མདོ་སྨད་གཅན་ཚ་ཡ་མཁར་ཚོ་བའི་དྲུག་པའི་ཀླུ་རོལ་གྱི་གནས་ཚུལ་རགས་བཀོད།

1212.jpg

ཀྲུང་ཧྭ་ས་གཞི་ཡོངས་སུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་བཀྲ་ཤིས་རྟེན་འབྲེལ་གྱི་ཡོ་ལང་ཀུན་ནས་རྒྱས་ཤིང་།ཆུ་སྟོད་ཟླ་བའི་དཔལ་ཡོན་ཕྱོགས་བཅུར་འབར་པའི་དབྱར་ལྗོངས་འདིར། མདོ་སྨད་མདའ་རྫོང་གཡང་གི་ར་བ་གཅན་ཚ་རྨ་གཡང་ཕྱུག་མོའི་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་ཡོལ་བའང་འཕྲོ་རིམ་འཕྲོར་འབྱེད་བཞིན་ཡོད། སྐལ་བཟང་དུས་ཡག་གི་དུས་ཚིགས་ནང་། མེས་པོ་གོང་མ་རྣམས་ཀྱིས་བཞག་པའི་ཤུལ་ནོར་རམ་ཆོས་ལྡན་བོད་པའི་དད་མོས་ཀྱི་སྙིང་བོར་གྱུར་བ་རྒྱལ་བའི་བསྟན་པ་སྲུང་བའི་གྲོགས་སུ་དཀར་ཕྱོགས་སྐྱོང་བའི་ཆོ་ག་སྟེ།མདོ་སྨད་གཅན་ཚ་ཡ་མཁར་ཚོ་བའི་དྲུག་པའི་ལྷ་ཟླ་ཆེན་མོའི་དུས་མཆོད་འདི་ཡང་སྐྱེས་མཆོག་ཨེར་ལཱང་ཕོ་བྲང་བསྐྱར་བཞེངས་ཀྱི་མཇུག་གི་ལས་རིམ་དང་བསྡོངས་ནས་ལྷ་རྩེད་དུས་མཆོད་དང་འབྲེལ་བའི་རིག་རྩལ་བྱེད་སྒོ་རྣམས་བདེ་བླག་ངང་སྤེལ།

23322.jpg

སྤྱིར་དྲུག་པའི་ཀླུ་རོལ་ནི་མདོ་སྨད་རོང་ཕྱོགས་ས་ཆར་རྒྱུག་ཆེ་བའི་དམངས་སྲོལ་རིག་གནས་དུས་ཆེན་གལ་ཆེན་གྲས་ཀྱི་གཅིག་ཡིན་ལ།གཙོ་བོ་མདོ་སྨད་མཚོ་སྔོན་གྱི་རེབ་གོང་དང་ཁྲི་ཀ  གཅན་ཚ། ཞོན་ཧྭ་སོགས་ས་ཆས་དུས་ཆེན་འདིར་མཐོང་ཆེན་བྱེད་པ་ཞིག་ཡིན་ཞིང་།ས་ཆ་འདི་དག་གི་ཀླུ་རོལ་ནང་དོན་ལ་གཙོ་བོ་སྲོལ་རྒྱུན་ལྷ་རྩེད་དམ་ལྷ་འབེབས་ཆོ་ག་གཏོང་བའི་ཞོར་དུ་གླུ་གར་རིག་གནས་དང་ཚོང་ཟོང་གི་མཆོད་པ་བཤམས་པ་ཞིག་ཡིན།ཡུལ་གྲུ་སོ་སོས་དྲུག་པའི་ཀླུ་རོལ་གྱི་དམངས་སྲོལ་དུས་ཆེན་རོལ་བའི་ཐུན་མོང་གི་དུས་ཚིགས་ནི་ལོ་རེའི་ཧོར་ཟླ་དྲུག་པའི་ཟླ་དཀྱིལ་ནས་མགོ་རྩོམ་པ་ཞིག་ཡིན་ལ། མང་ཆེ་བ་ཧོར་ཟླ་དྲུག་པའི་ཚེས་བཅོ་བརྒྱད་ཉིན་ནས་ཚེས་ཉེར་ལྔ་ཉིན་སྟེ་དུས་ཡུན་ཉིན་བདུན་ལྷག་རིང་ལ་ལྷ་ཀླུ་གཉན་གསུམ་ལ་ཆོ་ག་རྒྱ་ཆེན་གཏོང་བ་ཞིག་ཡིན་ལ།གཅན་ཚ་རྐ་ཕུག་ས་ཆའི་ཡ་མཁར་ཚོ་བའི་དྲུག་པའི་ཀླུ་རོལ་ལམ་དྲུག་པའི་ལྷ་རྩེད་དུས་ཆེན་ནི་ཧོར་ཟླ་དྲུག་པའི་ཚེས21ཉིན་ནས་མགོ་རྩོམ་པ་ཞིག་ཡིན།

