བོད་དམངས་ཁྲོད་ཀྱི་ཁེད་དང་འབྲེལ་ནས་བྱིས་པའི་བློ་སྒོ་འབྱེད་ཐབས་སྐོར་གླེང་བ།

གཅིག

ཁེད་ནི་བྱ་དངོས་ཀྱི་གཟུགས་དབྱིབས་དང་མཚོན་དོན་གང་རུང་སྦས་ནས་ཚིག་ཉུང་དོན་བསྡུས་ཀྱི་སྒོ་ནས་གསང་བའི་གནད་འབྱིན་པའི་རིག་པའི་ཐབས་རྩལ་ཞིག་ཡིན་པས། དེས་ལོ་ཆུང་བྱིས་པ་རྣམས་ལ་རང་གི་འཚོ་བའི་ནང་རྐང་ཟུག་པའི་ཤེས་བྱ་ངོས་འཛིན་དང་བརྒྱུད་སྒྲོག་བྱེད་པའི་བྱེད་ཐབས་གལ་ཆེན་འདོན་སྤྲོད་དང་། བྱིས་པའི་བསམ་གཞིག་གི་རིག་སྟོབས་སྐྱེད་སྲིང་དང་སློབ་གསོའི་ཐད་ནུས་པ་གལ་ཆེན་ཐོན་གྱིན་ཡོད། དཔེར་ན། འབྲོག་པའི་འཚོ་བར་ལོ་ལོན་རྒན་པས་ཁ་འདོན་ལྟར་བཤད་པའི་རྩམ་པ་འཐག་ཚུལ་ཏེ། ཐོག་ནས་ལུག་ཆུང་རྩེད་རྩེད།། འོག་ནས་ཁ་བ་འབབ་འབབ།།[རྩམ་པ།] འབྲོག་མོས་འོ་མ་དཀྲོག་པའི་ངང་ཚུལ་ཏེ། དབྱར་གྱི་དུས་སུ་སྐམ་ཞིག་བཤས།།མཁལ་ཚིལ་ཡར་ལ་ལེན་རྒྱུ་ཡོད།། སྟོན་གསུམ་ཉི་མར་སྐེམ་རྒྱུ་ཡོད།།ཆུ་སེར་མར་ལ་འཕོ་རྒྱུ་ཡོད།།[འོ་མ་དཀྲོགས་པ]ལྟ་བུར་མཚོན་ན། ལག་སྐོར་གྱིས་རྩམ་པ་འཐག་པའི་རྣམ་པ་སོགས་ནི་ལྷག་པར་དུ་བྱིས་པ་ཚོས་ཉན་ན་ཧ་ཅང་སྤྲོ་བ་འཕེལ་བ་དང་བསམ་ཞིང་བསམ་ན་ངོ་མཚར་བ། ཡིད་ཀྱི་འཆར་སྒོ་ཕུན་སུམ་ཚོགས་ཤིང་རྟོག་བཏགས་དང་འཆར་སྣང་གིས་ཕྱུག་པའི་འཇིག་རྟེན་ཞིག་ཏུ་འཁྲིད་སྲིད། ལུག་ཆུང་རྩེད་རྩེད་ཅེས་བྱིས་པའི་ན་ཚོད་དང་འཚམ་པའི་དཔེ་འགོད་བྱས་པ་ནི་རང་གི་འཚོ་བའི་ཁྲོད་ཀྱི་རྒྱུན་མཐོང་གི་བྱ་དངོས་དག་ཡིན་པས། ཁེད་ལ་ཁེད་ལན་མ་ཁེད་ཀྱང་ཕ་མ་དང་རྒན་པ་དག་གིས་གསལ་བཤད་བྱས་རྗེས།ཁོང་ཚོའི་ཡིད་ལ་ངེས་སླ་བ་དང་ཡིད་ལ་བདེན་སྣང་དང་མཚར་སྣང་གི་དགའ་ཚོར་གྱིས་བརྟས་ཤིང་།མུ་མཐུད་དུ་ཉན་འདོད་ཀྱི་སྤྲོ་བ་འཕེལ་བར་བྱེད། བྱིས་པས་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་བྱ་དངོས་གང་རུང་གི་དབྱིབས་དང་ཁ་དོག དེ་བཀོལ་སྤྱོད་བྱེད་སྟངས་སོགས་ལ་དོ་སྣང་དང་ངོས་འཛིན་བྱེད་པའི་རང་འགུལ་གྱི་བསམ་གཞིག་གི་འདུ་ཤེས་ཤིག་ཆགས་པར་ཕན་ཐོགས་ཆེན་པོ་ཡོད།

