ཀྲུང་གོ་བོད་ཀྱི་དྲ་བ།

​རོགས་ཆུང་ལོ་དྲན་པའི་འཁྲི་ཤིང་ཡིན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀྱེ་ཕུར་མཆོག་གསུམ།   སྤེལ་དུས། : 2016-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2e4f8026d60cd246005eb7d2fd531139.jpg

ཀྱེ་ཕུར་མཆོག་གསུམ་དུ་འབོད་པའི་ཁོ་ནི་ལོ་རབས་བརྒྱད་ཅུའི་སྟོད་ལ་མདོ་སྨད་མང་ར་རྫོང་གི་ཐར་ཤུལ་ཡུལ་ཚོར་འབོད་པའི་འབྲོག་སྡེ་ཞིག་ཏུ་ངུ་ངག་གི་དབྱངས་རྟ་ཐོག་མར་མཆེད་དེ་མི་ཡུལ་གྱི་མགྲོན་པོར་གྱུར། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་རིམ་པར་བརྒྱུད་དེ་ད་ལྟ་མདོ་ལྷོའི་འབྲོག་སྡེ་ཆེན་མོ་རྨ་ཆུ་རུ་མི་རིགས་སློབ་གསོའི་ལས་དོན་ལ་འབད་ཀྱིན་ཡོད། ལས་ཞོར་དུ་རང་གི་དགའ་མོས་ཀྱི་ལྟག་ཆུ་ཆད་དུ་མ་བཅུག་པར་རྩོམ་རིག་ཅེས་པའི་ཐ་སྙད་ཀྱི་ལུག་ཁྱུ་འཚོ་མཁན་གྱི་རྫི་བོ་དཀྱུས་མ་ཞིག་ཏུ་གྱུར་ཏེ་ད་ལྟའི་བར་དུ《སྦྲང་ཆར》《གངས་རྒྱན་མེ་ཏོག》《མཚོ་སྔོན་མང་ཚོགས་སྒྱུ་རྩལ》《གངས་ལྗོངས་རིག་གནས》《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》《བོད་ཀྱི་རྩོམ་རིག་སྒྱུ་རྩལ》《བོད་ལྗོངས་སློབ་གསོ》《གངས་རྒྱན་ན་ཆུང་ཚགས་པར》《མཚོ་སྔོན་ཁྲིམས་ལུགས་ཚགས་པར》《ཟླ་ཟེར》སོགས་སུ་ལྷུག་རྩོམ་དང་བཅད་རྩོམ་གཙོས་རྩོམ་ཡིག་བཅུ་ཕྲག་ཁ་ཤས་བཀོད་མྱོང་། ཉིས་སྟོང་གསུམ་ལོར་གངས་རྒྱན་ན་ཆུང་ཚགས་པར་གྱིས་སྤེལ་བའི་བོད་ཁམས་ཀྱི་རྩོམ་ཡིག་འགྲན་སྡུར་ཁྲོད་ནས་བྱ་དགའ་ཨང་གསུམ་པ་ཐོབ། ཉིས་སྟོང་བཅུ་ལོར་ཟི་ཁྲོན་ཞིང་ཆེན་གྱི་མཐུ་སྟོབས་རྡོ་རྗེ་རྟགས་མའི་དཔྱད་རྩོམ་འགྲན་སྡུར་ཁྲོད་བྱ་དགའ་ཨང་གསུམ་པ་ཐོབ་མྱོང་།


ཕོ། སྟོད་དཀར་ཡག་གངས་ཀྱི་རི་བོ་གན།། 

སེང་དཀར་མོ་འགྱིང་སའི་ཕ་ཡུལ་ཡིན།།

གངས་གན་གི་ཕ་རོལ་ཚུར་རོལ་ནས།། 

འབྲོང་འབྲོང་མོ་མཐུན་གི་ལོ་རྒྱུས་ཡོད།།

དགོ་ལུག་ལ་འདྲེས་གི་གཏམ་རྒྱུད་ཡོད།། 

ན་མེ་ལོང་ཁེབས་སིའི་གདན་སྟེང་ནས།།

སེམས་གངས་དཀར་ཨ་ཡིག་རང་བྱོན་འདི།། 

གངས་དཀར་པོར་ཕབ་ནས་རྩེ་མགོ་རྩོམ།།

སྡེ་གཡང་ཆགས་ན་ལུང་ཕྱུག་མོ་གན།། 

རོགས་ཆུང་ལོ་འདུག་སའི་ཕ་ཁྱིམ་ཡིན།།

སྡེ་འདི་ཡི་ཕ་རོལ་ཚུར་རོལ་ནས།།  

རོགས་ཚིག་ལ་འཁྱུད་གི་ལོ་རྒྱུས་ཡོད།།

ཞེ་དར་དཀར་མཐུན་གི་གཏམ་རྒྱུད་ཡོད།། 

ཁ་ཚིག་གསུམ་བཤད་གི་ལག་ལེན་ཡོད།།

ཞེ་སྣང་བ་མགུར་མའི་དབྱངས་རྟ་འདི།། 

རོགས་ཆུང་ལོར་ལེན་ན་རྩེ་མགོ་རྩོམ།།

མོ།སྨད་གཡུ་མཚོ་གཡུ་ཡི་མཎྡྲལ་རེད།། 

ཉ་གསེར་མ་གཡུ་ཡི་ཁྲ་རྒྱན་རེད།།

ཁྲ་ལམ་མེར་སྐར་ཚོགས་ཤར་འདྲ་བོ།། 

ངའི་བླ་མཚོ་ཁྲི་ཤོར་རྒྱལ་མོ་རེད།།

མཚོ་གན་གི་ནང་ལུང་གོང་མ་ན།། 

མདོག་མི་གཅིག་གསེར་ཉ་ཁ་སྤྲོད་ཅིག།

ལས་མཐུན་པའི་འཁྱུག་བགྲོད་གར་ལ་ཆགས།། 

དཔེ་གན་དང་མཐུན་པའི་རྩེ་མགོ་རྩོམ།།

སྟོད་སྤང་ལྗོངས་གོས་ཆེན་ལྗང་སྨུག་རེད།། 

རོགས་ཆུང་ལོ་གོས་ཀྱི་རི་མོ་རེད།།

ཁྲ་ལམ་མེར་མེ་ཏོག་བཞད་འདྲ་བོ།། 

སྡེ་ཆེན་པོ་གཡང་དྲུང་སྒོ་བཞི་རེད།།

སྡེ་གན་གི་སྡེ་ལུང་གོང་མ་ན།། 

རོགས་མི་གཅིག་ཞེ་མཐུན་ཆ་འགྲིག་ཅིག།

ལས་མཐུན་གི་འོ་ཆུ་གཅིག་ཏུ་འདྲེས།། 

དཔེ་གན་དང་མཐུན་པའི་རྩེ་མགོ་རྩོམ།།

ཕོ། སྟོད་དབུས་གཙང་ཆོས་ཀྱི་གདན་ས་རེད།། 

ཆོས་ཀུན་རིག་རླུང་རྟ་དར་ས་རེད།།

གནས་གན་ལ་ཕྱི་མཇལ་ནང་མཇལ་བྱེད།། 

ལས་བསོད་ནམས་ཡོད་ན་ཡང་མཇལ་བྱེད།

དར་དཀར་བོའི་མཇལ་དར་འབུལ་ལ་འགྱོ།། 

ཚེ་འདི་ཡི་འགྲོ་དོན་བསྒྲུབ་ནས་འགྲོ།།

ཚེ་ཕྱི་མའི་ལམ་བྲོ་བསྒྲིགས་ནས་འགྲོ།། 

མཇལ་མ་ཐུབ་བསམ་པ་མེད་ནི་བྱེད།།

སྡེ་གཡང་ཆགས་པད་མའི་དཀྱིལ་འཁོར་རེད།། 

མ་ཁྱོད་རང་པད་མའི་ཟེའུ་འབྲུ་རེད།།

ཚིག་བཤད་ལ་ཕུ་རྩེ་མདོ་རྩེ་བྱེད།། 