==---.jpg

འདིར་བརྗོད་པའི་དེང་གི་གཅན་ཚའི་ཡ་མཁར་ཚོ་བ་ནི་ད་ལྟ་སྡེ་བ་མང་པོ་ནས་ཚོ་བ་འདིའི་མིང་སྲུང་འཛིན་བྱས་ཡོད་པའི་དུད་ཁྱིམ་སྐོར་ཞིག་ཚོ་བར་གྲུབ་ཡོད་པ་དེའི་མིང་ཡིན་ལ།ཡ་མཁར་ཚོ་བ་ནི་དེང་གི་གཅན་ཚ་རྫོང་ཁམས་ར་གྲོང་རྡལ་མངའ་ཁུལ་གྱི་རྐ་ཕུག་གྲོང་སྨད་སྡེ་བའི་ཡ་མཁར་ཚོ་བའི་དུད་ཁྱིམ་དང་།མོ་བཟི་སྡེ་བའི་ཡ་མཁར་ཚོ་བའི་དུད་ཁྱིམ།རུ་མཚེར་སྡེ་བའི་ཡ་མཁར་ཚོ་བའི་དུད་ཁྱིམ།སྔོ་རྒྱ་སྡེ་བའི་ཡ་མཁར་ཚོ་བའི་དུད་ཁྱིམ།བྲག་ཁང་སྣ་ཁ་སྡེ་བའི་ཡ་མཁར་ཚོ་བའི་དུད་ཁྱིམ་བཅས་ཀྱི་སྤྱི་མིང་ཡིན་ཞིང་།འདི་ནི་མེས་པོ་གོང་མའི་རིང་ལ་ཡུལ་སྡེ་ལུང་པ་འདི་ཆགས་དུས་སྡེ་བའི་མིང་ཚོ་བར་བཏགས་པ་ཡིན་པ་སྟེ།དེང་གི་ཁམས་ར་གྲོང་རྡལ་ཆགས་སའི་ཁ་ཆེའི་སྡེ་བ་ལིས་ཀྱྰ(李家村)ཞེས་པའི་སྡེ་བའི་མིང་འདི་ཡིན་ལ་བོད་སྐད་དུ་ཡ་མཁར་སྡེ་བ་ཟེར་ཞིང་། ཡ་མཁར་ཞེས་མཁར་གོང་མ་(上李家)དང་མཁར་ཞོལ་མ(下李家)གཉིས་ཡོད་པ་འདིའི་སྤྱི་མིང་ཡིན།དེ་ཡང་ཚོ་བའི་ཤེས་རྒྱུད་ལྡན་པའི་རྒན་རབས་པ་ཚོས་བརྗོད་པ་ལྟར་ན།སྤྱི་ཚོགས་རྙིང་པའི་དུས་སུ་ཡ་མཁར་སྡེ་བ་ནི་དེང་གི་ཁམས་ར་གྲོང་རྡལ་སྲིད་འཛིན་མངའ་ཁུལ་དུ་ས་འཛིན་གྱི་སྔ་བའི་གྲས་ཀྱི་སྡེ་བ་ཞིག་ཡིན་པར་བརྗོད་ཅིང་།ཡ་མཁར་ཞེས་པའི་སྡེ་བ་འདི་ཡུལ་ལུང་འདིའི་པང་དུ་གཞིས་ཆགས་པ་ནས་བཟུང་སྡེ་འདིའི་འབངས་མི་རྣམས་ཀྱི་དད་མོས་དང་མཆོད་བཀུར་བྱེད་སའི་རྟེན་གཙོ་བོ་ནི་ཨ་མྱེས་ཨེར་ལྰང་ཡིན་པར་བརྗོད་ལ།ཡ་མཁར་ཨེར་ལྰང་ལྷ་ཁང་ནི་མདོ་སྨད་གཅན་ཚ་ཡུལ་ནས་དགོན་སྡེ་དང་ལྷ་ཁང་དག་གི་ཁྲོད་བཏབ་སྔ་བའི་གྲས་ཡིན་པར་གྲགས་ཤིང་།དུས་དེ་ནས་བཟུང་ཡ་མཁར་ཨ་མྱེས་ཨེར་ལྰང་གི་བོད་ལུགས་དད་མོས་བྱུང་ཡོད་པ་དང་། ཨ་མྱེས་ཨེར་ལྰང་གི་བོད་ལུགས་དད་མོས་ནི་གཅན་ཚ་དང་ཁྲི་ཀ  