ཀྲུང་གོ་བོད་ཀྱི་དྲ་བ།

ཆབ་འགག་ཡུལ་ལ་དར་བའི་སྐྱེ་བཙའི་རིག་གནས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཆབ་འགག་རྡོ་རྗེ་ཚེ་རིང་།   སྤེལ་དུས། : 2016-09-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

954fecad2da332b1f46a41051a0d54d3.jpg

ཆབ་འགག་རྡོ་རྗེ་ཚེ་རིང་ངམ་དབྱངས་ཅན་དགའ་བའི་བློ་གྲོས། སྤྱི་ལོ་༡༩༥༨ལོར་ཕ་ཡུལ་ཆབ་འགག་གསེར་གཞོངས་སུ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་རྙེད་པའོ།། ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་དང་།མཚོ་སྔོན་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་།མཚོ་སྔོན་མི་རིགས་སློབ་ཆེན།མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་།མཚོ་ལྷོ་ཁུལ་རིག་གནས་ཅུ།མཚོ་ལྷོ་ཁུལ་རིག་གནས་སྒྱུ་རྩལ་ལྷན་ཚོགས་བཅས་སུ་བྱ་བ་ལས།

ཉིད་ཀྱིས་བྲིས་པ་དང་།གཙོ་སྒྲིག་བྱས་པ།དག་སྒྲིག་བྱས་པ།མཉམ་འབྲི་བྱས་པར་ཆབ་འགག་རྡོ་རྗེ་ཚེ་རིང་གི་ལྗགས་རྩོམ་ཕྱོགས་བསྒྲིགས<<འབོལ་རྩོམ་པད་མའི་སྐྱེད་ཚལ>> ། <<སྙན་རྩོམ་ཅོ་ཀའི་དྲུག་འགྱུར>> ། <<དཔྱད་རྩོམ་རིག་པའི་རྩེད་འཇོ>> ། སྒྲུང་རྩོམ་ག྄ེ་སར་དགོངས་རྒྱན>> ། <<སྒྲིག་རྩོམ་མུ་ཏིག་ཕྲེང་མཛེས>> ། དེབ་ལྔ་དང་། གཙོ་སྒྲིག་བྱས་པའི་མཚོ་ལྷོའི་དམངས་ཁྲོད་རྩོམ་རིག་དཔེ་ཚོགས་ལ<<ཁེད>> ། <<བཤད་པ>> ། <<རོགས་འཐེན>> ། <<མ་ཎི་ཁང་>> ། <<བསང་མཆོད>> ། <<ལབ་ཙེ>> ། <<གཏམ་དཔེ>> ། <<ངག་རྒྱུན>> ། <<མཆོད་རྟེན>> ། <<གཏམ་རྒྱུད>> ། དེབ་བཅུ། གེ་སར་སྒྲུང་གི་བྱིས་པའི་དཔེ་ཚོགས་ལ<<འཇང་ཕྲུག>> ། <<ཨ་སྟག་ལྷ་མོ>> ། <<ལྷ་གླིང་གབ་ཙེ་དགུ་སྐོར>> ། <<རྟ་རྒྱུག་རྒྱལ་འཇོག>> ། <<གེ་སར་འཁྲུངས་རབས>> ། <<ཤན་འདན