ཀྲུང་གོ་བོད་ཀྱི་དྲ་བ།

བོད་ཀྱི་གཏམ་དཔེ་གདམས་བཀོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2020-03-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཏམ་དཔེ་ནི་སྒྱུ་རྩལ་རང་བཞིན་ཅན་གྱི་ཚིག་དུམ་ཞིག་ཡིན་པས་དེའི་སྦྱོར་སྡེ་ལ་ལུས་རྒྱན་སྲོག་གསུམ་གྱི་གྲུབ་ཆ་ཅན་ཡིན་ཞིང་། རྗོད་བྱེད་ཚིག་རྐང་གཅིག་གམ་དུ་མ་ཅན་ཚིག་རྣལ་མའི་ནང་དུ་ཞུགས་ཚེ། རང་ཉིད་སྐབས་གསལ་བྱེད་ལ་དཔེའི་ནུས་པ་ཐོན་ཞིང་། སྐབས་དོན་ཚང་བར་བརྗོད་པའི་ཚིག་ཕྲེང་ནང་དུ་རང་ཉིད་ཚིག་ཚན་གྱི་གོ་ས་ལ་གནས་རྒྱུ་ཡིན་པས་གཏམ་དཔེ་རང་ཉིད་ཚིག་དུམ་གྱི་ཁོངས་སུ་སོང་ཞིང་། གཏམ་དཔེའི་ཚིག་དུམ་གྱི་རྣམ་པ་དེ་འཕྲལ་མེད་གཏན་འཇགས་ཡིན་པས་གཏམ་དཔེ་རང་ཉིད་ཚིག་དུམ་གཏན་འཇགས་མའི་རིགས་ཡིན་ཞེའོ། 