རེབ་གོང་སོགས་སུ་དར་སྔ་བར་བརྗོད།སྐབས་དེར་དེང་གི་སྲིད་འཛིན་ས་ཆ་ཁམས་ར་གྲོང་རྡལ་གྱི་མངའ་ཁོངས་འདི་ན་རྒྱལ་བོ་ཚོ་བཞི་གཤོག་ཀ་དང་ཁམས་ར་གཤོག་ཀ  དོ་རྒྱ་གཤོག་ཀ བྲག་ཁང་སྣ་ཁ་གཤོག་ཀ་བཅས་གཤོག་ཀ་ཆེན་པོ་བཞི་ཡོད་པར་ཡ་མཁར་སྡེ་བ་ནི་རྒྱལ་བོ་ཚོ་བཞིའི་གཤོག་ཀ་ནང་གི་ཚོ་བ་གཅིག་ཡིན་པ་ལ།རྒྱལ་བོ་ཚོ་བཞི་ནི་ཡ་མཁར་ཚོ་བ་དང་རྐ་ཕུག་ཚོ་བ།སྔོ་སེར་ཚོ་བ།བྱ་ཚང་ཚོ་བ་བཅས་ལ་བརྗོད།རྗེས་སུ་སྐབས་དེའི་སྲིད་དབང་ལམ་ལུགས་འཕོ་འགྱུར་དང་འཁྲུག་རྩོད་སོགས་ཕྱི་དགྲ་མང་པོ་དང་ལྷག་པར་མྰ་པུའུ་ཧྥང་གིས་དབང་སྒྱུར་བཙན་བཟུང་བྱས་པར་བརྟེན།ཡ་མཁར་སྡེ་བ་ནི་སྡེ་གཞན་དང་ས་གཞན་དུ་གནས་སྤོ་མི་བྱེད་ཀ་མེད་དུ་གྱུར།བཅིངས་འགྲོལ་རྗེས་སུ།སྤྱི་ཚོགས་འཕེལ་རྒྱས་སོང་བ་དང་བསྟུན་ནས་གོང་རིམ་གྱི་གཟིགས་སྐྱོང་སྲིད་ཇུས་དང་རྐ་ཕུག་བླ་དཔོན་རྣམས་ཀྱིས་ཐུགས་བརྩེའི་འོག   ཡ་མཁར་སྡེ་བ་དེང་གི་རྐ་ཕུག་ཚོ་གསུམ་གྱི་སྡེ་བ་ཕལ་མོ་ཆེ་དང་བྲག་ཁང་སྣ་ཁའི་སྡེ་བ་ནང་དུ་འཚོ་སྡོད་བྱས་ཡོད་ལ།རྐ་ཕུག་ཚོ་གསུམ་ནི་རྐ་ཕུག་ཚོ་བ་དང་སྔོ་སེར་ཚོ་བ། བྱ་ཚང་ཚོ་བ་བཅས་ལ་ཟེར་ཞིང་། སྔོན་གྱི་རྒྱལ་བོ་ཚོ་བཞིའི་ནང་གསེས་ཡ་མཁར་སྡེ་བ་ནི་ད་ལྟའི་རྐ་ཕུག་ཚོ་གསུམ་གྱི་སྡེ་བ་སོ་སོ་དང་བྲག་ཁང་སྣ་ཁའི་སྡེ་བ་ནང་དུ་ཡོད་པའི་ཡ་མཁར་ཚོ་བ་ཞེས་པའི་དུད་ཁྱིམ་དེ་དག་ལ་ཟེར་བ་ཡིན། 