ལས་བསྐལ་བ་ཡོད་ན་ཡང་རྩེ་བྱེད།།

སྲོག་དམར་ཆུང་ཁེབས་མ་གཤིབ་བ་འགྱོ།། 

འདང་འོ་མའི་མཆོད་ཀ་འཕེན་ན་འགྲོ།།

ཞེ་བསམ་པས་དཔུང་ཐུག་རྒྱག་ནས་འགྲོ། 

རྩེད་མ་ཐུབ་འགྱོད་པ་མེད་ནི་བྱེད།།

མོ། གོས་ལྗང་སྨུག་ཐང་ལ་བཏིངས་འདྲ་བོ།། 

ངའི་ཕ་ས་འབྲོག་པའི་རྩྭ་ཐང་རེད།།

རྩྭ་རམ་དཀར་མགོ་ལྕོག་ལྡེམ་པ་འདི།། 

ཡུལ་འབྱོར་ཕྱུག་རྒྱས་གི་རྟེན་འབྲེལ་རེད།།

ལུག་གཡང་དཀར་བལ་ཁ་འཇོལ་ལོ་ལོ།། 

འབྲི་ཐུལ་མའི་ངུར་སྒྲ་དི་རི་རི།།

རྟ་འདོ་བའི་འཚེར་སྒྲ་སི་ལི་ལི།། 

ཡུལ་གཡང་ཆགས་བཀྲ་ཤིས་སྒོ་མང་འདི།།

རྟ་ནོར་ལུག་འཚོ་བའི་གཡང་ས་ཡིན།། 

སེར་གྱི་ལེར་ཉི་མ་ཤར་འདྲ་བོ།།

ངའི་རྩེ་རོགས་འདང་ཆེན་དགའ་ལོ་རེད།། 

ཞལ་འཛུམ་དཀར་མེ་ཏོག་བཞད་པ་འདི།།

རོགས་ཁྲེལ་གཞུང་ཆེ་བའི་རྟེན་འབྲེལ་རེད།། 

གཟུགས་སྐྱེས་ཡག་ཚིགས་དྲུག་ལྡེམ་ལྡེམ་ལྡེམ།།

ཚིག་སྙན་མོའི་པི་ཝང་ཁྲོ་ལོ་ལོ་ལོ།། 

འདང་ཞེ་བརྩེ་འོད་དཀར་ཆ་ལ་ལ་ལ།།

རོགས་ཁྲེལ་ཡོད་ཟླ་བའི་འཛུམ་མདངས་ཅན།། 

སྨན་བུ་མོའི་ཡིད་སེམས་འཁྲེང་ས་ཡིན།།

ཕོ། ངའི་བྱ་བརྒྱའི་གླག་མོ་གཤོག་ཡག་མ།། 

ཡར་འཕུར་ན་མཁའ་ལམ་འོད་ཀྱིས་ཁེངས།།

མར་བབས་ན་བྲག་ཐེམ་གཡང་གིས་འཁྱིལ།། 

སྒྲོ་དཀར་པོ་ཨོཾ་ཡིག་སྟོང་གིས་གྲུབ།།

ངའི་ཚེ་སྔོན་ལས་ཀྱི་བླ་བྱ་ཁྱོད།། 

བྲག་དམར་པོའི་དཀྱིལ་ནས་བཞུགས་རྒྱུ་བྱོས།།

དགུང་སྔོན་པོའི་མཁའ་ལམ་ཡངས་པོ་གན།། 

བྱ་སྐྱིད་གི་ཟེར་ན་གུར་དུ་ཕུབས།།

ངའི་རྩིས་ཆེན་སེམས་ཀྱི་དམར་ཆུང་སྲོག། 

ཕར་འཁོར་ན་རྨ་བྱའི་མདངས་ཀྱིས་ཕྱུག།

ཚུར་འཁོར་ན་ཟླ་བའི་འོད་ཀྱིས་འཁྱུད།། 

ཁ་ཚིག་གསུམ་དོན་ཆེན་མགུར་གྱིས་གྲུབ།།

ངའི་ཚེ་སྔོན་ལས་ཀྱི་ཡིད་མཐུན་ཁྱོད།། 

སྟབས་འགྲིག་ན་ལས་ཀྱི་ཚེ་གྲོགས་བྱེད།།

ལུས་རིན་ཆེན་ཐོད་པའི་ཁ་ཡིག་འདི།། 

རོགས་འཐད་གི་ཟེར་ན་ཁྲག་གིས་འབྲི།།

མོ། མུན་ནག་མཚན་མོའི་མཁའ་ཡི་ཟླ་བ་ཁྱོད།། 

འོད་དཀར་གཤོག་པ་བརྐྱང་ནས་ཤར་དང་ན།།

ཟབ་མོ་མཚོ་ལ་གནས་པའི་ཀུ་མུད་ང་།།

