ཀྲུང་གོ་བོད་ཀྱི་དྲ་བ།

​འཛམ་གླིང་སྤྱི་བསང་ཆེན་མོ་རགས་བཤད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : པད་དཀར་འབངས་ཀྱིས་བྲིས།   སྤེལ་དུས། : 2016-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འདིར་འཛམ་གླིང་སྤྱི་བསང་གི་བྱུང་རིམ་དང་། འཛམ་གླིང་སྤྱི་བསང་ཆེས་ཆེར་དར་ཚུལ། བསྟན་པ་ཕྱི་དར་གྱི་སྐབས་སུ་སླར་གསོ་བྱས་ཚུལ་དང་ས་བཅད་གསུམ་གྱིས་བཤད་པར་འདོད་དོ།།

དང་བོ། འཛམ་གླིང་སྤྱི་བསང་ཆེན་མོའི་བྱུང་རིམ།

འཛམ་གླིང་སྤྱི་བསང་ནི་མཁན་སློབ་ཆོས་གསུམ་གྱི་སྐབས་ནས་དར་བ་ཞིག་ཡིན་ཏེ། བཙན་པོ་ཁྲི་སྲོང་ལྡེ་བཙན་དང་མཁན་པོ་བྷོ་དྷི་ས་ཏྭ་གཉིས་ཀྱིས་བསམ་ཡས་གཙུག་ལག་ཁང་རྩིག་པའི་སྐབས་སུ་ལྷ་འདྲེ་གདུག་པ་ཅན་གྱིས་བར་གཅོད་བྱས་ནས་ཉིན་མོ་བརྩིགས་པ་ནུབ་མོ་བཤིག་ཅིང་། སང་བལྟས་པ་ན་རི་རྡོ་རི་ལ་བསྐྱལ། ཀླུང་རྡོ་ཀླུང་ལ་བསྐྱལ་བས་བཙན་པོ་ཐུགས་སྐྱོ་ནས། ང་སྒྲིབ་པ་ཆེ་བ་ཡིན་ནམ། མཁན་པོ་བྱིན་རླབས་ཆུང་། ཅི་ལྟར་བྱ་སྨྲས་པས། མཁན་པོས་བདག་བྱིན་རླབས་ཆུང་བའང་མ་ཡིན།  མངའ་བདག་སྒྲིབ་པ་ཆེ་བའང་མ་ཡིན། དམ་པའི་ཆོས་ཀྱང་དཀོན་ལ་རྟག་ཏུ་འཚེ་བ་མིང་། བྱ་བ་ཡིན་པས། འདི་ལ་ཞི་བས་ཕན་པར་མི་འགྱུར་བས། དྲག་པོ་མངོན་སྤྱོད་ཀྱིས་འདུལ་དགོས། འདི་ལ་སྐྱེ་བ་སྔ་མར་ངེད་ཅག་གཉིས་དང་མཉམ་དུ་བྱང་ཆུབ་སེམས་དཔའ་གཅིག་ལ་སེམས་བསྐྱེད་དུས། ཚེ་ཕྱི་མ་ལ་ངས་སློབ་དཔོན་དུ་སྨོན་ལམ་བཏབ། སློབ་དཔོན་པདྨས་བར་ཆད་སྲུང་བར་སྨོན་ལམ་བཏབ། རྒྱལ་བོས་ཡོན་བདག་མཛད་པར་སྨོན་ལམ་བཏབ། དེས་ན་ཨོ་རྒྱན་གྱི་རྒྱལ་བོ་ཨིནྡྲ་བོ་དྷིའི་སྲས་མཛད་པ། སྤྲུལ་བའི་སྐུ་པདྨ་འབྱུང་གནས་བྱ་བ། རྒྱ་གར་ཡུལ་གྱི་ཚུར་མཐའ། བལ་བོའི་