བོད་མི་རེའི་ཁ་ན་གླུ་རེ།།  གླུ་མི་ཤེས་ཟེར་བ་བོད་མིན།།  

མི་ལ་མི་ཁ་མེད་ན་ཤི་བོ་ཡིན།།  ཤིང་ལ་དུ་བ་མེད་ན་རུལ་བོ་ཡིན།། 

འགྲོ་ཤེས་ན་རྨ་བྱ་མི་ཡིས་མི་ཟིན།།  བཤད་ཤེས་ན་ཨ་མཚར་ཁ་ཡིས་མི་ཐུབ།།

བྱ་བ་གཅིག་ལ་བྱེད་ཐབས་བརྒྱ།། འགྲོ་ས་གཅིག་ལ་འགྲོ་ལམ་སྟོང་།།

སྐྱིད་ཆེ་བའི་ཉི་མ་དགོད་རྒྱུ་མི་ཡོང་།  སྡུག་ཆེ་བའི་ཉི་མ་ངུ་རྒྱུ་མི་ཡོང་།།

སྐད་ཆ་ཉུང་རུང་མགོ་རྔ་ཚང་།།  ལུང་བ་ཆུང་རུང་རྩྭ་ཆུ་འཛོམས།།

གཅིག་ར་གཉིས་ཀྱི་མང་ཉུང་ཡོད།།  གང་ར་དོ་ཡི་ཡང་ལྗིད་ཡོད།།

མི་ཡིས་རྒྱུ་མཐོང་ན་གནོད་པ་མི་མཐོང་།།  ཉ་ཡིས་གཟན་མཐོང་ན་རྙི་རྒྱ་མི་མཐོང་།།

བརྩོན་འགྲུས་ཅན་ལ་ཤེས་བྱས་ཕྱུག།  ལེ་ལོ་ཅན་ལ་གཉིད་ཀྱིས་ཕྱུག།

འཇིག་རྟེན་བུ་ལོར་ཕ་ཞིག་དགོས།།  ཕ་མེད་ན་རང་ལ་ཤེས་ཞིག་དགོས།།

སྐ་རགས་ལྷམ་འགྱོགས་སྡོམ་ནི་བྱོས།།  རང་གི་རོགས་ལ་དོ་ནི་བྱོས།།

སྔོན་ནས་དྲན་ན་བློ་ཡིན།།  རྗེས་ནས་དྲན་ན་འགྱོད་ཡིན།།

ཁ་ཁུ་བྱུག་བཞིན་དུ་སྙན།  ཁོག་གཞུ་མོ་བཞིན་དུ་འཁྱོག།

འདོད་པ་ཅན་ལ་རྒྱུ་མ་བསྟེན།།  ངན་སེམས་ཅན་ལ་བློ་མ་གཏོད།།

རིང་ཐུང་ཚད་ན་ཤེས།།  བདེན་རྫུན་བཤད་ན་ཤེས།།

ལས་རྒྱུའི་བྱ་བ་སྒུག་མི་ཉན།།  ཆོད་པའི་བསམ་བློ་འགྱུར་མི་ཉན།།

ཕྱི་ནས་འགྲོ་རོགས་བཟང་ན་ལུས་བདེ།།  ནང་ནས་འདུག་རོགས་བཟང་ན་སེམས་བདེ།།

མི་གང་ཡིན་གྱི་ཁ་མ་རྒྱུག།  རྟ་གང་ཡིན་གྱི་ཕོང་མ་ཞོན།།

གཅིག་བཤད་སེམས་ལ་བླངས་ན།།  བརྒྱ་བཤད་མདུད་པ་གྲོལ་ཐུབ།།

གོས་གོང་བ་མེད་ན་བཟོ་འཕྲོ་རེད།།  གྲི་ཡུ་བ་མེད་ན་རྡུང་འཕྲོ་རེད།། ཚིག་རྔ་མ་མེད་ན་བཤད་འཕྲོ་རེད།།  

དགའ་ས་བོ་བཤད་ཀི་འདུག་དགོས།།  ན་ས་བོ་རེག་གི་འདུག་དགོས།།  

སྙིང་ལ་རུས་པ་ཡོད་ན།།  ལྕགས་ལ་འབྲས་བུ་སྨིན།།  

དཀར་ནག་གི་དབྱེ་བ་འབྱེད་དགོས།།  ནག་ཐིག་གི་མདུད་པ་འགྲོལ་དགོས།།  

དོན་ཆེན་གཞུག་ནས་མ་བསྐྱུར།། ཚིག་ཆེན་སྔོན་ལ་མ་བཤད།། 

དགུན་རྒྱ་སྟག་འདྲ་བོ་མཆོང་ནས་ཡོང་།། དབྱར་ཕ་མ་འདྲ་བོ་འཇབ་ནས་ཡོང་།། 

ཉི་མ་ཤར་ན་ས་གཞི་གསལ།། དཔེ་ཆ་བཏོན་ན་ཤེས་རྒྱ་ཆེ།། 

དབང་ཤེས་ཀྱིས་མི་ཡི་ཁ་འགུགས།། གནས་ལུགས་ཀྱིས་མི་ཡི་སེམས་འགུགས།།

ཁྱོད་ར་འུ་གཉིས་འགྲན་རྒྱུ་མེད།།  ཁྱི་ར་སེང་གེ་བཤིབ་རྒྱུ་མེད།།  

སྣ་གཅིག་མཁས་དགོས་པ་མ་ཟད་སྣ་མང་རྟོགས་དགོས།།  རི་མགོ་མཐོ་དགོས་པ་མ་ཟད་རི་རྒྱུད་ཆེ་དགོས།།  