འཛུམ་དཀར་འདབ་མ་ཤ་ལེ་མི་བཞད་ནས།།

ལས་ཀྱི་གནས་སའི་ཁོར་ཡུག་མི་གཅིག་ཀྱང་།། 

ལས་དབང་མཐུན་པའི་འཛོམས་པའི་བསྐལ་བ་ཡག།

ལྷན་འཛོམས་སྣང་བ་གླུ་རུ་ལེན་ན་འགྱོ།། 

དུངས་སེམས་འོ་མའི་ངར་ཁ་མྱང་ང་འགྱོ།།

ཕ་རིའི་སྡེ་ཡག་གྲོང་གི་སྟག་ཤར་ཁྱོད།། 

འདོ་བ་དྲུག་ཞེང་ཤ་ལེར་ཐོན་དང་ན།།

རང་སྡེ་མེ་ལོང་ནང་གི་སྨན་ཤར་ངས།། 

དགའ་བ་གླུ་རུ་བཀུག་ནས་མི་བསུ་ནས།།

ལྟེ་ཁྲག་འཐོར་སའི་རུ་སྡེ་མི་གཅིག་ཀྱང་།། 

སེམས་གཏམ་ལྷོད་ཀྱིས་གླེང་བའི་བསྐལ་བ་ཡག།

ཤ་དང་མཆིན་པའི་གཏིང་འོག་བརྗེས་ནས་འགྱོ།། 

འདང་བརྩེ་ཚིག་གི་སྐེ་རགས་བཅིངས་ང་འགྱོ།།

ཕོ། མགོ་གསེར་ཏོག་ཅན་གྱི་སྒར་ནང་གི།། 

ཁྲི་གཡུ་ཏོག་ཅན་གྱི་ཡང་སྟེང་གི།།

རྗེ་བླ་མ་མནབས་བཟའ་སེར་པོ་ཅན།། 

མགོ་སྒུར་ནས་ཕྱག་གསུམ་འཚལ་ཞོར་ལ།།

ཡར་འཁོར་ནས་མཇལ་དར་ཕུལ་ལ་ར།། 

ཕྱག་མཛུབ་དྲུག་པད་མ་དཀར་པོ་དེས།།

མར་འཁོར་ནས་མཇལ་ཁ་གནང་དང་ཐལ།། 

ངའི་ལུས་སྡིག་སྒྲིབ་རི་རབ་ལྷུན་པོ་འདི།།

ཨ་སྐྱིད་ལ་འདག་རྒྱུ་ཨེ་ཡིན་ནམ། 

སྦྲ་མཐིང་སྨུག་ནོར་བུའི་ཞ་འོག་གི།།

གདན་ཐིག་ལེ་ཅན་གྱི་ཡང་སྟེང་གི།། 

མ་ན་ཆུང་བྱུ་རུའི་རྣ་ཏོག་ཅན།།

ཕར་འཁོར་ནས་ཚིག་གསུམ་བཤད་ཞོར་ལ།། 

ལས་བསྲིང་ནས་ཐུ་བའི་འཐེན་ན་ར།།

ཁ་ཚིག་གསུམ་མགུར་མ་སྙན་མོ་དེས།། 

ཚུར་འཁོར་ནས་འདོད་པ་བཏང་དང་ཐལ།།

ངའི་ལུས་ལང་ཚོ་ནོར་བུ་ཆ་བདུན་འདིའི།། 

ཨ་སྐྱིད་ལ་སྐྱིད་འདི་གང་ལ་ཁྱེར།།

མོ། འབྲུག་མཁའ་ནས་གྲགས་ནོ་དགའ་ནི་ཡིན།། 

ཆར་བསིལ་མ་བབས་ནོ་སྐྱིད་ནི་ཡིན།།

འབྲུག་གྲགས་ནས་འདུག་ཡུན་ཨེ་རིང་ངམ།། 

འབྲུག་ནས་འདུག་ཡུན་མ་རིང་དུས།།

དབྱར་དྲུག་པ་སེམས་ཀྱི་སྨྲེང་སློང་རེད།། 

འབུ་སྦྲང་མ་མིག་གི་བུ་ལོན་རེད།།

དེའི་ཞོར་ལ་སྤང་ལྗོངས་བདག་མེད་རེད།། 

རོགས་འདི་ནས་ཐུག་ནོ་དགའ་ནི་ཡིན།།

ཞེ་ཡིད་ནས་མཐུན་ནོ་སྐྱིད་ནི་ཡིན།། 

ཞེ་མཐུན་ནས་འདུག་ཡུན་ཨེ་རིང་ངམ།

ཞེ་མཐུན་ནས་འདུག་མ་རིང་ན།། 