་ནང་འཁྲུག>> ། དེབ་དྲུག་དང་།<<ཡ་མཚན་ཆེ་བའི་གླིང་གེ་སར་སྒྲུང་བའི་གསང་བ>> ། <<གངས་རིའི་བརྩེ་དུངས>> ། <<ཆབ་འགག་ལོ་རྒྱུས>> ། <<སྙན་རྩོམ་ངག་གི་ལྷ་མོ་དགྱེས་པའི་མཆོད་པ་མེ་ཏོག་གི་ཕྲེང་བ>> ། <<ཆབ་འགག་རྡོ་རྗེ་ཚེ་རིང་གི་དཔྱད་རྩོམ་ཕྱོགས་བསྒྲིགས>> །<<མཚོ་ལྷོའི་སྣོད་བཅུད་ཀྱི་རིག་གནས>>  །  <<མཚོ་བྱང་ཁུལ་འཇུ་ལག་རྫོང་གི་རི་ཆུའི་རིག་གནས>> །  << བྱང་བླ་མ་ཆོས་ཀྱི་རྒྱལ་པོའི་གདན་ས་ཁྭ་ཏི་ཁའི་དགོན་པའི་ལོ་རྒྱུས་ཐོར་བུ་སྐལ་བཟང་དད་པའི་མཆོད་སྤྲིན>>  །<<བོད་ཀྱི་རྩོམ་རིག་ལོ་རྒྱུས>>དང་། རྒྱ་ཡིག་གི<<བླ་མ་ཐུབ་བསྟན་ཉི་མའི་རྟོགས་བརྗོད>> །<<དག་གཙང་གི་བོད་ཡུལ་མཛེས་སྡུག་གི་མཚོ་ལྷོ>>དེབ་གཉིས་དང་། སྒྲིག་རྩོམ་ལ་གེ་སར་གྱི་སྒྲུང་<<བཀྲ་ཤིས་སྨོན་ལམ་ལྔ>> དང་། གེ་སར་སྒྲུང་དེབ་སྤུས་ལེགས<<སྒ་བདེའི་ཤེས་རབ་རྫོང་>>སྟོད་སྨད་ཆ་དེབ་གསུམ་བཅས་དེབ ༣༥ པར་དུ་བསྐྲུན་ཡོད་པ་དང།ད་དུང་འཁྲབ་གཞུང་བོད་རིགས་ཀྱི་གླུ་གར་ཆེན་མོ<<འཇང་ཕྲུག>> ། བོད་རིགས་ཀྱི་གླུ་གར་ཆེན་མོ<<རྒྱ་ཚ>> ། བོད་རིགས་ཡུལ་སྲོལ་ལོ་རྒྱུས་ཀྱི་གླུ་གར་ཆེན་མོ། <<གསེར་གྱི་ཉི་ཟླ>> ། བོད་པའི་ཡུལ་སྲོལ་ལོ་རྒྱུས་ཀྱི་གླུ་གར<<ལྷ་ཆབ་སྔོན་མོའི་མཆོད་པ>> ། གེ་སར་སྒྲུང་གི་ཡུལ་སྲོལ་ལོ་རྒྱུས་ཀྱི་གླུ་གར་ཆེན་མོ<<སྐྱ་ལོའི་སྟོན་འཇོག>> ། བོད་རིགས་ཀྱི་གླུ་གར་ཆེན་མོ<<མཚོ་སྔོན་པོའི་གཏམ་རྒྱུད>> ། གེ་སར་སྒྲུང་གི་ཡུལ་སྲོལ་ལོ་རྒྱུས་ཀྱི་གླུ་གར<<སྐྱ་ལོའི་སྐྲ་སྟོན>>བཅས་བྲིས་ཡོད་པ་འདི་དག་ཕ་ཟས་ཡུན་རིང་ཟོས་པའི་རིན་པའོོ།། ད་ལྟ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་གྱི་གྲོན་དངུལ་ལོངས་སུ་སྤྱོད་མཁན་ཆེད་མཁས་པ་དང་། རིམ་པ་དང་པོའི་རྩོམ་པ་པོའི་ཐོབ་ཐང་ཡོད།