ངང་ཕྲུག་ལ་རྐྱལ་རྩལ་རྫོགས།།  རྒོད་ཕྲུག་ལ་གཤོག་རྩལ་རྒྱས།།  

ཁ་བགད་རུང་ཁོག་ན་སྡུག་ཡོད།།  མིག་ཁྲ་རིལ་མཐའ་ན་ཆུ་ཡོད།།  

སྐྱེས་པའི་མི་ལ་གྲགས་པའི་གཏམ་དགོས།།  ཆེ་བའི་མི་ལ་མཐོ་བའི་རྟགས་དགོས།།  

རང་ལ་རེ་ན་ཚེ་གཅིག།  མི་ལ་རེ་ན་ཉིན་གཅིག།  

རྒྱ་ཤོག་དཀར་པོའི་ངོས་འཇམ་ངོས་ལ།།  ཡི་གེ་ནག་ཆུང་གྲལ་ལ་བཞུགས།།  

སྔ་ཚིག་མི་རྟག་རི་བོང་ཡ་ཁ།།  ཕྱི་ཚིག་མི་རྟག་དྲེད་མོང་ཕྱི་རྟིང་།།  

སྐད་ཆ་བཤད་སྲོལ་རྣམ་པ་སྣ་ཚོགས་ཡོད།།  གོ་བ་ལེན་སྲོལ་རྣམ་པ་སྣ་ཚོགས་འཆར།།  

དཀར་ནག་ཐེངས་རེར་བརྒྱུད་ན་ཉིན་རེ།།  སྔོ་སེར་ཐེངས་རེར་བརྒྱུད་ན་ལོ་རེ།།  

བཟང་སློབ་ན་ལོ་གསུམ།།  ངན་སློབ་ན་ཉིན་གསུམ།།  

གྲོགས་པོས་གྲོགས་པོས་བསླུ་བ་དེ།།  དགོད་བཞིན་དགོད་བཞིན་བསླུ་བ་ཡིན།།  ཁྲམ་པས་ཁྲམ་པས་བསླུ་བ་དེ།།  ངུ་བཞིན་ངུ་བཞིན་བསླུ་བ་ཡིན།།  

མི་རེག་སྟག་གི་ཁ་རེག།  མི་འབྱར་འབྲོང་གི་རྭ་འབྱར།།  

ཀུན་མཁྱེན་བླ་མ་བརྒྱ་ཡོད་ཀྱང་།། ང་ལ་དད་ས་གཅིག་གིས་ཆོག།

ལོ་ཉི་ཟླའི་ཉི་མ་སྟོང་ཟད།།  ཝ་དམར་པོའི་གྲལ་ཁ་རླུང་ཟད།། 

ཆུང་དུས་ཁ་ནས་ཟས་བཅད།།  ཆེ་དུས་རྒྱབ་ནས་གོས་འཕྲོག།  

ཁ་རླངས་པ་ཅན་གྱིས་བོས་མ་མྱོང་།།  ལག་དྲི་མ་ཅན་གྱིས་རེག་མ་མྱོང་།།  

མི་གོ་བ་ཅན་ལ་བཤད་བདེ།།  ཤིང་ཡལ་ག་ཅན་ལ་འགོ་བདེ།།  

ཆུ་གཙང་བོ་འཐུང་ནས་ཕོ་བ་མ་རྒྱག་རུང་སྐོམ་སེལ།།  ཆོས་དམ་པ་ཉན་ནས་ནང་དོན་མ་གོ་རུང་ཕྱི་མར་ཕན།།