WechatIMG6519999.jpg

 དྲུག་པའི་ཀླུ་རོལ་གྱི་སྙིང་བོ་ནི་ལྷ་རྩེད་དང་ཀླུ་རྩེད།དམག་རྩེད་བཅས་ཀྱི་ཆོ་ག་སྤེལ་བ་གཙོར་བཟུང་ནས་ལྷ་དགའ་མྱི་དགའ་བྱེད་རྒྱུ་དེ་ཡིན། མཚོ་སྔོན་གྱི་ས་ཆ་སོ་སོའི་དྲུག་པའི་ཀླུ་རོལ་ལའང་རང་ས་གནས་ཀྱི་དམངས་སྲོལ་ལྟར་དུས་ཆེན་གྱི་ཆོ་ག་བྱེད་སྟངས་མི་འདྲ་བ་ཡོད་ལ།འདིར་ཐུན་མོང་དུ་ཡོད་པ་ཞིག་ནི་ས་ཆ་སོ་སོས་དུས་ཆེན་ལ་རོལ་བའི་དུས་ཚིགས་ནི་ཧོར་ཟླ་དྲུག་པའི་ཟླ་དཀྱིལ་ནས་ཟླ་མཇུག་གི་བར་ཡིན་པ་དེ་རེད།མདོ་སྨད་གཅན་ཚའི་ཡ་མཁར་ཚོ་བའི་དྲུག་པའི་ཀླུ་རོལ་ལ་མཚོན་ནའང་དྲུག་པའི་ལྷ་སྐར་ཆེན་མོའི་དུས་ཚིགས་གཙོར་བཟུང་ནས་རྒྱལ་བསྟན་གྲོགས་སུ་སྲུང་བའི་ཆོས་ལུགས་ཀྱི་རིམ་གྲོ་སྟེ།ལྷ་རྩེད་དམ་ལྷ་འབེབས་པ་དང་ལྷ་སྒམ་འགྱོགས་བྱམས་འཁུར་བ་གཙོ་བོར་བྱེད་པའི་ཆོ་ག་ཞིག་ཡིན་པ་དང་།ལྷ་རྩེད་ཆོ་གའི་ཞོར་དུ་མང་ཚོགས་རྣམས་ཀྱིས་ཁམས་གསེང་གཏོང་ཞིང་དམངས་ཁྲོད་གླུ་གར་ལ་རོལ་ནས་གང་དགའ་གང་སྐྱིད་བྱེད་པ་དང་ཚོང་ཟོང་བརྗེ་རེས་བྱེད་པ།གཉེན་ཉེ་ལྷན་འཛོམས་བྱེད་པ་དང་མང་ཚོགས་ཕན་ཚུན་བར་བསམ་བློ་བརྗེ་རེས་བྱེད་པའི་དུས་ཚིགས་སྤྲོ་བག་ལྡན་པ་ཞིག་ཡིན།