གཉིས།

བོད་བཙན་པོའི་དུས་སྐབས་སུ་ཁེད་དམ་ལྡེའུ་ཞེས་པའི་བློ་རིག་ཐབས་རྩལ་འདིས་ནུས་པ་གལ་ཆེན་ཐོན་ཡོད་པ་ལོ་རྒྱུས་སུ་གསལ་བ་ལྟར་ཡིན་ཀྱང་། ད་ལྟའི་དུས་སུ་ཁེད་ཅེས་པའི་ངག་རིག་སྒྱུ་རྩལ་འདིའི་སྤྱོད་རྒྱ་ཤིན་ཏུ་ཆུང་བ་ཞིག་ཏུ་ཆགས་འདུག འོན་ཏེ་ཁེད་ནི་བྱིས་པའི་འཚར་ལོངས་ཀྱི་གོ་རིམ་ཁྲོད་རིག་སྟོབས་ཀྱི་ནུས་པ་སྦྱོང་བརྡར་དང་ཤིན་ཏུ་འཚམ་པའི་རིག་རྩལ་གྱི་བྱེད་སྒོ་གལ་ཆེན་ཞིག་ཡིན་པས། ཁོར་ཡུག་དང་འཚམ་པའི་བྱེད་ཐབས་གསར་པ་ཞིག་སྤྱད་དེ་བྱིས་པའི་སེམས་ཁམས་བདེ་ཐང་གི་འཚར་ལོངས་དང་། ཤེས་བྱ་སློབ་སྦྱོང་གི་རིག་སྟོབས་སྐྱེན་པའི་བྱིས་པའི་རིག་རྩལ་གྱི་རིན་ཐང་འདོན་སྤེལ་བྱེད་རྒྱུ་དེ་བྱིས་པའི་འཚར་ལོངས་ཁྲོད་དོན་སྙིང་ཆེན་པོ་ཡོད། འདི་ལས་མ་འོངས་འཕེལ་ཕྱོགས་ཐད་ཀྱི་བསམ་གཞིག་ཕྲན་ཙམ་བརྗོད་ན།

1.བོད་དམངས་ཁྲོད་ཀྱི་ཁེད་ཡོད་ཚད་ཕྱོགས་བསྒྲིགས་བྱེད་པ་དང་། རིག་པའི་གཞུང་ལུགས་ཤིག་རྒྱབ་རྟེན་དུ་བཅོལ་ནས་ཁེད་ཀྱི་རིགས་གསལ་པོ་ཞིག་དགར་ཏེ་བྱིས་པའི་སློབ་སྦྱོང་གི་འཚོ་བར་སྟབས་བདེ་སྐྲུན་པ།

2.སློབ་མའི་ན་ཚོད་དང་བསྟུན་ནས་སློབ་དེབ་བསྒྲིགས་པ་བཞིན། ཁེད་ལའང་རིམ་པ་དབྱེ་ཞིང་བསླབ་དེབ་ནང་ཉུང་ངུ་དང་བསླབ་ཕྱིའི་དེབ་ཆུང་སྤུས་ལེགས་བསྒྲིགས་པ།

3.བྱིས་པ་ཚོ་འགུལ་རིས་གློག་བརྙན་ལ་བལྟ་རྒྱུར་ཧ་ཅང་དགའ་བ་དེ་ནི་བྱིས་པའི་ན་ཚོད་དང་སེམས་ཁམས་ལ་ཤིན་ཏུ་འཕྲོད་པས། འགུལ་རིས་གློག་བརྙན་བརྒྱུད་ནས་བསམ་གཞིག་གི་སྤྲོ་སྣང་འཕེལ་བ་དང་།མི་རིགས་རང་གི་བསམ་པའི་ཀུན་སློང་དང་ཡུལ་སྲོལ་གོམས་གཤིས་རྒྱུད་ལ་འཇགས་པར་བྱེད་པ།

4.ཁྱིམ་ཚང་ནང་དུ་ཕ་མས་བྱིས་པར་སྲོལ་རྒྱུན་རོལ་རྩེད་ཀྱི་ཤེས་བྱ་མང་པོ་མཁོ་སྤྲོད་བྱེད་པ།

ད་སྐབས་གཞི་རིམ་ས་ཁུལ་གྱི་རོང་འབྲོག་གཉི་ཀས་རང་གི་བྱིས་པ་ལོ་ན་བཞི་ལྔ་ཙམ་ལ་སོན་མ་ཐག་ནས་མི་རིགས་མཉམ་བསྲེས་ཀྱི་བྱིས་སྐྱོང་སློབ་གྲྭར་བསྐྱལ་ནས། ཕ་མའི་སློབ་གསོའམ་ཁྱིམ་ཚང་གི་སློབ་གསོ་དང་བར་ཐག་རིང་དུ་གྱེས་ཏེ།སློབ་གྲྭའི་སློབ་གསོ་མྱོང་དུ་འཇུག་གིན་པའི་སྣང་ཚུལ་འདི་ལས། བྱིས་པའི་དྭངས་གཙང་གི་སེམས་ཁམས་བདེ་ཐང་ངང་འཕེལ་རྒྱས་ཡོང་བར་བཟང་ངན་གྱི་ནུས་པ་མང་པོ་ཞིག་ཐོན་གྱིན་ཡོད། ལྷག་ཏུ་བྱིས་པ་རྣམས་ནི་ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱི་སེམས་ཁམས་གཅུན་འདོམས་ཀྱི་ཁོར་ཡུག་ཅིག་ཏུ་ཚུད་དེ། རང་དབང་གི་རོལ་རྩེད་རང་བཞིན་གྱི་ཤེས་བྱའི་ལམ་བུ་དོག་པར་བཟོས་ཡོད། དེ་ཡང་བསམ་བཞིན་མཁོ་མེད་དུ་བཞག་པ་ག་ལ་ཡིན། སྔོན་ཆད“ཨ་མྱེས་ཉི་མའི་གནའ་གཏམ”ཞེས་བྱིས་པ་མང་པོས་ཉིན་མཚན་ཀུན་ཏུ་རྒན་པོ་ཁོང་གི་མདུན་དུ་འཚང་བ་དང་དགོང་མོ་ཉལ་ཁར་བྱིས་པས་རང་གི་ཕ་མ་དང་ལོ་ལོན་ཚོར་གནའ་གཏམ་ཤོད་ཅེས་རེ་བ་མཐོན་པོ་བཅོལ་བ་དེ་ད་ལྟ་ཡེ་ནས་མེད་པ་དེ་ཡང་། དུས་དང་སྐལ་བས་བཅད་པ་ཞིག་ཡིན་ལ། འགྱུར་ལྡོག་གི་ཆོས་ཉིད་དེ་ང་ཚོས་དང་ལེན་བྱེད་དགོས་པ་ཞིག་ཀྱང་ཡིན། སྔོན་རབས་ཀྱི་བྱ་དངོས་རྙིང་བ་དག་ད་ལྟའང་རིན་ཐང་མེད་པའི་ངེས་པ་མེད་པ་དེ་བཞིན། ཁོར་ཡུག་དང་འཚམ་པའི་བྱེད་ཐབས་གསར་བ་བརྒྱུད་དེ་བཀོལ་སྤྱོད་ཀྱི་རིན་ཐང་འདོན་སྤེལ་བྱེད་ཐུབ་ན་དེ་ནི་ཆེས་མཆོག་ཏུ་གྱུར་བའི་ནོར་བུ་ཞིག་ཡིན་པ་བསྙོན་དུ་མེད།

