐྱོར་ནས་ཕྱིར་ཁྲོམ་པའི་གྲལ་ལ་ཕྱིན་ནས་མགྲོན་པོ་རེ་རེ་ལ་ཆང་དྲངས་དགོས་པ་དང་མགྲོན་པོ་དག་གིས་ཀྱང་བུ་མོ་ལ་རྟེན་འབྲེལ་གྱི་ཚིག་རེ་ཞུ།སྤྱིར་བཏང་མཛད་སྒོའི་གླུ་སྒོ་ཕྱེ་མཁན་བུ་མོའི་ཨ་ཞང་ཡིན་པ་དང་ཨ་ཞང་གིས་བཀྲ་ཤིས་པའི་དམངས་གླུ་ཞིག་བླངས་རྗེས་ད་གཟོད་ཁྲོམ་པའི་གྲལ་ནས་གླུ་ལེན་གར་རྩེད་བྱེད་འགོ་རྩོམ།དེ་ལྟར་ཉིན་གང་བོར་བཀྲ་ཤིས་གཡང་ཁྱིམ་ནས་གླུ་གར་དང་བདུད་རྩིའི་མཚོ་མོར་རོལ་བ་ཡིན།སྐྲ་སྟོན་གྱི་མཛད་སྒོ་དངོས་དེ་ཆོ་གའི་གོ་རིམ་གཉིས་པ་སྣ་འཛོམས་ཀྱི་མཛད་སྒོ་དེའང་ཉི་མ་ནུབ་པ་དང་ཆབས་ཅིག་ཏུ་མཇུག་རྫོགས་པ་ཡིན།

འདུས་སྦྱོར་གྱི་མཛད་སྒོ་ནི"བར་བརྒལ་ཆོ་གའི"གོ་རིམ་གསུམ་པ་ཡིན་ལ་ཆེས་མཐའ་མཇུག་གི་མཛད་སྒོ་དེའང་ཡིན།དེ་ནི་བུ་མོ་དེ་ཉིད་ཁ་བྲལ་མཛད་སྒོ་དང་སྣ་འཛོམས་ཀྱི་མཛད་སྒོ་ལ་ཞུགས་རྗེས་ཀྱི་འབྲས་བུ་ཡིན་ལ་བུ་མོ་དེ་དངོས་སུ་སྤྱི་ཚོགས་གསར་བར་ཞུགས་ནས་མི་ཚོགས་གསར་བར་འབྲེལ་འདྲིས་བྱེད་པ་དང་མི་ཚེའི་ཐོབ་ཐང་གསར་བའི་ངོས་ནས་སྤྱི་ཚོགས་ཁྲོད་ཀྱི་འགན་འཁུར་དང་དབང་ཆའི་འདུ་ཤེས་ཐོག་མར་ལྡན་དགོས།དེ་ཡང་ཕ་མའི་ཁ་ཏ་སློབ་གསོ་དང་གཉེན་ཉེ་དག་གི་བསླབ་བྱ་སྣ་ཚོགས་སོགས་ནང་སེམས་དང་ཕྱིའི་ཀུན་སྤྱོད་ཐད་ཀྱི་སློབ་གསོ་མྱོང་བ་དང་མི་དར་མའི་མཚོན་རྟགས་ཏེ་སྐྲ་ལུང་བཏགས་རྗེས་བུ་མོ་དེ་ཉིད་ཀྱང་སྤྱི་ཚོགས་ཅན་དུ་གྱུར་བ་ཡིན་པས་རང་ལ་རང་གི་བསམ་བློ་འཁྱེར་སོ་དང་བསམ་བློའི་ནུས་པ་སོགས་ཡོད་དགོས།ཉིན་དེ་ནས་བཟུང་བུ་མོ་དེ་ཉིད་བྱིས་པའི་དུས་དང་ཁ་གྱེས་ཤིང་མི་དར་མའི་གྲས་སུ་ཚུད་པ་དང་འཇིག་རྟེན་གྱི་དགའ་རོགས་རྩེད་རོགས་འཚོལ་ཆོག་པ་མ་ཟད་གཉེན་སྒྲིག་ཀྱང་བྱེད་ཆོག དེ་མིན་ད་དུང་མི་དར་མའི་སྤྱི་ཚོགས་བྱ་འགུལ་གྱི་གྲས་སུའང་ཞུགས་ཆོག་གོ།