གོང་མའི་ཡན་ན་གོང་མ།།  བླ་མའི་ཡན་ན་བླ་མ།།  

ཆུ་གཏིང་ན་བཞུར་དལ།།   མི་མཁས་ན་ཚིག་དལ།། 

རལ་གྲི་བརྡར་ན་ཇེ་རྣོ།།  ཀླད་པ་བཀོལ་ན་ཇེ་གསལ།།  

ཆུ་ལ་རི་མོ་བྲིས་ན་གཟུགས་མེད།།  འཇའ་ལ་ཞགས་པས་འཕངས་ན་ཐོབ་མེད། ། 

ཁ་གཅིག་རུང་ཁོག་པ་མི་གཅིག།  སྔས་གཅིག་རུང་རྨི་ལམ་མི་གཅིག།  

བརྩོན་འགྲུས་མེད་པའི་རིག་པ་དེ།།  ཡུ་བ་མེད་པའི་སྤུ་གྲི་འདྲ།།  

ཆུ་ཕག་ལོ་ལ་རྟ་ཞིག་ཉོས།།  རྟ་གསེར་སྒ་མ་བསྟད་ལོ་གསུམ་འགོར།།  

སྟག་ལ་འགྲོགས་ན་ནགས་ལ་མཆོང་ནི་ཞིག།  རྒོད་པོར་འགྲོགས་ན་དགུང་ལ་འཕུར་ནི་ཞིག།  

སེམས་མཐུན་རུང་རྒྱུ་མ་བསྲེས།།  ཚིག་མཐུན་རུང་ལུས་མ་བསྲེས།།  

ཉེ་རིང་མེད་པའི་གཏམ་ཤོད།།  ཡོ་གཟུར་མེད་པའི་ཐིག་བརྒྱབ།།  

འཇིག་རྟེན་གཏམ་ལ་ཚར་རྒྱུ་མེད།།  ཚར་གི་ཉིན་མོར་འཇིག་ནི་ཡིན།།  

དོན་ཆུང་སྒྲུབ་ན་སེམས་ཞིབ་དགོས།།  དོན་ཆེན་སྒྲུབ་ན་སེམས་ཆུང་དགོས།།  

ངའི་རང་སེམས་ཇ་དང་འོ་མ།།  ཁ་ཁོག་ཟྭ་དང་ལྡེ་མིག་ཡིན།  

ཁོག་ལ་བཟུང་ན་སྐྲངས་པ་རེད།།  ཁ་ལ་ཕུད་ན་རླངས་པ་རེད།།  

ལས་ལ་མི་བརྩོན་ཆང་ལ་ཆགས།།  སང་གི་བྱ་བ་གནངས་ལ་བཅོལ།།  

ས་གཞི་རྒྱ་ཆེ་བ་འབྲུ་དྲུག་གི་གཏེར།།  ཤེས་བྱ་རྒྱ་ཆེ་བ་ཡོན་ཏན་གྱི་མཛོད།།  

ཉོན་མོངས་དུག་གསུམ་གྱི་ཕྱག་རྒྱ།།  འདོད་ཆགས་བྱའི་གཤོག་པ།།  གཏུ་མིག་ཕག་གི་མགོ་བོ།།  ཞེ་སྡང་སྦྲུལ་གྱི་རྔ་མ།།  