WechatIMG777.jpg

དེང་སྐབས་མདོ་སྨད་རོང་གི་དྲུག་པའི་ལྷ་རྩེད་དམ་དྲུག་པའི་ཀླུ་རོལ་གྱི་སྲོལ་རྒྱུན་བཟང་ཤན་འོག གྲོང་ཁྱེར་གྱི་བོད་མི་དང་འབྲོག་ཁུལ་དུའང་རིག་གནས་ཡུལ་སྐོར་དུས་ཆེན་ནམ་དྲུག་པའི་གླུ་རོལ་དུས་ཆེན་ཞེས་མདོ་སྨད་རོང་གི་དྲུག་པའི་ལྷ་རྩེད་དུས་ཆེན་གྱི་སྔ་གཞུག་ཏུ་ས་ཆ་སོ་སོ་རུ་དྲུག་པའི་གླུ་རོལ་གྱི་རིག་རྩལ་བྱེད་སྒོ་ཞིག་དར་བཞིན་ཡོད་ལ།གྲོང་ཁྱེར་དང་འབྲོག་ཁུལ་དུ་སྤེལ་བའི་དྲུག་པའི་ཀླུ་རོལ་གྱི་ནང་དོན་ནི་གླུ་ལེན་གར་རྩེད་དང་རྟ་རྒྱུག་ཚོང་ཟོང་གི་བརྗེ་རེས་ཁྲོད་ཀྱི་དྲུག་པའི་གླུ་རོལ་ཡིན་པ་ལས།ལྷ་ཀླུ་གཉན་གསུམ་ལ་མཆོད་པ་གཏོང་བ་གཙོ་བོར་བྱེད་པའི་དམངས་སྲོལ་ཆོས་ལུགས་ཆོ་གའི་དྲུག་པའི་ཀླུ་རོལ་ནི་མ་ཡིན།དྲུག་པའི་ཀླུ་རོལ་ཞེས་པ་ནི་བོད་བཙན་པོའི་རྒྱལ་རབས་ཀྱི་ཡར་སྔོན་ནས་བཟུང་ལུགས་སྲོལ་ཡོད་པར་བརྗོད་ཅིང་།གཙོ་བོ་ལྷ་ཀླུ་གཉན་གསུམ་ལ་མཆོད་པ་གཏོང་བ་དང་དམར་མཆོད་བྱེད་པའི་བོད་ཀྱི་དམངས་སྲོལ་བྱེད་སྒོ་ཞིག་ཡིན་པས། དྲུག་པའི་ཀླུ་རོལ་གྱི་ཀླུ་ནི་སྡེ་བརྒྱད་ནང་ཚན་ཆུ་ལ་གནས་པའི་ཀླུ་རིགས་ཀྱི་ཀླུ་ཡིན་པ་ལས་གླུ་གར་གྱི་གླུ་ནི་མ་ཡིན་པར་འདོད།གཅན་ཚ་ཡ་མཁར་ཚོ་བའི་དྲུག་པའི་ཀླུ་རོལ་ཡང་ལུགས་སྲོལ་བྱེད་སྟངས་དེ་དག་གི་རྨང་གཞི་སྟུག་པོ་ཡོད་ལ་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་ཞིང་།སྲོལ་རྒྱུན་ལྷ་རྩེད་དུས་ཆེན་འདིར་ལོ་ངོ་ཆིག་སྟོང་ཡས་མས་ཀྱི་ལོ་རྒྱུས་དུས་ཡུན་ཡོད་པ་མེས་པོ་གོང་མ་རྣམས་ཀྱི་ངག་རྒྱུན་དང་གདུང་རབས་ཟིན་ཐོ་སོགས་ལས་རྟོགས།ཡིན་ཡང་དུས་རབས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་ནས་སྲོལ་རྒྱུན་རིག་གནས་མི་ཉུང་བ་ཞིག་དེར་བསྟུན་གྱིས་ཉམས་དམས་སུ་འགྲོ་བཞིན་ཡོད་པ་ནི་ཆོས་ཉིད་ལྟ་བུར་གྱུར་བའི་དབང་གིས།ཡ་མཁར་ཚོ་བའི་དྲུག་པའི་ཀླུ་རོལ་ཡང་ཉེ་བའི་ལོ་ངོ་བཅུ་ཕྲག་ཅིག་གི་སྔོན་རོལ་དུ་རིམ་བཞིན་སྲོལ་ལུགས་རྣམས་ཉམས་པར་གྱུར་ཞིང་།དུས་ཆེན་སྐབས་སུ་མང་ཚོགས་མི་འདུ་ལ་ཚོང་ཟོང་མེད་པ་དང་།ཉིན་རེའི་ལྷ་རྩེད་དང་ལྷ་འབེབས་པའི་སྲོལ་ལུགས་ཆོ་ག་རྣམས་སྟབས་བདེར་བསྒྱུར་བ་སོགས་བྱས་ཏེ།དྲུག་པའི་ཀླུ་རོལ་ནི་ལྷ་བསང་ཁོ་ན་གཏོང་བའི་དུས་ཚིགས་ཤིག་ཏུ་གྱུར་ཡོད་པ་རེད།