རོགས་ལན་གཅིག་ཐུག་ནོ་སྨྲེང་སློང་རེད།།

ཚིག་དབ་ཅིག་བཤད་ནོ་དྲན་ཤིང་རེད།། 

དེའི་ཞོར་ལ་མིག་ཆུ་བདག་མེད་རེད།།

ཕོ། རྫ་ཁྲ་ཡག་ཁ་ལམ་གོང་མ་ནས།། 

ཤྭ་གྱོ་ཁྲའི་ཤིས་ཐིག་གསལ་ལེ་ཡོད།།

རྭ་བཅུ་ལག་རྒྱབ་ལ་ངོམ་ནས་ཡོད།། 

བོའུ་ཁྲ་རིང་ཁུར་གི་རྔོན་པ་ཡིས།།

སྲོག་དམར་ཆུང་འབེན་ལ་མ་བླངས་ན།  

རྫ་ཁྲ་ཡག་ཁེབས་སིའི་རི་མོ་ཅན།།

ཤྭ་རྭ་རིང་འཁོར་སའི་ཕ་ས་ཡིན།། 

སྲོག་དམར་ཆུང་འཐིམ་སའི་གཡང་ས་ཡིན།།

རོགས་ཆུང་ལོའི་རྩེད་ར་གོང་མ་ནས།། 

འདང་རྩི་སྒོ་ལྷང་ལ་ཕུད་ནས་ཡོད།།

ཁྲེལ་རློམ་པའི་དར་ཐགས་འཐེན་ནས་ཡོད།། 

ཞལ་ཁྲོ་གཉེར་ཅན་གྱི་བཟའ་བདག་གིས།།

ཚོན་ཕྱར་ནས་བར་ཆད་མ་བཏང་ན།། 

རོགས་ཆུང་ལོ་པད་མའི་རི་མོ་ཅན།།

ཤ་མཆིན་པ་གླན་སའི་འདང་ཆེན་ཡིན།། 

ཚེ་བསྐལ་བ་སྟོང་གི་རྩིས་ཆེན་ཡིན།།

མོ། རྒྱ་རྫོང་ནགས་ཀྱི་བྱེའུ་ཆུང་འཇོལ་མོ་ང་།། 

རྒྱ་ཁྲ་ཧོར་བའི་ལག་གི་ཉམ་ཆུང་ཡིན།།

ཐང་དཀར་རྒོད་ཀྱི་མིག་གི་རྩིས་ཆུང་ཡིན།། 

རྒྱ་གར་ཁུ་ལོ་གསུང་སྐད་སྙན་མོ་ཅན།།

གསུང་སྙན་བོད་ལ་སྒྲོགས་གི་དུས་སྐབས་དེར།། 

གཤོག་རུ་ནགས་ལ་བསྒྱུར་བའི་དུས་ཚིགས་དེར།།

ནགས་སིལ་མཉམ་དུ་འཐུས་གི་དྲན་ཤིང་འདི།། 

འཇོམ་མོའི་གངས་དཀར་སེམས་ནས་བརྗེད་མེད་ཡིན།།

སྦྲ་ནག་གྲུ་བཞིའི་ཕ་བཟང་བུ་མོ་ང་།། 

མགོ་བདག་བཟའ་བའི་རྩིབ་གི་ཉམ་ཆུང་ཡིན།།

དྲིན་ཆེན་ཕ་མའི་གམ་གྱི་དབང་ཆུང་ཡིན།། 

མཛའ་སེམས་གསེར་གྱིས་རྡུང་བའི་ཕ་བཟང་བུ།།

དྲན་པ་རྒྱང་ནས་རུམ་ནས་ཐོན་དང་ན།། 

ཚིག་མགོ་རྐང་བསྒྲིགས་ནས་ཐུག་དང་ན།།

མཆིན་པའི་གཏིང་འོག་བརྗེ་གི་མཐུན་འཇུག་འདི།། 

བུ་མོའི་གངས་དཀར་སེམས་ནས་བརྗེད་མེད་ཡིན།།

ཕོ། རྫ་བུམ་པ་འདྲ་གི་གཡས་ཟུར་གི། 

ན་མེ་ལོང་འདྲ་གི་གཡོན་ཟུར་གི།

མགོ་རུ་ཐུར་ཅན་གྱི་བྲེ་སེར་འབྲོང་།། 

སྤྱང་དར་མའི་མིག་ལ་མི་རན་རུང་།།

དགྲ་ནག་པོའི་ཕྱོགས་ཀྱི་སོ་བ་ཡིན།། 

སྲོག་དམར་ཆུང་སྲུང་གི་གོ་ཁྲབ་ཡིན།།

ལས་དམར་ནག་རླུང་གི་ཁ་ཕྱོགས་འདི།། 