ཡུལ་གྱི་ཕར་མཐའ་ན། ཡང་ལེ་ཤོད་ཀྱི་བྲག་ཕུག་ན་མཆོག་གི་སྒྲུབ་པ་མཛད་ཀྱིན་བཞུགས་པ་དེ་སྤྱན་འདྲེན་དགོས་གསུངས་པ་ལྟར། རྒྱལ་བོ་དགྱེས་ནས་སྣ་ནམ་རྡོ་རྗེ་བདུད་འཇོམས། འཆིམས་ཤཱཀྱ་སྤྲ་བ། ཤུད་བུ་དཔལ་གྱི་སེང་གེ་གསུམ་སྐྱེས་མང་བོ་དང་བཅས་སློབ་དཔོན་སྤྱན་འདྲེན་དུ་བཏང་། དེ་ལྟར་སློབ་དཔོན་བོད་དུ་བྱོན་པའི་ལམ་ཁར་བསྟན་མ་བཅུ་གཉིས་དང་། ཐང་ལ་ཡབ་ཞུར། དགེ་བསྙེན་ཉེར་གཅིག ཇོ་བོ་གྱེར་རྒོད། ཡར་ལྷ་ཤམ་པོ་སོགས་དམ་ལ་བཏགས། དེའི་ཕྱི་ནས་རྒྱལ་བློན་འཁོར་བཅས་ཧས་པོ་རིར་བྱོན་ཏེ། ལྷ་སྲིན་གདུག་པ་ཅན་ཐམས་ཅད་བཀའ་བཞག་དམ་འདོག་དང་། རྣམ་དཀར་འཕྲིན་ལས་སྒྲུབ་པར་གཉེར་དུ་གཏད་ཆེད་སློབ་དཔོན་གྱིས་ཆབ་དང་གཏོར་མ་གཟིའི་ཕོར་བ་གང་ཏིང་ངེ་འཛིན་གྱིས་བསྐྱེད་ནས་བྱིན་གྱིས་བརླབས་ཤིང་། ལྷ་འདྲེ་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱག་རྒྱ་མཛད་ནས། ཧཱུཾ་ང་ནི་པདྨ་འབྱུང་གནས་ཏེ། ། མངལ་གྱི་དྲི་མས་མ་གོས་མཚོ་སྐྱེས་རྡོ་རྗེ་ཡིན། ། ལུས་ལ་གནོད་པས་མི་ཚུགས་རྒྱུ་ལུས་རྣམ་པར་དག ། ཡོ་ག་ཚེ་ཡི་རིག་འཛིན་གྲུབ་པ་བརྙེས། ། ངའི་ལུས་ངག་ཡིད་གསུམ་ལྷ་རུ་གསལ། ། འཇིག་རྟེན་ལྷ་འདྲེ་ཐམས་ཅད་ཟིལ་གྱིས་གནོན། ། འཇིག་རྟེན་ལྷ་སྲིན་དྲེགས་པས་སྡིགས་སུ་མེད། ། ནམ་མཁའ་ཡངས་པའི་དཀྱིལ་འཁོར་དུ། ། འབྱུང་བ་ཆེན་པོ་ཤོང་ཡང་ཤོང་། ། ཤོང་ཡང་ཤོང་དེ་ཡངས་ཀྱང་ཡངས། ། སེམས་ཉིད་སྟོང་བའི་དཀྱིལ་འཁོར་དུ། ། ལྷ་སྲིན་སྡེ་བརྒྱད་ཤོང་ཡང་ཤོང་། ། ཤོང་ཡང་ཤོང་ལ་ཡངས་ཀྱང་ཡངས། ། སེམས་ཉིད་སྟོང་བ་དམིགས་མེད་ལ། ། ལྷ་ཡང་མེད་དེ་འདྲེ་ཡང་མེད། ། ང་ལ་ཆོ་འཕྲུལ་ཅི་བསྟན་ཡང་། ། ང་ལ་གནོད་པ་རྡུལ་ཙམ་མེད། ། མཆོད་སྦྱིན་གཏོར་མ་རྒྱ་ཆེ་འདི། ། མང་བོར་ཏེང་ངེ་འཛིན་གྱིས་བསྐྱེད། ། སོ་སོར་ཐོབ་པ་སྔགས་ཀྱིས་བྱས། ། ཕྱག་རྒྱས་འཐབ་རྩོད་རྒྱལ་ཕམ་མེད། ། ཚིགས་བཅད་བདེན་པས་བཀྲམ་སྟེ་བསྔོ། ། འདི་བཞེས་ས་གཞི་གནང་བ་བྱིན། ། ཁྲི་སྲོང་ལྡེ་བཙན་བསམ་པ་སྒྲུབས། ། སྔགས་འཆང་ངའི་བཀའ་མ་གཅོག ། གུམ་གུམ་ཆུམ་ཆུམ་ལས་ལ་ཆུམས། ། ལྷ་ཁང་རྩིགས་ཤིག་ལྷ་འདྲེ་རྣམས། ། ལས་ལ་འདུས་ཤིག་ལྷ་འདྲེ་རྣམས། ། ཞེས་གསུངས། ༼ དུང་དཀར་ཚིག་མཛོད་ལས། བསམ་ཡས་ལེགས་བསྒྲུབས་ཟིན་པའི་གཏང་རག་ཏུ་ཧད་པོ་རིའི་རྩེར་རྒྱགས་བརྔན་ལྷ་བསང་གི་འདོན་ཆས་བརྩམས་ཏེ་བསང་མཆོད་རྒྱ་ཆེར་གནང་། ༽ གསུངས་པ་འདིར་ཉིད་ལ་དོགས་པ་ཅུང་ཞིག་བདོག་སྟེ། པདྨ་བཀའ་ཐང་དང་། ལྡེའུའི་ཆོས་འབྱུང་། ཆོས་འབྱུང་མེ་ཏོག་སྙིང་བོ་སོགས་ན། ལྷ་ཁང་ལ་རབ་གནས་མཛད་ཚུལ་སོགས་ཀྱི་སྐབས་གང་ནའང་བསམ་ཡས་གྲུབ་རྗེས་ལྷ་ཀླུ་ལ་གཏང་རག་གི་བསང་མཆོད་ཕུལ་བ་ཟུར་ཙམ་མི་སྣང་ངོ་།། ཁོ་བོས་བསམ་ན་བསམ་ཡས་གཙུག་ལག་ཁང་རྩིག་པའི་ཆེད་དུ་སྔོན་དུ་རྒྱགས་བརྔན་བརྩམས་པར་མངོན་ཏེ། ༼ པདྨ་བཀའ་ཐང་ལེའུ་རེ་གཉིས་པ་ལས། ༽ དེ་ནས་ཧས་པོ་རི་ཡི་རྩེ་མོར་བྱོན། ། སྐམ་ཆས་རློན་ཆས་རྫས་ལ་འདུ་རུ་བཙུག ། སྦོས་པ་བཞི་ལ་གཏེར་ཀ་བཞི་བྱས་ཏེ། ། འགྲམས་པ་བཞི་ལ་མེ་བཙའ་བཞི་བརྒྱབ་ནས། ། རུས་སྦལ་མགོ་ལ་རྟ་མགྲིན་བཞེངས་སུ་བཅུགས། ། ཞེས་པ་ནས། བོད་དུ་དམ་ཆོས་བསྟན་པ་ཚུགས་པ་ན། ། ལྷ་འདྲེ་སུ་མ་འགུ་ཡང་རག་མ་ལུས། ། མགྲོན་པོར་རྒྱ་གར་པཎ་ཆེན་འབོད་པ་འདི། ། མུན་པའི་དཀྱིལ་དུ་སྒྲོན་མེ་ཁྱེར་བ་འདྲ། །བོད་དུ་དམ་ཆོས་བདེ་སྐྱིད་དར་བ་ན། ། ལྷ་འདྲེ་ཡུལ་བུད་སོང་ཡང་རག་མ་ལུས། ། དེ་བས་ཡོན་བཞེས་ས་གཞི་གནང་བ་བྱིན། ། ཞེས་པ་ནས། མི་མིན་དགེ་བསྙེན་ཉི་ཤུ་རྩ་གཅིག་དང་། ། བསྟན་མ་བཅུ་གཉིས་གངས་རི་མོ་དང་ནི། ། གཡའ་རི་མོ་ལ་སོགས་པའི་ལྷ་འདྲེ་དང་། ། དྲི་ཟ་གྲུལ་བུམ་ཀླུ་དབང་གནོད་སྦྱིན་རྣམས། ། གཟའ་ཆེན་བརྒྱད་དང་རྒྱུ་སྐར་ཉི་ཤུ་བརྒྱད། ། རི་ཀླུང་ཀུན་ནས་ས་རྡོ་མང་བོ་བསྡུས། ། ས་ཕོ་སྟག་ལོ་སྟོན་ཟླ་འབྲིང་བོ་ཡི། ། ཚེས་བརྒྱད་ཕུར་བུ་དར་བ་འབྲུག་གི་ཉིན། ། སྐར་མ་ལེགས་སོར་ཉིན་པར་རྩིག་རྨང་བཙུག ། ཞེས་གསུངས་པ་འདི་དང་།  ༼ཆོས་འབྱུང་མེ་ཏོག་སྙིང་བོ་ལས། ༽དེ་ནས་ཧས་པོ་རིར་བྱོན་ཏེ་ཆབ་གཏོར་གཟིའི་ཕོར་བ་གང་ཏིང་ངེ་འཛིན་གྱིས་བསྐྱེད་ནས་བྱིན་གྱིས་བརླབས་ཏེ། སློབ་དཔོན་གྱིས་ལྷ་འདྲེ་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱག་རྒྱ་མཛད་ནས། ཞེས་དང་།  ༼ ཡང་དེ་ཉིད་ལས། ༽སྟེར་སྣ་རྒྱ་ཆེ་ཞིང་ཡངས་པའི་མཆོད་སྦྱིན་བྱེད་ཅིག་ཅེས་མཆིས་ནས་རིན་པོ་ཆེ་གསེར་དངུལ་གྱི་སྣོད་དུ་རིན་པོ་ཆེ་བརྡར་ནས། ནམ་མཁའི་མཐའ་དང་མཉམ་པའི་མཆོད་སྦྱིན་དུ་བྱིན་གྱིས་བརླབས་ཏེ་བྱིན། ཞེས་པ་ནས། སྡེ་བརྒྱད་ཐམས་ཅད་ལས་ལ་བཀོལ་ཏེ། རི་རྡོ་རི་ལས་ཕབས། ཀླུང་རྡོ་ཀླུང་དུ་བསྡུས་ཏེ་ལྷ་ཁང་གི་རྨང་བརྩིགས་པས། ཞེས་དང་།  ༼ ལྡེའུའི་ཆོས་འབྱུང་ལས་ཀྱང་། ༽ སློབ་དཔོན་གྱིས་ལྷ་སྲིན་སྡེ་བརྒྱད་ལ་ལས་མཁན་བཅོལ་བས། ཞེས་སོགས་ཆོས་འབྱུང་གཞན་ལྟར་གསུངས་འདུག་པས། བསམ་ཡས་གཙུག་ལག་ཁང་མ་གྲུབ་པའམ་ལེགས་པར་འགྲུབ་པའི་ཆེད་དུ་རྒྱགས་བརྔན་ལྷ་བསང་བརྩམས་ཏེ་ཧས་པོ་རིར་བསང་མཆོད་རྒྱ་ཆེན་བཏང་བ་ཡིན་ནམ་སྙམ་སྟེ་དཔྱད་པར་འཚལ།

གཉིས་པ། འཛམ་གླིང་སྤྱི་བསང་གི་སྲོལ་དེ་ཆེས་ཆེར་དར་ཚུལ།