མི་བརྒྱ་མགོ་ལ་ལྕགས་གཡུགས་ནི་ཞིག་དང་།།  རྟ་མགོ་ལ་སྲབ་སྐོན་ནི་ཞིག་ཡིན་དགོས།། 

འགྲངས་ན་ལྟོགས་དུས་སྡུག་མ་བརྗེད།།  དྲོས་ན་གྲང་དུས་སྡུག་མ་བརྗེད།།  

སྙན་ངག་མཁན་ལ་ཅི་ཡང་རྒྱན།།  མཁས་པས་བཤད་ན་ཅི་ཡང་བདེན།།  

མིག་ནད་འབྱུང་རྩ་ལག་ཡིན།།  ཕོ་ནད་འབྱུང་རྩ་ཁ་ཡིན།།  

ཧ་མ་གོ་ཧ་གོ་རིལ་རིལ་འདི།།  དོན་ཉག་ལ་བཀག་ན་རང་ལ་འཁོར།།  

བཙན་པོ་བཙན་རུང་ས་སྟེང་།།  རི་རབ་མཐོ་རུང་གནམ་འོག།  

ཚུར་བཤད་གཏམ་གྱི་དོན་གོ་བ།།  ཕར་བཤད་གཏམ་གྱི་སྒྲ་དག་པ།།  

ཁྱི་དབྱར་ལ་སྐྲག།  བྱི་དགུན་ལ་སྐྲག།  

རྟ་ར་རའི་སྤུ་མདོག་ལོག་རུང་།།  གསེར་སེར་བོའི་ཁ་མདོག་མི་ལོག།  

ཆེ་སར་དམིགས་ནས།།  ཆུང་ས་སྒྲུབ་དགོས།།  

མི་ཆུང་ཆུང་བྱ་ཡང་དོན་ཤེས།།  རྟ་ཆུང་ཆུང་འགྲོ་ཡང་འདུག་ཤེས།།  

རྒྱུ་མང་ན་ལུས་མི་ཁོམ།།  ཧམ་ཆེ་ན་སེམས་མི་སྐྱིད།།  

ཁྱིམ་གཅིག་ན་བུ་སྤུན་མང་བ་དེ།།  དགྲ་ནག་པོ་འདུལ་བའི་ཐོ་བ་ཡིན།།  ཁྱིམ་གཅིག་ན་དབང་ཆེན་མང་བ་དེ།།  ཁྱིམ་བཟའ་ཚང་འཐོར་བའི་སྔ་ལྟས་ཡིན།།  