གནས་གང་ནས་ཐོན་འདུག་མི་ཤེས་རུང་།།

སོས་དལ་དུས་རྭ་ཁ་བརྡར་ཡག་བྱེད།། 

སྲོག་དམར་པོའི་ཁེབས་མ་ཉན་ནི་བྱེད།།

ཕ་རྒྱ་སྟག་འདྲ་གི་གཡོན་ཟུར་གི།

མ་མེ་ལོང་འདྲ་གི་གཡོན་ཟུར་གི།

གཟི་ཁྲ་བོ་འདྲ་གི་ཆུང་འདྲིས་རོགས།། 

གླིང་མྱི་ཁའི་མིག་ལ་མི་རན་རུང་།།

མི་རང་རང་སེམས་ཀྱི་འདོད་ཕྱོགས་ཡིན།། 

ལུས་རིན་ཆེན་སྲོག་གི་རྟེན་མ་ཡིན།།

ལས་དམར་ནག་གཙང་བོའི་བཞུར་རྒྱུན་འདི།། 

ཕྱོགས་གང་ནས་ཐོན་འདུག་མི་ཤེས་རུང་།།

སོས་དལ་དུས་འདང་བརྩེ་གཤིབ་ཡག་བྱོས།། 

ཚེ་ཕྱི་མའི་ལམ་བྲོ་ཉན་ནི་བྱེད།།

མོ། སློབ་དཔོན་ཐོན་མིའི་ཐུགས་ཀྱི་དཀྱིལ་འཁོར་ནས།། 

དབྱངས་གསལ་སོ་བཞིའི་རྣམ་ཤེས་བོད་ལ་འཁྲུངས།།

བོད་ཡུལ་མུན་པ་ཅན་གྱི་ཞིང་ཁམས་སུ།། 

འོད་ཀྱི་ཀ་བ་གསེར་གྱི་གདུང་མ་བཞེངས།།

སུམ་རྟགས་དག་གསུམ་སྙན་ངག་རླུང་རྟ་དེ།། 

མཐོ་ནས་མཐོ་རུ་འཕུར་བའི་བསྟན་པ་དར།།

གངས་ལྗོངས་བོད་མིའི་མཚན་སྙན་བ་དན་དཀར།། 

འདི་མོ་ངོ་མཚར་ལས་ཀྱི་མཚོ་མོ་ལ།།

བར་ཆད་རླུང་བུ་གཡུག་རྒྱུ་ཡོད་ཁུ་ར།། 

མེ་ཏོག་སེར་ཆེན་གསེར་གྱི་བཀྲག་མདངས་ཅན།།

སྟོན་གྱི་བ་མོས་སྐམས་པ་ཆོས་ཉིད་ཡིན།། 

བརྩེ་དུང་རིན་ཐང་ཅན་གྱི་གཤིན་ཐང་ནས།།

དོན་གྲུབ་རྒྱལ་ལོ་དམར་པོ་བྲག་ལ་ལྕེབས།། 

ཡེ་ཤེས་སྒྲོལ་མ་གཙང་བོ་ཆུ་ཡིས་ཁྱེར།།

མི་ཡུལ་ལུང་བར་དྲན་པའི་རྡོ་རིང་བཞེངས།། 

བརྩེ་དུང་རླབས་ཆེན་ཡིན་པའི་དན་རྟགས་བཞག།

ཁ་ཆད་འགྱུར་མེད་ཡིན་པའི་བདེན་པ་སྤྲད།། 

བསླུ་མེད་འདང་བརྩེ་རྡོ་རིང་ཤུལ་ནས་བསླངས།།

འདི་མོ་ངོ་མཚར་ལས་ཀྱི་བརྩེ་དུང་ལ།། 

བར་ཆད་རླུང་བུ་གཡུག་རྒྱུ་ཡོད་ཁུ་ར།།

དབང་མེད་ཁྱོད་དང་འུ་གཉིས་བརྩེ་དུང་ལ།། 

གཞན་དབང་མདུད་པ་ཐེབས་པ་ཆོས་ཉིད་ཡིན།།

ཕོ། ཡབ་ཡུམ་བྲག་སྲིན་གཉིས་ཀྱི་མཐུན་པ་ལས།། 

བོད་མི་གདོང་དྲུག་ཡར་ལུང་ཁོག་ནས་ཆད།།

གཉའ་ཁྲི་བཙན་པོ་གསེར་གྱི་ཁྲི་ལ་བཞུགས།། 

སྲོང་བཙན་སྒམ་པོའི་མཚན་སྙན་གླིང་ལ་ཁྱབ།