དེ་ལྟར་སློབ་པདྨས་བསང་མཆོད་རྒྱ་ཆེན་གནང་བ་ཕྱིས་སུ་འབངས་རྣམས་ཀྱིས་ལོ་རེར་ལག་ལེན་དུ་བསྟར་བའི་སྲོལ་དེ་ཉིད་ལ་ཕྱིས་སུ་འཛམ་གླིང་སྤྱི་བསང་ཞེས་ལྷ་སའི་ཕྱོགས་སུ་ཁྱབ་པ་ཡིན་ཏེ། ༼ བོད་ཆེན་པོའི་རྒྱལ་རབས་ཟླ་བ་འབུམ་ཕྲག་འཆར་བའི་རྫིང་བུའམ་བློ་གསར་དགའ་བའི་རོལ་མཚོ་ལས། ༽ ཟླ  ༥  ཚེས  ༡༥  ཉིན་འཛམ་གླིང་སྤྱི་བསང་ཞེས་ལྷ་སའི་གྲོང་ནང་གི་བཙན་ཁང་ཁག་ལ་ལྷ་གསོལ་དང་། གཙང་བོའི་ཉེ་འགྲམ་གྱི་གླིང་ཁ་ཚང་མར་སྤྲོ་སྐྱིད་གཏོང་མིའི་གུར་དང་། ཇ་གཡབ། ལེམ་མདངས་ཀྱི་སྒྲིབ་སྐྱོར་སོགས་བཟོས་ཏེ་རོ་བཅུད་ལྡན་པའི་ཁ་ཟས་ལ་རོལ་ཞིང་། གླུ་གཞས་དང་། སྒྲ་སྙན་སོགས་རོལ་མོའི་བྱེ་བྲག་མི་འདྲ་བ་རྩེད་དེ་ལྷ་ཡུལ་གྱི་བདེ་སྐྱིད་མོག་པོར་བྱེད་པའི་དུས་ཤིག་རེད། ཞེས་གསུངས་པ་བཞིན་ནོ།། སྲོལ་འདི་གཙོ་བོ་ལྷ་སར་གྲགས་ཆེ་ཞིང་ལོ་རེའི་ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན། མཐོ་དམན་རྒན་གཞོན་མཐའ་དག་འུར་གྱིས་རུབ་ནས་གཙུག་ལག་ཁང་ངམ་ས་ཕྱོགས་གཙང་མར་ཐུན་མོང་གིས་བསང་གཏོང་བའི་སྲོལ་ཆེས་ཆེར་དར།  དེ་ཡང་རས་ཡུག་སྣུམ་ཟས་ཀྱི་ཚུལ་དུ་རིམ་གྱིས་ཁམས་དང་ཨ་མདོའི་ཆ་ལའང་ཁྱབ་པར་གྱུར་ཏེ་ད་ལྟ་རང་ཅག་གིས་ཀྱང་གཙིགས་སུ་འཛིན་པ་འདི་བཞིན་ནོ།། 

གསུམ་པ། བསྟན་པ་ཕྱི་དར་གྱི་སྐབས་སུ་སླར་གསོ་བྱས་ཚུལ།

རྒྱལ་བོ་འུ་དུམ་བཙན་པོས་བསྟན་པ་བསྣུབས་པ་ནས་འཛམ་གླིང་སྤྱི་བསང་གཏོང་བའི་རྒྱུན་ཆད་པར་གྱུར་ཀྱང་ཕྱིས་སུ་རྒྱལ་དབང་ལྔ་བ་ཆེན་པོའི་དུས་སུ་གནའ་བོའི་ལྷ་གསོལ་དུས་སྟོན་དེ་ལྷ་ས་གྲོང་ཁྱེར་དུ་སླར་གསོ་གནང་སྟེ་ལྷ་གསོལ་བསང་གཏོང་གི་ཞོར་དུ་གླིང་ག་གཏོང་བའི་དུས་སྟོན་ཞིག་ཀྱང་མེད་པ་ནས་ཡོད་པར་གྱུར་ཏེ་གླུ་གར་གྱི་རྩེད་འཇོ་བྱེད་ཚུལ་སྔར་བཤད་པ་ལྟར་རོ།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།