གཞི་རིམ་ས་ཁུལ་གྱི་བྱིས་སྐྱོང་ཁང་མང་ཆེ་བ་ནི་མི་རིགས་སྣ་མང་གིས་གྲུབ་པའི་ཁོར་ཡུག་ཅིག་ཡིན་པས། བྱིས་པར་བཟང་ངན་གང་གི་ཐད་ནས་ཀྱང་ཤུགས་རྐྱེན་ཐེབས་ཀྱིན་ཡོད། གནད་འགག་གི་སྐབས་འདིར། ཕ་མས་སློབ་གསོའི་ཐབས་ལམ་ཡག་པོ་ཞིག་སྤྱད་དེ་གསོ་སྐྱོང་བྱེད་པ་ནི་བྱིས་པའི་སློབ་གསོའི་རྨང་རྡོ་གལ་ཆེན་ཞིག་དང་། བྱིས་པའི་ནར་སོན་གྱི་གོ་རིམ་ཁྲོད་སྐད་ཆའི་སྦྱོང་བརྡར་ལ་དོ་སྣང་བྱེད་རྒྱུ་ནི་བྱིས་པའི་མ་འོངས་པའི་ལང་ཚོར་གསོན་ཤུགས་སྩོལ་བའི་ཐབས་ཤིག་ཡིན། ད་སྐབས་རོང་འབྲོག་གི་བྱིས་པ་ཚོ་ཡུལ་ལ་སླེབས་ན་ཁ་གྲགས་རྒྱུར་མི་དགའ་བར་རང་གཅིག་པུ་ཁང་བར་འཛུལ་ནས་ཁ་པར་སོགས་ལ་གཡེང་ཞིང་།རང་ཁྱིམ་གྱི་ལོ་ལོན་དང་མི་གཞན་གྱིས་ཕར་སྐད་ཆ་བཤད་དུས། ཁོ་ཚོས་ཚུར་སྐད་ཆ་དག་མོ་ཞིག་བཤད་མི་ཤེས་པར་རྡབ་རྡིབ་ཅིག་སྨྲ་བའི་སྣང་ཚུལ་དེ་ཤིན་ཏུ་མངོན་གསལ་རེད། སྐད་ཆ་ནི་ཆེས་ཐོག་མའི་འབྲེལ་འདྲིས་ཀྱི་ཡོ་བྱད་གལ་ཆེན་ཞིག་ཡིན་ལ། སྐད་ཆའི་ཁྲོད་ནས་ཁོ་ཚོའི་འདུ་ཤེས་འཛིན་སྟངས་དང་བསམ་བློའི་ཀུན་སྤྱོད་ཀྱི་ཚད་དེ་ག་འདྲ་ཞིག་ཆགས་ཀྱིན་པ་ཤེས་ཐུབ། དེ་ཡང་བོད་དམངས་ཁྲོད་ཀྱི་ཁེད་དང་གཏམ་དཔེ། བྱིས་སྒྲུང་སོགས་བྱིས་པའི་བློ་ངོར་འཚམ་པའི་རིག་རྩལ་གྱི་བྱེད་སྒོ་གང་མང་ཞིག་ལ་རོལ་མྱོང་མ་བྱས་པས་ཡིན་པར་འདོད།

《ཏུའུ་ཝེ་ནས་སློབ་གསོ་གླེང་བ》ཞེས་པའི་ནང་དུ། “བྱིས་པའི་འཇིག་རྟེན་ནི་རང་གི་ཞེན་པ་དང་བཅས་པའི་མིའི་འཇིག་རྟེན་ཞིག་ཡིན་པ་ལས། དངོས་དོན་དང་ཆོས་ཉིད་ཀྱི་འཇིག་རྟེན་རྐྱང་བ་ཞིག་མ་ཡིན། བྱིས་པའི་འཇིག་རྟེན་གྱི་ཁྱད་ཆོས་གཙོ་བོ་ནི་ཡུལ་གྱི་གནས་བབ་དང་འཚམ་པའི་སྟེང་གི་བདེན་ལུགས་མ་ཡིན་པར། ཞེན་པ་དང་བརྩེ་དུང་ངོ”ཞེས་དང་།《སློབ་གསོ་རིག་པའི་རྣམ་བཞག》ཏུ།“སློབ་གསོ་བྱ་ཡུལ་གྱི་ལུས་སེམས་ཡར་སྐྱེད་ཀྱི་ཁྱད་ཆོས་སོགས་གཞི་རྩ་བྱས་ནས་དེང་རབས་ཅན་གྱི་སློབ་གསོའི་ཐབས་ཤེས་ཚན་རིག་དང་མཐུན་པ་གསར་གཏོད་དང་བཀོལ་སྤྱོད་བྱེད་པ་སྟེ། བློ་སྒོ་འབྱེད་པའི་བྱེད་ཐབས་ལ་ཤུགས་སྣོན་དང་སློབ་མའི་སློབ་སྦྱོང་གི་ཀུན་སློང་ལ་སྐུལ་མ་གཏོང་བ། སློབ་མའི་སྤྲོ་སྣང་སྐྱེད་སྲིང་བྱེད་པ་སོགས་ལ་དོ་སྣང་བྱ་དགོས”ཞེས་གསུངས། གོང་གི་འདི་དག་ལས། བྱིས་པའི་ནང་སེམས་ཀྱི་འཇིག་རྟེན་ནི་དགའ་བ་དང་དུང་ཞེན་གྱི་དབང་དུ་གྱུར་ནས་ཡོད་པས། བྱིས་པའི་ན་ཚོད་དང་རིག་སྟོབས་ཀྱི་ཚད། སེམས་ཁམས་བཅས་དང་འཚམས་པའི་སློབ་གསོའི་ཐབས་ལམ་ཚན་རིག་དང་མཐུན་པ་སྤྱད་དེ།བྱིས་པའི་བསམ་གཞིག་གི་ནུས་པ་སྐྱེད་སྲིང་བྱེད་དགོས་པར་གདམས་པ་ཞིག་ཡིན། བྱིས་པའི་དུས་སྐབས་ནི་གང་ཞིག་ལ་གོམས་པ་དང་རང་རྒྱུད་ལ་བག་ཆགས་ཇི་འདྲ་ཞིག་འཇོག་པའི་ཐོག་མའི་མྱུ་གུ་འབུས་ས་དེ་ཡིན་པས། བྱིས་པའི་འཇིག་རྟེན་གྱི་མཁའ་དབུགས་ནི་ཧ་ཅང་དག་གཙང་ཞིག་ཡོང་རྒྱུ་དེ་འཚར་ལོངས་ཀྱི་ཁོར་ཡུག་དེ་དང་འཚམ་པའི་ཤེས་བྱ་སློབ་སྦྱོང་གི་ཐབས་ལམ་ཡག་པོ་ཞིག་དང་དམ་དུ་འབྲེལ་བས། བྱིས་པའི་དགའ་མོས་དང་ཅུང་བསྟུན་ཏེ་ཤེས་བྱའི་འཇོན་ཐང་མངོན་རྒྱུ་དེ་ནི་གལ་ཆེན་ནང་གི་འགངས་ཆེན་ཡིན་པ་ཚང་མས་མཁྱེན་གསལ་ལྟར་རེད། འོན་ཏེ་དམངས་ཁྲོད་ཀྱི་ཤེས་བྱ་མང་པོ་ཞིག་གི་ནུས་པའམ་རིན་ཐང་དེ་ད་ལྟའི་ཁོར་ཡུག་འདིར་བཀོལ་སྤྱོད་ཀྱི་རིན་ཐང་མངོན་ཐུབ་ཀྱིན་མེད་པ་དེ་ཡང་བཀོལ་སྤྱོད་ཀྱི་ཐབས་ལམ་ཡག་པོ་ཞིག་མེད་པས་ལན་སོང་སྙམ།ད་ལྟ་ཁྱིམ་ཚང་ནང་དུའང་ཁེད་དང་གཏམ་དཔེ། གནའ་གཏམ་སོགས་བཤད་མཁན་མེད་ལ། ཡོད་ཀྱང་ཉན་མཁན་མེད་པར་བརྙན་འཕྲིན་དང་རྩིས་འཕྲུལ་སོགས་གློག་ཆས་སྣ་ཚོགས་ལ་གཡེང་ནས་འདུག་པའི་སྣང་ཚུལ་ཞིག་ཆགས་འདུག དེ་བས་དེང་གི་ཚན་རིག་ཡོ་བྱད་དེ་དག་སྤྱད་ནས་སྲོལ་རྒྱུན་གྱི་རིག་རྩལ་འདིའི་ནུས་པ་སྔོག་འདོན་ཐུབ་པར་གྱུར་ན་དགེ་མཚན་ཆེ་བ་སྨོས་མེད་རེད།