WechatIMG666.jpg

     ཉེ་བའི་ལོ་འགའི་ཚུན་ལ། རྒྱལ་ཁབ་ཀྱིས་དྲུག་པའི་ཀླུ་རོལ་ལམ་དྲུག་པའི་ལྷ་རྩེད་ནི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཀྱི་གྲས་སུ་བཞག་པ་ནས་བཟུང་།ས་གནས་རིམ་པ་སོ་སོའི་སྲིད་གཞུང་གིས་ཐུགས་ཁུར་དང་རྒྱབ་སྐྱོར།ས་གནས་མང་ཚོགས་དང་ཚོ་སྡེའི་འགན་ཁུར་མི་སྣ་དག་གིས་འབད་བརྩོན་འོག  ཡ་མཁར་ཚོ་བའི་དྲུག་པའི་ཀླུ་རོལ་གྱི་རྣམ་པའང་རིམ་གྱིས་སླར་གསོ་བྱས་ཤིང་། སྤྱི་ལོ2015ལོ་ནས་བཟུང་སྟེ་དྲུག་པའི་ཀླུ་རོལ་གྱི་སྲོལ་རྒྱུན་ཆོས་ལུགས་ཆོ་གའི་རིམ་གྲོ་ཡང་བསྐྱར་ཇེ་ལེགས་ཇེ་རྒྱས་སུ་བཏང་བའི་ཁར།མང་ཚོགས་ཀྱི་རིག་གནས་འཚོ་བའི་དགོས་མཁོ་བསྐང་ཆེད།སྲོལ་རྒྱུན་གྱི་རིག་རྩེད་ལེ་ཚན་གང་མང་རྩ་འཛུགས་བྱས་པ་སྟེ།གཞི་རྒྱ་ཆེ་བའི་མདའ་རྩེད་འགྲན་སྡུར་དང་གླུ་གར་གྱི་བྱ་འགུལ་སྣ་ཚོགས་རྩ་འཛུགས་བྱས་པ་ལ་བརྟེན་ནས་ཡ་མཁར་ཚོ་བའི་དྲུག་པའི་ཀླུ་རོལ་ལ་སླར་ཡང་དུས་ཆེན་གྱི་གསོན་ཤུགས་རྒྱས་ཤིང་།ལྷ་ཁང་འཛུགས་སྐྲུན་གྱི་གཞི་ཁྱོན་རྒྱ་བསྐྱེད་དེ། རྟེན་གཞལ་ཡས་ཁང་ལ་སྐྱེས་མཆོག་ཨ་མྱེས་ཨེར་ལྰང༼རི་གླང་ཡང་ཟེར༽ཕོ་བྲང་གསར་བཞེངས་བྱས་ཡོད་པ་དང་།བརྟེན་པ་ལ་གཙོ་སྐུ་སྐྱེས་མཆོག་ཨེར་ལྰང་རྒྱལ་བོ་དང་།གཡས་སུ་སྐྱེས་མཆོག་ཡུལ་ལྷའི་སྐུ་བརྙན།གཡོན་དུ་ངོ་མཚར་མཐུ་ནུས་བྱིན་རླབས་ཅན་གྱི་ལྷ་སྒམ་འགྱོགས་བྱམས་གཙོས་སྤྱི་ཚོགས་གསར་རྙིང་གཉིས་ཀྱི་ཨེར་ལྰང་རྒྱལ་བོའི་སྐུ་བརྙན་དང་འཛམ་གླིང་རྒྱལ་བོའི་ཞལ་ཐང་། ལྷ་ཆེན་ཚངས་པ་དང་ཤན་པ་ར་མགོ ཤན་པ་ཙི་ཐུང་སོགས་ཀྱི་ཞལ་ཐང་བཞུགས་ཡོད་པ་རེད།
    ད་ལོ་སྟེ།སྤྱི་ལོ2021ལོའི་གཅན་ཚ་ཡ་མཁར་ཚོ་བའི་དྲུག་པའི་ཀླུ་རོལ་ལ་ཆེད་དུ་གླེང་རིན་ཡོད་པ་ཞིག་ནི་གཅན་ཚ་རྫོང་ཁམས་ར་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་ཐུགས་ཁུར་དང་རྒྱབ་སྐྱོར་ཆེན་པོའི་འོག་དང་།དབུ་ཁྲིད་དག་གིས་ཡུལ་དངོས་མཛུབ་སྟོན་འོག  དུས་ཆེན་ལ་གཞི་རྒྱ་ཆེ་བའི་མདའ་རྩེད་འགྲན་སྡུར་དང་གླུ་གར་བྱེད་སྒོ་སྣ་ཚོགས་སྤེལ་ཐུབ་པ་བྱུང་བར།དྲུག་པའི་ཀླུ་རོལ་འཚོགས་སའི་རྐ་ཕུག་གྲམ་གཞོང་གཡུ་ཡི་དགའ་ཚལ་དུ་མི་ཚོགས་ཀྱི་འདུ་ལོང་དགོད་ཅིང་ཟོང་གི་ཡོ་ལང་རྒྱས་ཏེ་ཡ་མཁར་དྲུག་པའི་ཀླུ་རོལ་ལ་དུས་ཆེན་གྱི་གསོན་ཤུགས་གཞན་ཞིག་མངོན་ཡོད།