གསུམ། སྐྲ་ཕབ་པའི་ཆོ་ག་སྟེ"བར་བརྒལ་གྱི་ཆོ་ག"འདིའི་ཕན་ནུས།

སྐྲ་ཕབ་པའམ་སྐྲ་སྟོན་གྱི་ཆོ་ག་འདི་ལ་དོན་སྙིང་དང་ཕན་ནུས་ག་འདྲ་ཡོད་ཟེར་ན།དེ་ཡང་ཕན་ནུས་རིང་ལུགས་ཀྱི་ངོས་ནས་དབྱེ་ཞིབ་བྱ་ཆོག་སྟེ།དེ་ནི་ཆོ་གའི་བྱ་སྤྱོད་འདི་བརྒྱུད་ནས་མི་དེའི་སྤྱི་ཚོགས་ཁྲོད་ཀྱི་སྣང་བརྙན་བསྒྱུར་བཅོས་བྱེད་པ་དེ་འདྲ་ཞིག་ཡིན་ལ་དམངས་སྲོལ་རིག་གནས་ཀྱིས་མིའི་གཞི་རྩའི་འཚོ་བར་ཞིབ་འཇུག་བྱེད་པ་དང་དེའི་ཁྲོད་གཏོགས་པའི་སྐྲ་སྟོན་གྱི་ཆོ་གས་ཏག་ཏག་མི་སྤྱི་ཚོགས་ཅན་དུ་འགྱུར་བ་དེ་དམིགས་འབེན་དུ་བཟུང་བ་ཡིན།དེ་ཡང་ཝེ་པ(Max Weber,1864-1920)ཡིས་གསུངས་པ་བཞིན་མི་ནི་དོན་སྙིང་ལྡན་པའི་སྲོག་ཆགས་ཤིག་ཡིན་ལ་མི་རྣམས་ཀྱིས་རང་རང་གིས་བཟོས་པའི་དོན་སྙིང་ལྡན་ཞིང་མཚོན་བྱེད་ཀྱི་རྟགས་ཡོད་པའི་དྲྭ་དེ་ལས་འཚོ་བ་དང་དེའི་གོ་རིམ་ཡོད་ཚད་ལ་སྤྲོ་བའི་ངང་ནས་མྱོང་རོལ་བྱེད་པ་ཡིན།དེའི་ཁྲོད་ཆེས་གཙོ་བོ་དང་མཐོང་སྣང་དུ་གྱུར་བ་ནི་ཆོ་གའམ་མཛད་སྒོ་སྣ་ཚོགས་ཡིན་ལ་ཆོ་གར་མ་ཞུགས་པའི་མི་དང་ཞུགས་རྗེས་ཀྱི་མི་གཉིས་མི་འདྲ་སྟེ་མི་ནི་དག་དག་ཁ་བྲལ་གྱི་མཛད་སྒོ་དང་སྣ་འཛོམས་ཀྱི་མཛད་སྒོ།འདུས་སྦྱོར་གྱི་མཛད་སྒོ་བཅས"བར་བརྒལ་གྱི་ཆོ་ག"དེར་ཞུགས་རྗེས་ད་གཟོད་དོན་སྙིང་དང་ལྡན་པའི་མི་ཞིག་ཏུ་གྱུར་བ་ཡིན་ནོ།སྐྲ་སྟོན་གྱི་ཆོ་ག་དེའང་བོད་རིགས་བུད་མེད་ལ་མཚོན་ན་དུས་རབས་གཞན་ཞིག་གི་མགོ་བརྩམས་པ་ཡིན་ལ་བུ་མོ་དེ་ཉིད་ཀྱི་སེམས་ཁམས་ཀྱི་ཆ་ནས་རིམ་བཞིན་བསམ་ཤེས་སུ་གྱུར་བ་དང་ཕྱིའི་རྣམ་པའི་ཆ་ནས་གཅིག་ལྕོགས་སུ་ཐུབ་པའི་སྤྱི་ཚོགས་ཅན་གྱི་མི་ཞིག་ཏུ་འགྱུར་བ་ཡིན།དེ་དང་ཆབས་ཅིག་ཏུ་གཉེན་སྒྲིག་པའི་དུས་ཚོད་ལའང་སླེབས་པས་གཉེན་སློང་མཁན་ལ་སོགས་ཀྱང་རིམ་བཞིན་སྒོ་ཁར་སླེབས་པ་དང་བུ་མོའང་རང་དང་མཐུན་པའི་དགའ་རོགས་དང་འགྲོགས་ཆོག་ལ་ཕ་མ་གཉེན་ཉེ་སོགས་འཐད་པ་བྱུང་ན་གཉེན་སྒྲིག་གི་འགོའང་བརྩམས་ཆོག།