ཆབ་འགག་ཡུལ་ལ་དར་བའི་སྐྱེ་བཙའི་རིག་གནས།

ཆབ་འགག་རྡོ་རྗེ་ཚེ་རིང་།

དེ་ཡང་ཁ་བ་ཅན་དུ་འབོད་པའི་མི་རིགས་འདི་ནི་སྐྱེ་འདས་ཀྱི་རིག་གནས་སྐོར་ལ་ཧ་ཅང་མཐོང་ཆེན་བྱེད་པའི་ཡ་རབས་ཀྱི་མི་རིགས་ཤིག་ཡིན་ཏེ། མི་སུ་དང་སུ་ཞིག་ཡིན་རུང་སྐྱེ་རྒ་ན་འཆི་སྟེ་འགྲོ་བ་མིའི་མི་ཚེ་ཧྲིལ་བོའི་སྡུག་བསྔལ་བཞི་ཞེས་བོད་ཁམས་སྤྱི་ལ་གྲགས་པ་ཇི་བཞིན་དུ།  བདག་གི་གཅེས་སུ་འོས་པའི་ཕ་ཡུལ་ཆབ་འགག་ཡུལ་དུའང་སྐྱེ་འདས་ཀྱི་རིག་གནས་སྐོར་ལ་ཧ་ཅང་གཙིགས་འཛིན་ཆེན་པོ་བྱེད་པའི་ཡ་རབས་ཀྱི་སྲོལ་བཟང་མང་པོ་ཞིག་དར་ཡོད།