རྒྱུས་ལོན་པ་ལྟར་ན།ད་ལོའི་གཅན་ཚ་ཡ་མཁར་ཚོ་བའི་དྲུག་པའི་ཀླུ་རོལ་ནི་ལོ་སྔོན་མ་དག་ལས་ཇེ་ལེགས་ཇེ་རྒྱས་སུ་སོང་ཡོད་ལ། སྲོལ་རྒྱུན་ལྷ་འབེབས་རིམ་གྲོ་ཆ་ཚང་ཡོད་པའི་ཁར།ཆེད་དུ་མང་ཚོགས་དགའ་བའི་སྲོལ་རྒྱུན་སྟེ་རང་རེའི་རུས་རྐང་དུ་ཟུག་པའི་རི་གླུ་དང་ཞབས་བྲོ།མདའ་རྩེད་འགྲན་སྡུར་སོགས་རྩ་འཛུགས་བྱས་ནས་དུས་ཆེན་ལ་བྲོ་བ་གཞན་ཞིག་བསྣན་ཞིང་།མང་ཚོགས་ཀྱི་མིག་གི་དཔལ་དང་རྣ་བའི་བཅུད་དུ་གསོལ་སྟོན་གྱ་ནོམ་པ་བཤམས།ད་ལོའི་གཅན་ཚ་ཡ་མཁར་ཚོ་བའི་དྲུག་པའི་ཀླུ་རོལ་སྟེང་གི་མདའ་རྩེད་འགྲན་སྡུར་ནི་མིག་སྔའི་བར་དུ་འགྲན་སྡུར་དུ་ཞུགས་པ་ཆེས་མང་པའི་ལོ་ཞིག་ཡིན་ལ།གཅན་ཚ་རྫོང་སྤྱི་བདེ་ཅུའུ་མདའ་འཕེན་རུ་ཁག་དང་།གཅན་ཚ་རྫོང་རྒན་པ་རུ་ཁག ཁམས་ར་གྲོང་རྡལ་ཨ་ཆུང་མདའ་འཕེན་རུ་ཁག དཔའ་ལུང་རྫོང་ཀླེ་དུང་མདའ་འཕེན་རུ་ཁག་དང་དཔའ་ལུང་རྫོང་ཁོ་ཚེ་གོང་བ།དཔའ་ལུང་རྫོང་ཚེས་རིག་བོན་རྒྱ་མདའ་འཕེན་རུ་ཁག གུང་ཧོ་རྫོང་ཐང་དཀར་མ་དུང་དཀར་མདའ་འཕེན་རུ་ཁག་དང་།རྩེ་ཁོག་རྫོང་མདའ་འཕེན་རུ་ཁག་སོགས་རྫོང་ཁག་མི་འདྲ་བ་བཞི་ཡི་མདའ་འཕེན་རུ་ཁག་ཉེར་གསུམ་གྱི་མདའ་བ་345ལྷག་དྲུག་པའི་ཀླུ་རོལ་སྟེང་ལྷན་འཛོམས་བྱུང་ནས་དུས་ཆེན་གྱི་བྱེད་སྒོ་ལ་ཞུགས། 

མདའ་འཕེན་རུ་ཁག་རྣམས་ཀྱིས་དུས་ཡུན་ཉིན་ལྔ་རིང་གི་ཛ་དྲག་གི་འགྲན་སྡུར་བརྒྱུད།མཐར་གཅན་ཚ་རྫོང་རྒན་པ་མདའ་འཕེན་རུ་ཁག་གིས་བྱ་དགའ་ཨང་པོ་བླངས་ཤིང་།གཅན་ཚ་རྫོང་མགུར་འོག་མ་མདའ་འཕེན་རུ་ཁག་གིས་བྱ་དགའ་ཨང་གཉིས་པ་བླངས་པ་དང་།དཔའ་ལུང་རྫོང་ལྡོང་གཞུག་མདའ་འཕེན་རུ་ཁག་གིས་བྱ་དགའ་ཨང་གསུམ་པ་བླངས་ལ།དཔའ་ལུང་རྫོང་ཚེས་རིག་བོན་རྒྱ་མདའ་འཕེན་རུ་ཁག་གིས་བྱ་དགའ་ཨང་བཞི་བ་བླངས་པ་དང་།གཅན་ཚ་རྫོང་ཁོལ་ས་ཐང་མདའ་འཕེན་རུ་ཁག་གིས་བྱ་དགའ་ཨང་ལྔ་པ་བླངས་པ་རེད།ད་ལོའི་གཅན་ཚ་ཡ་མཁར་ཚོ་བའི་དྲུག་པའི་ཀླུ་རོལ་གྱི་མདའ་རྩེད་འགྲན་སྡུར་ལ་བྱ་དགའ་རིགས་ལྔ་བཀོད་སྒྲིག་བྱས་ཡོད་དེ། ཨང་དང་པོ་གཅིག་ལ་བྱ་དགའི་དངུལ་སྒོར་5000་དང་དཔང་ཡིག  ཨང་གཉིས་པ་གཅིག་ལ་བྱ་དགའི་དངུལ་སྒོར་སྟོང་4000་དང་དཔང་ཡིག  ཨང་གསུམ་པ་གཅིག་ལ་བྱ་དགའི་དངུལ་སྒོར3000དང་དཔང་ཡིག  ཨང་བཞི་བ་གཅིག་ལ་བྱ་དགའི་དངུལ་སྒོར2000དང་དཔང་ཡིག  ཨང་ལྔ་པ་གཅིག་ལ་བྱ་དགའི་དངུལ་སྒོར་1000་དང་དཔང་ཡིག་བཅས་ཡིན།