སྤྱི་ཚོགས་ཀྱི་ངོས་ནས་བཤད་ན་བུ་མོ་དེ་ཉིད་ལ་སྤྱི་ཚོགས་ཀྱི་ནུས་པ་རིམ་བཞིན་ལྡན་པ་དང་བུ་མོ་ཆུང་ཆུང་ཞིག་ནས་བྱིས་པའི་མ་རུ་འགྱུར་བའི་ཁྱིམ་ཚང་གི་འཚོ་བ་དེར་གྲ་སྒྲིག་བྱེད་དགོས།དེ་ཡང་ཁོ་བས་གླེང་བྱ་གཙོ་བོ་བོད་རིགས་བུད་མེད་ཀྱི་སྐྲ་སྟོན་ལས་འདས་ཏེ་འདི་དང་འདི་ལྟ་བུའི་མི་སྤྱི་ཚོགས་ཅན་དུ་འགྱུར་བའི་ཆེད་ཆོ་གའམ་མཛད་སྒོ་སྣ་ཚོགས་སྤེལ་བའི་རྒྱལ་ཁབ་དང་མི་རིགས་མང་པོ་ཞིག་ཡོད་ལ།དཔེར་ན་ཅི་ནེ་ཡཱ་ཝན་ས་ཆར(几内亚湾)མཚོན་ན་སྐྱེས་པ་རྣམས་ལ་མི་དར་མ་རུ་འགྱུར་བའི་ཆོ་ག་སྤེལ་ན་རིན་ཐང་དང་ལྡན་པའི་མི་སྤྱི་ཚོགས་ཅན་དུ་གྱུར་ཐུབ་པ"ཆོ་ག་འདི་བརྒྱུད་ནས་སྐྱེས་པ་དེ་ཐབས་དམག་ཏུ་གྱུར་བ་དང་གཉེན་སྒྲིག་ཀྱང་བྱེད་ཆོག"ལྟ་བུའི་མཚོན་ཐུབ།དེ་ཡང་རྒྱ་གར་གྱི་རྗེ་རིགས་ཁྲོད་ཀྱིྱ"ཐེངས་གཉིས་པར་སྐྱེ་བ"(二次生)ལྟ་བུ་སྟེ"སྤྱི་ཚོགས་ནང་འཇུག་གི་ཆོ་ག་སྤེལ་ནས་དེར་ནུས་སྟོབས་གསར་བ་དང་སྤྱི་ཚོགས་ཀྱི་གོ་གནས་གསར་བ་སྤྲད་དེ་སྤྱི་ཚོགས་ཁྲོད་ཀྱི་བྱ་བཞག་གཉེར་བར་འཇུག་དགོས"ལྟ་བུ་ཡང་མི་སྤྱི་ཚོགས་ཅན་དུ་འགྱུར་བའི་གོ་རིམ་རྟོགས་ཐུབ།