eda17b1e555444294231a6c4659bce8e.jpg

གངས་ཅན་སྐྱིད་པོའི་ཡུལ་ལྗོངས་སུ་འཚོ་ཞིང་གནས་པའི་བོད་ཀྱི་མི་རིགས་འདིར་མཚོན་ན། ལོ་རྒྱུས་ཀྱི་དུས་ཡུན་ཧ་ཅང་རིང་བའི་སྤྱི་ཚོགས་འཚོ་བའི་བརྒྱུད་རིམ་ཁྲོད་དུ་རིམ་བཞིན་ཐུན་མོང་མ་ཡིན་པའི་དམངས་སྲོལ་ལམ་གོམས་སྲོལ་སྐོར་གྱི་རིག་གནས་ཕུན་སུམ་ཚོགས་པ་ཞིག་དར་ཡོད་པ་བཞིན་དུ། ཕ་ཡུལ་ཆབ་འགག་གི་ཡུལ་གྲུ་འདིར་ཡང་སྐྱེ་བཙའི་རིག་གནས་སྐོར་ལ་གཞན་དང་མི་མཐུན་པའི་གོམས་སྲོལ་ཞིག་ཕ་མེས་ཡང་མེས་རིང་ནས་དུས་ད་ལྟའི་བར་དར་བརྒྱུད་བྱུང་ཡོད་དེ། ཐོག་མར་ཆབ་འགག་ས་ཆའི་བུད་མེད་ཚོར་མངལ་སྦྲུམ་ནས་ཟླ་བ་བདུན་བརྒྱད་ཀྱི་བར་དུ་སྔར་བཞིན་རོང་འབྲོག་གི་ལས་དང་ཁྱིམ་ལས་སྣ་ཚོགས་ལས་སུ་འཇུག   བྱིས་པ་བདེ་བླག་ངང་བཙའ་ཆེད་ཁོམ་སྐབས་དང་བསྟུན་ནས་བྱ་ཁྱུང་དང་། གསེར་ཁོག  དགོན་ལུང་། ཆུ་བཟང་སྟེ་བྱང་གི་དགོན་ཆེན་བཞི་སོགས་ལ་མཇལ་སྐོར་དུ་བགྲོད་མཁན་མང་པོ་ཡོད་དེ། འདིའི་སྐོར་གྱི་གནས་ཚུལ་མི་ཤེས་མཁན་དང་དེར་ཆ་རྒྱུས་མེད་པ་ལ་ལས་བོད་རིགས་ལ་ཕོ་མཆོག་མོ་དམན་གྱི་ལྟ་སྟངས་ཤུགས་ཆེ་སྟབས་བུད་མེད་ཚོར་མངལ་སྦྲུམ་ནའང་ངལ་གསོ་བའི་རང་དབང་ཙམ་ཡང་མེད་པར་རོང་འབྲོག་གི་ངལ་རྩོལ་དང་ཁྱིམ་ལས་སྣ་ཚོགས་ལས་དགོས་ཞེས་བརྗོད་པ་ནི་དོན་དངོས་དང་མི་མཐུན་ཏེ། དོན་དངོས་ཐོག་སྔོན་ཆད་ཆབ་འགག་གི་ཡུལ་གྲུ་འདིར་མཚོན་ནའང་བོད་ཀྱི་ཡུལ་གྲུ་གཞན་རྣམས་དང་འདྲ་བར་སྐྱེལ་འདྲེན་གྱི་ལམ་མི་བདེ་ཞིང་། འཕྲོད་བསྟེན་གྱི་ཆ་རྐྱེན་བཟང་པོ་མེད་པ། ས་མཐོ་ཞིང་གྲང་ངར་ཆེ་སྟབས་བུད་མེད་ཚོར་མངལ་སྦྲུམ་རྗེས་སྔར་བཞིན་རོང་འབྲོག་གི་ངལ་རྩོལ་དང་ཁྱིམ་ལས་སྣ་ཚོགས་ལས་སུ་བཅུག་སྟེ་ལུས་པོ་འགུལ་གང་ཐུབ་མ་བྱས་ན།ཟླ་དགུ་ཞག་བཅུ་སོང་ནས་དུས་ལ་བབ་ཚེ་བདེ་བླག་ངང་ཕྲུ་གུ་སྐྱེ་མི་ཐུབ་པས། སྦྲུམ་མའི་ཕ་མ་དང་ཨ་མྱེས་ཨ་ནེ་ལ་སོགས་ཀྱིས་དུས་རྒྱུན་པར་སྦྲུམ་མར་ལས་ཀ་སྤྲད་དེ་ལུས་པོ་འགུལ་གང་ཐུབ་བྱེད་དུ་འཇུག་པ་ལས་ཕོ་མཆོག་མོ་དམན་གྱི་ལྟ་སྟངས་བཟུང་ནས་ལས་ཀ་ལས་སུ་བཅུག་པ་མ་ཡིན་ཏེ། དེང་གི་དུས་འདིར་སྦྲུམ་མ་ཚོས་རོང་འབྲོག་གི་ལས་ཀ་དང་ཁྱིམ་ལས་སྣ་ཚོགས་ལས་ནས་ལུས་པོ་འགུལ་གང་ཐུབ་མ་བྱས་ཀྱང་དུས་ལ་བབ་ཚེ་སྨན་ཁང་དུ་སོང་ནས་ཉེན་ཁ་ཅི་ཡང་མེད་པའི་སྒོ་ནས་ཕྲུ་གུ་སྐྱེ་ཆོག་པའོ།།