དུས་ཡུན་ཉིན་ལྔ་རིང་གི་ལྷ་རྩེད་ཆོ་ག་དང་རིག་རྩལ་བྱེད་སྒོ་རྣམས་འཕྲོ་རིམ་འཕྲོར་སྤེལ་ཞིང་། དུས་ཆེན་གྱི་མཇུག་མཐའི་ཉིན་ལ། གཅན་ཚ་ཡ་མཁར་ཚོ་བའི་དྲུག་པའི་ཀླུ་རོལ་ནི་ལྷ་འབེབས་ཀླུ་རྟ་བསྙལ་བའི་ཆོ་ག་ལས་འགྲོ་དྲུག་མཉམ་གནས་ཡོང་ཞིང་འཛམ་གླིང་ཞི་བདེ་ཡོང་བའི་བཀྲ་ཤིས་སྨོན་ལམ་གྱི་ཁ་གཡང་ཁྲོད་ནས་གླུ་གར་གྱི་ལེགས་སྐྱེས་འཁྱེར་ཡོང་མཁན་རྣམས་ལ་བཀའ་དྲིན་གཏང་རག་ཕུལ་བ་དང་།མདའ་རྩེད་འགྲན་སྡུར་ལས་རྒྱལ་ཁ་ཐོབ་མཁན་རྣམས་ལ་བྱ་དགའི་གཟིགས་བཟོས་གནང་ནས་དུས་ཆེན་ལ་བཀྲ་ཤིས་བཞག་ཅིང་།མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བྱེད་པ་དང་།མི་རིགས་རིག་གནས་ལ་སྲུང་སྐྱོབ་བྱས་ཏེ། དམངས་སྲོལ་རིག་གནས་རྒྱུན་འཛིན་དར་སྤེལ་ལ་འབོད་སྐུལ་བྱས།

ཡུལ་འདིའི་མེས་པོ་གོང་མ་རྣམས་ཀྱིས་ཤུལ་དུ་བཞག་པའི་དམངས་སྲོལ་དྲུག་པའི་ལྷ་རྩེད་ཀྱི་ཆོ་ག་འདི་ལ།ད་ལྟ་ཁྱིམ་གྲངས་གྱ་ལྔ་ལྷག་ལ་སོན་པའི་མདོ་སྨད་གཅན་ཚ་ཡ་མཁར་ཚོ་བའི་ཕུ་ནུ་མིང་སྲིང་དང་བུ་རབས་ཚ་རྒྱུད་རྣམས་ཀྱིས་ལོ་རེའི་དྲུག་པའི་ལྷ་རྩེད་ཀྱི་དམངས་སྲོལ་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་ཧུར་བརྩོན་བྱས་ཏེ།ཤེས་རིག་གི་ཚོ་སྡེ་དར་རྒྱས་དང་དཔལ་ཡོན་གྱི་འབངས་མི་ཡག་པོ་བྱེད་པར་འབད་བཞིན་ཡོད་པ་སྟེ། ལོ་རེའི་དྲུག་པའི་ཀླུ་རོལ་མཇུག་སྒྲིལ་རྗེས་ཀྱི་ཉིན་གཉིས་པར་རང་རེའི་ཡ་མཁར་ཚོ་བའི་རྒན་དར་གཞོན་གསུམ་རྣམས་ཀྱིས་མཐུན་སྒྲིལ་གྱི་དཔུང་པ་མཉམ་གཤིབ་ངང་ཀླུ་རོལ་འཚོགས་སའི་རྐ་ཕུག་གྲམ་གཞོང་གི་ཁོ་ར་ཁོར་ཡུག་ཀུན་གྱི་གད་སྙིགས་རྣམས་གཙང་ཕྱགས་བྱེད་པ་ཡིན་ལ།ད་ལོར་གད་སྙིགས་གཙང་ཕྱགས་བྱེད་མཁན་སྔར་ལས་ཇེ་མང་ཡིན་པར་གཞིག་ན།ཡུལ་འདིའི་འབངས་མི་རྣམས་ཀྱི་ནང་བསམ་པའི་གོ་རྟོགས་ཇེ་མཐོ་དང་ཕྱིིའི་སྐྱེ་ཁམས་ཁོར་སྲུང་གི་འདུ་ཤེས་ཇེ་དྲག་ཏུ་སོང་ནས།མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་འབད་པར་གོམས་པའི་བོད་རང་གི་གཤིས་རྒྱུད་བཟང་པོ་ཞིག་གསལ་ལེར་མཐོང་བྱུང་། 

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།