དེ་བས་བོད་རིགས་བུད་མེད་ཀྱི་སྐྲ་ཕབ་བའི་ཆོ་ག་དང་ཡང་ན་མི་རིགས་དང་རྒྱབ་ཁབ་གཞན་གྱི་དར་མའི་ཆོ་ག་གང་ཞིག་ཡིན་ཡང་མི་རིགས་དང་རྒྱབ་ཁབ་དེའི་རིག་གནས་སྣང་ཚུལ་ཞིག་ཡིན་ལ། འོན་ཀྱང་དེ་ཡང་དམངས་སྲོལ་གྱི་རིག་གནས་སྣང་ཚུལ་ཙམ་ཞིག་མ་ཡིན་པར་ང་ཚོས་དེ་ནི་མི་བྱ་བའི་གང་ཟག་འདི་ཉིད་དོན་སྙིང་དང་ལྡན་པའི་སྤྱི་ཚོགས་ཅན་གྱི་མི་རུ་བསྒྱུར་ཐུབ་པའི་རིག་གནས་གལ་བོ་ཆེ་ཞིག་ཏུ་བསམ་དགོས། གལ་ཏེ་མི་ཞིག་ལ་འཇིག་རྟེན་འདིར་འཚོ་བའི་དོན་སྙིང་འདྲ་མེད་དུས་མི་དེ་བེམ་པོ་ཞིག་དང་ཡང་ན་སྤྱིར་བཏང་གི་སྲོག་ཆགས་ཤིག་དང་འཁོར་སྤྱོད་བྱེད་བཞིན་པའི་འཕྲུལ་ཆས་ཤིག་དང་འདྲ་བ་མ་ཡིན་ནམ། དེ་ཡང་འཇར་མན་གྱི་སེམས་ཁམས་རིག་པ་བ་སིན་ཀི་ཧོ་ཧྥིས་གསུངས་བ་ནང་བཞིན''ང་ཚོ་ནི་རྒྱུ་དངོས་ཀྱི་ཚོད་འཛིན་བྱེད་པའི་སྤྱི་ཚོགས་ཤིག་ཏུ་འཚོ་བཞིན་ཡོད་དེ་ནུས་པ་དང་ལས་ཆོད། ཕན་ནུས་ནི་ཏག་ཏག་སྤྱི་ཚོགས་ལ་འཁོ་བའི་སྤུས་ཀ་ཡིན་ལ་འཇིགས་སྣང་དང་བློ་མི་བདེ་བ། ལུས་སྟོབས་ཉམས་པ་དང་ནོར་འཁྲུལ་བྱུང་བ་ནི་འཇིག་རྟེན་གྱི་འགྲོ་ལུགས་ཤིན་ཏུ་མི་བརྩིའོ''ཞེས་པ་ལྟ་བུ་ཡིན།

སྤྱི་ཚོགས་ཚོགས་སྤྱིའི་ངོས་ནས་བཤད་ན་ཁྱིམ་ཚང་གང་ཞིག་གིས་བུ་མོར་སྐྲ་སྟོན་གྱི་ཆོ་ག་སྤེལ་དུས་དེའི་ཁྱིམ་རྒྱུད་དང་སྡེ་མི་ཡོངས་རྫོགས་ཀྱིས་རང་གི་ལས་ཀར་ཕར་བཞག་སྟེ་ཁྱིམ་ཚང་དེར་འཛོམས་ནས་མཉམ་གཅིག་ཏུ་ཆོ་གའི་སྔ་གཞུག་ལ་གྲ་སྒྲིག་བྱེད་པ་དང་མཉམ་གཅིག་ཏུ་ཆོ་ག་སྤེལ་བ། བུ་མོ་ལ་རྟེན་འབྲེལ་གྱི་ཚུལ་དུ་བཀྲ་ཤིས་ཁ་གཡང་འབོད་པ་སོགས་རོགས་རམ་བྱེད། འདི་དང་འདི་ལྟ་བུའི་བྱ་སྤྱོད་ཀྱིས་མི་སོ་སོའི་ཕན་ཚུན་བར་གྱི་འབྲེལ་འདྲིས་བར་གྱི་འབྲེལ་འདྲེས་ཇེ་མང་དང་འབྲེལ་བ་ཟབ་མོ་གྱུར་ཐུབ་པ་མ་ཟད་མི་སོ་སོའི་བརྩེ་བའི་ངང་ནས་ཁ་བརྡ་དང་ལབ་གླེང་བྱས་ནས་རང་སོ་སོའི་སྤྱི་ཚོགས་ཐོབ་ཐང་ཁས་ལེན་ཐོབ་ཐུབ། དེ་ཡང་ཞེ་མེར་གྱིས''བྱ་དངོས་གང་ཞིག་ཡིན་ཡང་དེར་གནས་པའི་རིན་ཐང་ལྡན''ཞེས་གསུངས་པ་ནང་བཞིན་སྐྲ་ཕབ་པའམ་སྐྲ་སྟོན་གྱི་ཆོ་ག་འདི་མིའི་རིགས་ཀྱི་འཚོ་བའི་ཁྲོད་བྱུང་བ་དང་མི་རིགས་རིག་གནས་འཕེལ་རྒྱས་ཁྲོད་ཀྱི་ཆོ་ག་གལ་ཆེན་ཞིག་ཏུ་འགྱུར་བའི་རྒྱུ་མཚན་ནི་དེའི་ཐུན་མོང་མ་ཡིན་པ་དང་དཔྱིས་ཕྱིན་པའི་རིག་གནས་ཀྱི་ནང་སྙིང་དེ་ཡིན་ལ།ཏག་ཏག་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པ་འདི་དག་གིས་སྐྲ་སྟོན་གྱི་ཆོ་ག་འདི་ལ་རྒྱབ་སྐྱོར་གནང་སྟེ་མུ་མཐུད་དུ་ལོ་རྒྱུས་ཀྱི་གོ་རིམ་ཁྲོད་གནས་པའི་མཐུན་རྐྱེན་བསྐྲུན་པ་ཡིན་ནོ།།