ཟས་རིག་དུས་རོགས་བརྗེད།།  རོགས་རིག་དུས་ཁྲལ་བརྗེད།།  

ཁྱི་ངན་བཀག་ན་མི་ཁོག། མི་ངན་བཟུང་ན་མི་ཐུབ།།  

ཡོད་ན་མེད་ན་མི་ཚེ་ད་ཐེངས།། ཤི་ན་གསོན་ན་སྙིང་གྲོགས་དམ་པ།།  

ལྟོ་ཁྱི་མོར་བླུད་ན་སྒོ་སྲུང་རེད།།  སྐྱབས་བླ་མར་བཅོལ་ན་ཕྱི་མ་རེད།།  

གོ་བ་མེད་པའི་གླིང་རྒན་ལ།།  རྒྱལ་པོའི་བཀའ་ལས་དབྱུག་པ་བཙལ།།  

རྙིང་བ་མེད་ན་གསར་བ་མེད།།  ཕ་མ་མེད་ན་བུ་རྒྱུད་མེད།།  

གོས་སྒམ་ན་ཡོད་དུས་ལུས་དྲོད།།  ཟས་སྣོད་ན་ཡོད་དུས་སེམས་སྐྱིད།།  

ཁ་རའི་ནང་ནས་རྟ་བརྐུས།།  ཁ་ཚིག་བར་ནས་བློ་བརྐུས།།  

བོད་ཀྱི་ཡོན་ཏན་བློ་ཐོག་ན་ཡོད།།  རྒྱའི་ཡོན་ཏན་ཡིག་ཐོག་ན་ཡོད།།  

གནམ་ལ་བརྟེན་ནས་ཁ་མི་སོས།།  གཞན་ལ་བརྟེན་ནས་རྒྱབ་མི་ཁེབས།།  

གྲོག་མ་འགྲོ་འདུག་མང་ན།།  རྐང་ལག་ཐང་ཆུར་འབྱར།།  

སྦལ་བ་ལྡིང་ཚད་མཐོ་ན།།  བྲང་ཁ་རྡོ་ལ་རྒྱག།  

ལོ་བཅོ་བརྒྱད་བུ་མོའི་མྱོས་བུམ་འབུར་དུས།།  ཁྱིམ་ཕ་མས་སྒོ་དྲུང་བཀག་ན་དོན་མེད།།  

དོན་ཆུང་རུང་མ་བསྒྲུབ་ན་མི་འགྲུབ།།  བློ་གསལ་རུང་མ་བསླབ་ན་མི་ཤེས།།  

མི་ཤེས་ཤེས་ཁུལ་བྱས་ན་མཚང་ཡིན།།  ཤེས་བྱ་ཁོག་ལ་བཅུག་ན་སྐྱོན་ཡིན།།  

ཚེ་ཟད་ནད་པ་སྨན་པས་མི་ཐུབ།།  རི་བོ་ཉིལ་ན་ཐག་པས་མི་སྡོམ།།  

ཁྱིམ་མཚེས་བཟང་བོ་རྟ་ཡིས་མི་ཁུག།  བཟའ་ཚང་བཟང་བོ་གསེར་གྱིས་མི་ཁུག།  

གཏམ་བཟང་ངན་གཉིས་ཀ་ཉན་དགོས།།  གོས་ཡག་བཙོག་གཉིས་ཀ་གོན་དགོས།།  

ཁ་བཤད་དོན་ལ་འབབ་དགོས།།  ཁབ་ཤུལ་སྐུད་པས་བསུམ་དགོས།།  

ཁ་འཆམ་ན་སྡེ་བ་བཙན་པོ་ཡིན།།  འགྲིག་མཐུན་ན་བཟའ་ཚང་སྐྱིད་པོ་ཡིན།།  

ཨ་རིག་གླེན་རུང་མི་རིགས་ཡིན།།   བྱེའུ་ཆུང་རུང་བྱ་རིགས་ཡིན།།  

དད་པའི་ཨ་ལོང་མེད་ན།།  འདྲེན་པའི་ལྕགས་ཀྱུས་མི་ཁུགས།།  

ཐམས་ཅད་དགའ་ན་དགེ་བ་ཡིན།།  ཕ་མ་དགའ་ན་དྲིན་ལན་ཡིན།།  

སེམས་ན་སྡུག་ཡོད་ན་དྭངས་ཐབས་བྱོས།།  ངོ་ན་རྡུལ་ཡོད་ན་བཀྲུ་ཐབས་བྱོས།།  

ཁྱིམ་ལ་དགོས་པའི་རིན་ཆེན་བཟའ་དཔོན།།  མི་ལ་དགོས་པའི་རིན་ཆེན་ཡོན་ཏན།།  

གཏམ་ཨ་ཁུས་བཤད་ན་ཉེ་རིང་མེད།།  ཟས་ཕ་མས་བགོས་ན་ཆེ་ཆུང་མེད།།  

བཤད་ན་དམ་ཆོས་མི་གོ།  བསྟན་ན་རྒྱུ་འབྲས་མི་བརྩི།།  

འཁོན་སྡུམ་པའི་གཟུ་བ།།  གཉེན་འཛིན་པའི་བར་བ།། 

བསང་ཕུད་རྒྱུ་མང་ན།།  འདྲེ་ཡི་སེམས་ལ་གནོད།།  

མཚན་རྨི་ལམ་འཁྲུག་ན་བཤད་ས།།  རྐང་ཚེར་མ་ཟུག་ན་སྟོན་ས།།  