fa01cd054ef40ea78df1bc8d508fe0d0.jpg

ཆབ་འགག་ས་ཆའི་ཁྱིམ་ཚང་སུ་ཞིག་ཡིན་རུང་བུ་ཞིག་བཙས་ཚེ་སྒང་བསང་གཏོང་བ་དང་རླུང་རྟ་སྐྱོད་པ། དུང་འབུད་པ་ལ་སོགས་པའི་སྲོལ་ཡོད། ཕྲུ་གུ་བཙས་ཉིན་ནས་ཟླ་གཅིག་རིང་ཁྱིམ་ཚང་དེའི་རྒྱ་སྒོའི་ཕྱི་ཕྱོགས་ན་མེ་ཐོ་ཞིག་གསོས་ཏེ་དུ་བརྡ་གཏོང་། མི་གཞན་པས་མེ་ཐོའི་དུ་བ་མཐོང་མ་ཐག་ཏུ་ཁྱིམ་དེར་ཕྲུ་གུ་ཞིག་སྐྱེས་ཡོད་པ་ཤེས་པས་དོན་དག་གལ་ཆེན་འདྲ་ཡོད་ཚེ་ཁྱིམ་དེའི་མི་གང་ཡིན་ཞིག་རྒྱ་སྒོར་བོས་ནས་དོན་དག་ཅི་ཡིན་གླེང་བ་ལས་ཉིན་བདུན་མ་འགོར་བར་ཁྱིམ་དེར་མི་འགྲོ་བའི་དཔེ་ཡོད། སྤྱིར་ཡིན་ན་ཕྲུ་གུ་སྐྱེས་ནས་ཉིན་བདུན་སོང་རྗེས་རྟེན་འབྲེལ་གྱི་ཆེད་དུ་ཉི་བཟང་སྐར་བཟང་ཞིག་ལ་ཕྲུ་གུ་དེར་མིང་འདོགས་སྲོལ་ཡོད་དེ། མིང་འདོགས་སྐབས་བླ་མ་དང་སྔགས་པ་༼གཞི་དཔོན༽། ཡང་ན་ཕ་མ་དང་སྤོ་བོ་རྨོ་མོ་སོགས་ཀྱིས་གྲུབ་མཐའ་དང་སྲུང་མ་བགེགས་སེལ་དང་སྲི་གཅོད་བཅས་ལ་དམིགས་ནས་ཕྲུ་གུ་ལ་མིང་འདོགས་ཏེ། དཔེར་ན་ཁྱིམ་གཞིའི་གྲུབ་མཐའ་གསར་མ་ཡིན་ཚེ་མིང་ལ་སངས་རྒྱས་དང། སངས་རྒྱས་སྐྱིད། བསོད་ནམས། ཤེས་རབ། ཤེས་རབ་མཚོ། གཅོད་པ། འཇམ་དབྱངས། བརྩོན་འགྲུས། རྟ་མགྲིན་སོགས་འདོགས་པ་དང་། ཁྱིམ་གཞིའི་གྲུབ་མཐའ་རྙིང་མ་ཡིན་ཚེ་ཀུན་བཟང་ཚེ་རིང་། ཀུན་བཟང་སྐྱིད། པད་མ་རིན་ཆེན། པད་མ་ཚེ་བརྟན། པད་མ་མཚོ། པད་མ་སྐྱིད། ཨོ་རྒྱན་རྡོ་རྗེ། མི་འཇིགས་རྡོ་རྗེ། འཇིགས་མེད་རྡོ་རྗེ། མཚོ་སྐྱེས་རྡོ་རྗེ། རིག་འཛིན་རྡོ་རྗེ། རིག་འཛིན་སྒྲོལ་མ། གུ་རུ་སོགས་འདོགས་པ་དང་། ཁྱིམ་གཞིའི་གྲུབ་མཐའ་བོན་པོ་ཡིན་ཚེ་མིང་ལ་གཡུང་དྲུང་རྒྱལ། དབལ་གསས། གཡུང་དྲུང་འབུམ། འབུམ་པ། སྟག་ལྷ་རྒྱལ། སྟག་ལྷ་སྐྱབས། སྟག་ལྷ་ཐར། བྱམས་མ་འཚོ། བྱམས་མ་སྐྱིད། སྤྱི་འདུལ། གེ་ཁོད་སོགས་འདོགས་པ་དང་། ཁྱིམ་གཞིའི་སྲུང་མ་དཔལ་ལྡན་ལྷ་མོ་ཡིན་ཚེ་མིང་ལ་དཔལ་ལྡན་ཚེ་རིང་། ལྷ་མོ། ལྷ་མོ་སྐྱིད། དཔལ་ལྡན་དོན་གྲུབ། དཔལ་ལྡན་རྒྱལ། ལྷ་མོ་ཆོས་མཚོ། ལྷ་མོ་སྒྲོལ་མ། ལྷ་མོ་སྐྱབས་སོགས་འདོགས་པ་དང་། ཕྲུ་གུའི་བགེགས་སེལ་ནད་གདོན་སྲི་གཅོད་བཅས་ལ་དམིགས་ཏེ་མིང་ལ་བོང་ཕྲུག་སྐྱིད། བོང་ཕྲུག་ཐར། ཁྱི་མོ་ཐར། ཁྱི་ཕྲུག་ཐར། ཕག་ཕྲུག་སྐྱིད། འདང་མེད། བདུན་བཅུ། བརྒྱད་བཅུ་ལ་སོགས་འདོགས་པ་དང་། ཡང་ན་བྱ་ཁྱུང་གི་རྡོ་རྗེ་ཕག་མོ་དང་ཨ་མྱེས་ཡུལ་ལྷར་སྲི་གཏད་ཚེ་མིང་ལ་ཕག་མོ་སྒྲོལ་མ། རྡོ་རྗེ་ཕག་མོ། ཕག་མོ་རྡོ་རྗེ། རྡོ་རྗེ་ཚེ་རིང་། རྡོ་རྗེ་བཀྲ་ཤིས། རྡོ་རྗེ་སྐྱིད། ཡུལ་ལྷ་ཐར། ཡུལ་ལྷ་སྐྱིད། ཡུལ་ལྷ་ཚེ་རིང་། བུན་ཁྲང་། པ་ཧྲི་སོགས་འདོགས་པ་དང་། དེ་དག་ལས་གཞན་ད་དུང་གཟའ་སྐར་དང་ལོ་རེས་ལ་བལྟས་ཏེ་ཕྲུ་གུའི་མིང་ལ་ཉི་མ། ཟླ་བ། སྐར་མ། སྟག་ལོ། རྟ་ལོ། ཕག་ལོ་ལ་སོགས་འདོགས་སྲོལ་ཡང་ཡོད་དོ།།