སློབ་དཔོན་ཐོན་མིའི་ཤེས་རབ་རལ་གྲི་ཡིས།། 

བོད་ཡུལ་མུན་པའི་དྲ་བ་སྟོང་དུ་བཅད།།

འོད་ཀྱི་ཟེར་མ་དགའ་བའི་འཛུམ་གྱིས་བསུས།། 

གདོང་དམར་བོད་ཀྱི་འཕྲིན་ལས་འདི་ལྟར་རྒྱས།།

རང་སྣང་རླུང་ལ་བསྐུར་བའི་གཞོན་རབས་པས།། 

མེས་པོས་སྲོལ་བཟང་མ་བརྗེད་ཡིད་ལ་ཟུངས།།

དྲི་མེད་ཀུན་ལྡན་སྦྱིན་པའི་ཕ་རོལ་ཕྱིན།། 

དགོས་འདོད་དཔུང་འཇོམས་ནོར་གྱི་སྦྱིན་པ་བཏང་།།

ཡབ་ཆེན་ཁྲོས་པའི་བཀའ་བཙན་ཐོག་ཏུ་བབས།། 

བློན་ཆེན་ཕྲག་དོག་དུག་གི་ཚེར་མ་འཛིང་།།

ས་སྐྱོང་གྲགས་པའི་ཐབས་དང་བཀོད་པ་ཡིས།། 

སྲོག་ཁྲིམས་ད་ཐེངས་མེད་པའི་ཁས་ལེན་བྱས།།

མན་དེ་བཟང་མོས་ཁྲེལ་གཞུང་ཕྱི་ཐག་རིང་།། 

མ་ཤི་གསོན་བྲལ་མེད་པའི་དམ་བཅའ་བཞག།

ཞེ་འདང་འོ་ཆུ་འདྲེས་པའི་སྨན་ཆུང་མ།། 

ཁྲེལ་གཞུང་ཕྱི་ཐག་འདི་ལྟར་རིང་གི་ཆུགས།།

མོ། སྤྲིན་དཀར་པོའི་ལྡིང་ཁང་གོང་མ་ན།། 

ལྷོ་གཡུ་འབྲུག་སྔོན་མོའི་འཁྱུག་རྩལ་ཡོད།།

དེའི་མི་ཚད་དངོས་གྲུབ་ཆར་བ་ཡོད།། 

ཆར་སིལ་མའི་ཐིགས་པ་རེ་རེ་ལ།།

སྲོག་དམར་པོ་ཞིག་གི་བརྩེ་འདང་ཡོད།། 

སྟོན་བདུན་པའི་འབོད་པ་རྒྱང་ནས་ཐོན།།

དགུན་བཅུ་བའི་མྱུལ་མ་ཞོར་ནས་འཇབ།། 

ངའི་གཡུ་འབྲུག་གཡུ་ཡི་མདོག་ག་ཅན།།

བུད་ཨེ་འགྱོ་སེམས་ཀྱི་དྲན་ཤིང་ཡིན།། 

སྦྲ་ནག་པོའི་ཕོ་བྲང་གོང་མ་ན།།

ཕོ་འདང་ཆེན་ཞིག་གི་མནའ་ཚིག་ཡོད།། 

དེའི་མི་ཚད་སེམས་ཀྱི་དྲན་ཤིང་ཡོད།།

རོགས་པའི་དྲན་པའི་དངན་པ་རེ་རེ་ལ།། 

གསེར་སེར་པོ་ཞིག་གི་འདང་བརྩེ་ཡོད།།

གླིང་མྱི་ཁའི་འབོད་པ་རྒྱང་ནས་ཐོན།། 

ཁྱིམ་བཟའ་བའི་བཀའ་ཡིས་ཞོར་ནས་བཙུར།།

ངའི་དགའ་ལོ་ཁྲེལ་གཞུང་ཕྱི་ཐག་ཅན།། 

གྱེས་ཨེ་འགྲོ་སེམས་ན་སྡུག་ཅིག་ཡོད།

ཕོ། ཁང་དེ་རིང་དུས་རབས་ཉེར་གཅིིག་རེད།། 

སྲོལ་རྒྱུན་རིག་གནས་ཅིག་ཅིག་ཉུང་དུས་རེད།།

བོད་ཀྱི་ཆ་ལུགས་མི་དགོས་དོར་དུས་རེད།། 

ཕ་སྐད་གཙང་མའི་བསྟན་པ་ནུབ་དུས་རེད།

ཨ་གསར་བག་མ་ཁྱིམ་ལ་བསུ་དུས་རེད།། 

བོད་ཀྱི་མི་ལ་རང་ཚུགས་མེད་དུས་རེད།།