རྒྱ་མཚོ་གམ་ནས་བཞག་སྟེ།།  ཀོ་གྱོང་མཆི་མས་སྦངས།།  

མི་བཟང་འགྲོགས་ན་སྤྱོད་བཟང་།།  སྤྱང་ཀིར་འགྲོགས་ན་ཤ་ཟ།།  

ལྷུན་པོ་ཟེར་ཀྱང་རི་རེད།།  རྒྱ་མཚོ་ཟེར་ཀྱང་ཆུ་རེད།།  

ཁ་ལས་དགེ་ན་བཟང་མི་དགོས།།  སྣང་བ་མཐུན་ན་ཡག་མི་དགོས།།  

ཁ་རོག་ལ་སྡོད་དང་ཁ་མཆུ་མེད།།  མགོ་ལག་པས་སྐྱོར་དང་རྒྱག་ནི་མེད།།   

བློ་བསམ་པ་གཅིག་ལ་མཉམ་འཛིན།།  མཚོན་ཡུ་བ་གཅིག་ལ་མཉམ་འཇུ།།  

མང་དྲག་ན་རྒྱལ་པོའི་གསུང་ཡིན་རུང་ངན།།  བསྟོད་དྲག་ན་མ་གཞི་བཟང་ཡིན་རུང་ངན།།  

ཤིང་དྲང་ན་བཀོལ་ས་མང་།།  མི་དྲང་ན་མཐུན་གྲོགས་མང་།།  

རྣོ་མེད་རལ་གྲི་དབྱུག་པ་འདྲ།།  གོམ་མེད་འདོ་བ་གླང་རྒན་འདྲ།།  

གཉོམ་སྲོལ་བཤད་ནས་དགྲ་ངོ་མི་ལོན།།  མེད་མུག་བཏོན་ནས་འགྲུལ་ངོ་མི་ལོན།།  

དམ་པའི་ཆོས་ཀྱི་མགོ་དཀའ།།  འཇིག་རྟེན་འཁོར་བའི་མཐའ་དཀའ།།  

ཁ་ལག་པ་གཉིས་ཀྱིས་ལས་དང་ན།།  གཉའ་རྐེད་པ་གཉིས་ཀྱིས་འཁུར་དགོས།།  

རྟའི་ཡག་ཚད་ལོ་གཅིག་ལོ་གཉིས་རེད།།  མོའི་ཡག་དུས་མོ་ལོ་བཅོ་བརྒྱད་ཡིན།།  

མཁས་པ་སྔ་མ་བཟང་།།  བསྟན་བཅོས་ཕྱི་མ་བཟང་།།  

རྟ་ཤ་ཤེད་རྒྱས་དུས་འདྲོགས་རྒྱུ་མང་།།  མི་ནོམ་པ་མང་དུས་དྲན་རྒྱུ་མང་།།  

ནད་བྱུང་རྒྱུ་སླ་ཡང་དྲག་རྒྱུ་དཀའ།།  དོན་བཤད་རྒྱུ་སླ་ཡང་བསྒྲུབ་རྒྱུ་དཀའ།།  

གཅིག་ལ་མ་འགྲིག་ན་མིའི་སྐྱོན།།  ཀུན་ལ་མ་འགྲིག་ན་རང་གི་སྐྱོན།།  

སྟོན་ཐོན་དུས་ཁུ་བྱུག་ཡིན་རུང་སྐད་འགག།  སད་བརྒྱབས་ན་མེ་ཏོག་ཡིན་རུང་འདབ་གྲོལ།།  

ཁ་མང་པོས་བཤད་ན་གོང་ཆེ།།  ལག་མང་པོས་ལས་ན་ཤུགས་ཆེ།།  

གྱོད་རང་སྟེང་འགྲིག་ན་རྩོད་མེད།།  གཉེན་རང་མཐུན་བྱུང་ན་འགྱོད་མེད།།  

རང་བཟང་རབས་རོགས་པས་བཤད་དགོས།།  ཁྱི་བཟང་རབས་རྐུན་མས་བཤད་དགོས།།  

གོམ་པ་མ་སྤོས་གླིང་བཞི་སྐོར་མི་ཐུབ།།  ཆུ་ཐིགས་མ་བསགས་རྒྱ་མཚོ་ཆགས་མི་སྲིད།།  

ཡ་རབས་མ་རབས་སྤྱོད་པས་ཤེས།།  ས་ཆ་གང་ཡིན་སྐད་ཀྱིས་ཤེས།།  

རྟ་ཤ་ཤེད་འཛོམས་དུས་འཚོང་དགོས།།  མི་མིང་གྲགས་ཆེ་དུས་འཛེམ་དགོས།།  

ཁ་དང་བཟའ་སྒྲིག་སྔ་མི་རུང་།།  ལག་དང་ལས་ཀ་འཚུབ་མི་རུང་།།  

གྲི་ཆུང་ཡོད་རུང་མ་བརྡར་ན་མི་ཆོད།།  རིག་པ་རྣོ་ཡང་མ་སློབ་ན་མི་མཁས།།

བོད་ལྗོངས་རིག་གནས་དྲ་བ་ལས་བཤུས།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།