4c4d4344f26d7299b5f135256dbeeebd.jpg

སྔོན་ཆད་ཡིན་ན་ཕྲུ་གུ་སྐྱེས་ནས་བདུན་གཅིག་གམ་གཉིས་སོང་རྗེས་ཁྱིམ་དེའི་ཚོ་བ་གཅིག་པ་དང་། ཤ་ཉེ་འབྲེལ། རུ་ཁ་ཁྱིམ་མཚེས་དང། བཟང་ས་རྒྱན་སའི་བུད་མེད་རྣམས་ཀྱིས་རས་གོས་ཁྲུ་གསུམ་ཙམ་དང་། ཡང་ན་རྡོ་ཀ་ར་དང་གོ་རེ་སོགས་ལག་འཁྱེར་བཟུང་ནས་ཕྲུ་གུར་ཟླ་ལྟར་འགྲོ་བའི་སྲོལ་ཡོད་ལ། དེང་སྐབས་ཀྱང་ཟླ་ལྟར་འགྲོ་བའི་ལུགས་སྲོལ་དེ་སྔར་བཞིན་འགྱུར་མེད་མོད། འོན་ཀྱང་ལག་འཁྱེར་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་དེ་རང་རང་གི་འབྱོར་བ་ལྟར་ཟླ་ལྟར་བགྲོད་ཚེ་གོས་ཀྱི་ཉལ་ཐུལ་དང་། དབྱར་དགུན་སྟོན་དཔྱིད་བཞིའི་ལྭ་བའི་རིགས། འོ་ཕྱེ། གློག་གི་རྩེད་སྤྱད་ལ་སོགས་པའི་དེང་རབས་ཅན་གྱི་དངོས་པོ་སྣ་ཚོགས་ཉོས་ནས་ཁྱེར་བ་ཇེ་མང་ནས་ཇེ་མང་རེད།

ཕྲུ་གུ་སྐྱེས་ནས་ཟླ་གཅིག་སོང་ཚེ་ཟླ་ཁ་གང་སོང་ཞེས་ཁྱིམ་དེས་ཚུར་རང་ཁྱིམ་ལ་ཟླ་ལྟར་ཡོང་མཁན་ཁྱིམ་ཚང་སོ་སོའི་བྱིས་པ་རེ་རེར་གོ་རེ་དང་། ཀ་ར་སིལ་ཏོག་སོགས་ཟས་རིགས་ཀྱི་ཟླ་སྐལ་སྟེར་བའི་སྲོལ་ཡོད་པ་དང་། ད་དུང་ཟླ་ཁ་གང་བའི་ཉིན་དེར་ཕྲུ་གུའི་དཔྲལ་བའི་དཀྱིལ་ལ་སླ་ངའི་ཞབས་ཀྱི་དྲི་མ་ནག་པོ་ཞིག་བསྐུས་རྗེས་ཨ་མས་རུམ་ལ་བཅུག་སྟེ། རྟགས་དང་རྟེན་འབྲེལ་གྱི་ཆེད་དུ་རང་གི་ཚོ་བ་དང་ཤ་ཉེ་རིང་ལས་མི་རབས་གསུམ་འཛོམས་ཅན་གྱི་ཁྱིམ་ཚང་ཡ་རབས་ཕྱུག་པོ་ཚང་ཞིག་ལ་བགྲོད་པ་དང་། ཡང་ན་ཚུར་ཟླ་ལྟར་ཡོང་མཁན་གྱི་ཁྱིམ་ཚང་རེ་རེ་ལ་ཟླ་སྐལ་གྱི་ཟས་རིགས་བསྐྱལ་བའི་སྲོལ་ཡོད།

feadff861ed1e1c0d2f3b706a966f17c.jpg

ཕྲུ་གུ་སྐྱེས་ནས་ལོ་ངོ་གཅིག་གམ་ཡང་ན་ལོ་ངོ་གསུམ་སོང་རྗེས་ནུ་སྐྲ་ལེན་པའམ་བཙས་སྐྲ་ལེན་པ་ཞེས་བཙས་སྟོན་བྱེད་པའི་སྲོལ་དར་ཡོད་དེ། ཉིན་དེར་ཁྱིམ་དེས་རང་གི་ཚོ་བའམ་ཤ་ཉེ་འབྲེལ། རུ་ཁ་ཁྱིམ་མཚེས་དང་བཟང་ས་རྒྱན་སའི་ཁྱིམ་མི་རྣམས་བཙས་སྟོན་ལ་བོས་ཏེ་ཉིན་གང་བོར་སྐྱིད་པོའི་གླུ་དང་ཞིམ་པོའི་ཟས་ལ་རོལ་པའི་ལུགས་སྲོལ་ཡོད་པའོ།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།