གསུམ།

དབྱིན་ཇིའི་སློབ་གསོ་བ་ཁི་ཨེར་ཏུན་གྱིས།“དོགས་སློང་ནི་མི་ཚང་མ་ངེས་པར་དུ་བརྒྱུད་དགོས་པའི་ལྡིང་ཁང་དང་པོ་དེ་ཡིན་ལ།དེ་འདྲ་མིན་ན་ཁོ་ཚོ་བདེན་དོན་གྱི་ཕོ་བྲང་དུ་འཛུལ་མི་ཐུབ”ཅེས་གསུངས་པ་བཞིན། དོགས་སློང་ལས་བསམ་གཞིག་གི་སྒོ་མོ་འབྱེད་པ་ནི་སློབ་སྦྱོང་གི་བརྒྱུད་རིམ་གལ་ཆེན་ཞིག་ཡིན་པས། བྱིས་པའི་བློ་སྒོ་འབྱེད་ཐབས་ལ་བྱིས་པ་སྤྲོ་བ་ཡོད་པའི་འགུལ་རིས་གློག་བརྙན་དང་། དུས་རྒྱུན་གྱི་སློབ་གསེང་གི་བྱེད་སྒོ་གང་རུང་གི་ཁྲོད་ནས་མི་རིགས་རང་གི་བྲོ་བ་མ་ཡལ་བའི་དམངས་ཁྲོད་ཀྱི་ཁེད་སོགས་རིག་རྩལ་གྱི་བྱེད་སྒོ་གང་རུང་ལས་རིན་ཐང་འདོན་སྤེལ་བྱས་ཏེ།མ་ཉམས་གོང་འཕེལ་གྱི་ཕྱོགས་ལ་བརྩོན་པའི་ཀུན་སློང་ཞིག་གིས་བྱིས་པའི་རང་གཤིས་ཡག་པོ་ཞིག་གསོ་སྐྱོང་བྱེད་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།