མཆན་འགྲེལ།

<1>过渡礼仪(The Rites of Passage)

<2>分隔(Separation)礼仪、边缘(Transition)礼仪和聚合(Aggregation)礼仪。

<3>〖法〗阿诺尔德·范热内普 著,张举文 译,过渡礼仪,北京:商书馆,2010年,p/1。

⑷维克多.特纳 著,黄剑波 柳博斌译,仪式过程-结构与反结构,中国人民大学出版社,2006年。

⑸〖法〗阿诺尔德·范热内普 著.张举文 译,过渡礼仪,北京:商务印书馆,2010年,p/15

⑹〖法〗E.杜尔干 著,林宗锦 彭守义 译,宗教生活的初级形式,北京:中央民族大学出版社,1999年,p/354-359。

⑺〖美〗米尔恰.伊利亚德 著,晏可佳 姚蓓琴 译,神圣的存在:比较宗教的范型,桂林:广西师范大学出版社,2008年,P/416。

⑻霍尔梅斯 著,巴布亚湾土著人的成人仪式,皇家人类学院学刊,1902年,P/418-425。

⑼〖法〗阿诺尔德·范热内普 著,张举文 译,过渡礼仪,北京:商务印书馆,2010年,P/79。

⑽〖德〗洛蕾利斯·辛格霍夫 著,李永强 译,我们为什么需要礼仪-心灵的意义、力量与支撑,北京:中国人民大学出版社2009年,P/16。

<11>〖德〗西美尔 著,曹卫东等 译,现代人与宗教,北京:中国人民大学出版社,2003年,P/16。

དཔྱད་གཞིའི་ཡིག་ཆ།

1་〖英〗詹姆斯·乔治·弗雷泽 著,赵昍 译,金枝(上,下)安徽人民出版社,2012年。

2་〖美〗克利福德·格尔茨 著,杨德睿 译,地方知识:阐释人类学论文集,商务出版社,2014年。

3་陈立明 曹晓燕 著,西藏民俗文化,中国藏学出版社,2010年。

༤བསོད་ནམས་དབང་རྒྱལ། མདོ་སྨད་སྡི་ཚ་ས་ཆའི་བུ་མོའི་སྐྲ་བཤད་སྐོར་རགས་ཙམ་གླེང་བ།མང་ཚོགས་སྒྱུ་རྩལ།༢༠༡༡ལོའི་དེབ་བཞི་བ།

༥སངས་རྒྱས་སྐྱིད། བོད་ཀྱི་རྒྱན་ཆ་ལས་སྐྲ་ལུང་གི་སྐོར་རག་ཙམ་གླེང་བ།མང་ཚོགས་རྒྱུ་རྩལ།༢༠༡༡ལོའི་དེབ་བཞོ་བ།

༦ཤེས་བྱའི་བང་མཛོད། མི་རིགས་དཔེ་མཛོད་ཁང་གི་བསྒྲིགས་༡༩༨༤ལོ།

༧རྒྱང་འཁོར་ཚེ་ཕུན།བོད་ཀྱི་དམངས་ཁྲོད་རིག་གནས་སྐོར་གླེང་བ།བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་།༢༠༠༩ལོ།

༨ 张鹰:节庆礼仪,上海人民出版社,2009年。

《བོད་ཀྱི་དམངས་སྲོལ་རིག་གནས》སྟེང་བཀོད། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།