མེས་པོ་སྨྲ་ར་ཅན་གྱི་མཛད་རྣམ་འདི།། 

རྐང་བའི་གདན་དུ་མ་བཏིངས་བོད་ཀྱི་བུ།།

བཟང་རུང་ངན་རུང་གནའ་མིའི་སྲོལ་བཟང་འདི།། 

དུས་ཀྱི་གད་སྙིགས་དག་དང་འདྲ་ལེ་མིན།།

འུ་བཟོ་གྲས་འདི་ན་སོ་གཞོན་དུས་རེད།། 

རང་ཚུགས་ལྕགས་ཀྱི་ཨ་ལོང་འཐོར་དུས་རེད།།

གསར་འགྲོགས་རོགས་ལ་ཨ་གསར་ཆེ་དུས་རེད།། 

འདང་བརྩེ་འོ་མའི་ངར་ཁ་ཡལ་དུས་རེད།།

དྲ་ལམ་བརྒྱུད་ནས་འགའ་རོགས་བསྒྲིག་དུས་རེད།། 

ཁྲེལ་གཞུང་མེད་ལ་མི་ཚེ་བརླགས་དུས་རེད།།

རང་ལུས་དོན་མེད་རྩེད་སྤྱད་བྱེད་དུས་རེད།། 

ཕ་མ་བྲག་སྲིན་གཉིས་ཀྱི་དམ་ཚིག་འདི།།

དམར་པོ་སྙིང་གི་ལྡེབས་སུ་གསལ་བོར་ཕྲིས།། 

བཟང་རུང་ངན་རུང་འུ་གཉིས་འདང་བརྩེ་འདི།།

དཔེ་འཇོག་ངན་ངོན་ཞིག་གིས་མཚོན་ཐབས་མེད།། 

མོ། ཕ་རིའི་སྤང་དཀར་ཀླད་ན་རྟ་ཞིག་ཡོད།།

རྟ་དེར་གཞན་ལས་ལྷག་པའི་འདང་ཞིག་ཡོད།། 

དེ་ཡི་རྒྱབ་ན་ཁྲ་ཤན་སྒ་ཞིག་ཡོད།།

སྒ་དེའི་སྟེང་ན་དངུལ་གྱི་ཏོག་ཅིག་ཡོད།། 

ཏོག་དེའི་འོད་དཀར་སྐྱ་མོ་ལམ་ལ་དྲངས།།

ལམ་གྱི་ཡོལ་བ་དབུས་གཙང་ཡུལ་ལ་འཐེན།། 

དབུས་ཀྱི་ཇོ་བོར་དད་པས་ཕྱག་གསུམ་འཚལ།།

ཉམ་ཐག་འགྲོ་བའི་ལུས་ངག་ཡིད་གསུམ་པོ།། 

དུས་གསུམ་རྒྱུད་ནས་མ་འདོར་སྐྱབས་སུ་འཆི།།

དྲན་པ་བྲག་གི་ལྡེབས་སུ་རོགས་ཤིག་ཡོད།། 

རོགས་དེར་གཞན་ལས་ལྷག་པའི་འདང་ཞིག་ཡོད།།

དེ་ཡི་ཡིད་ན་རྩ་ཆེན་ཚིག་ཅིག་ཡོད།། 

ཚིག་དེའི་ནང་ན་དོན་ཆེན་མནའ་ཞིག་ཡོད།།

མནའ་དེར་འགྱུར་བ་མེད་པའི་རྟགས་ཤིག་ཡོད།། 

རྟགས་དེའི་ཁུག་མགོ་དམར་ཆུང་སྲོག་ལ་འབྲེལ།།

རོགས་ལོ་ཕ་མ་འདྲ་བོར་སྐད་ཅིག་འཇོག། 

སྨན་ཆུང་བུ་མོའི་ལུས་ངག་ཡིད་གསུམ་པོ།།

གཏན་ནས་གཏན་དུ་མ་བརྗེད་རེ་བ་ཡིན།། 

ཕོ། གསེར་མདོག་ཉི་མ་ཨ་ཡང་ལོ་ཁོ་རྒྱ།།

ཞོགས་པར་རི་གསུམ་རྩེ་ནས་དལ་གྱིས་ཤར།། 

ཉིན་གུང་དྲོད་ཁོལ་གླིང་ལ་ཕྱོགས་མེད་འཕྲོས།།

ཕྱི་དྲོའི་གྲིབ་ཆེན་ལག་པ་རིང་དུ་བརྐྱངས།། 

གཡང་དཀར་ལུག་ཁྱུ་ལྷས་ལ་དལ་གྱིས་འཁོར།།

ཐུལ་དཀར་འབྲི་མོའི་འོ་མ་ཤག་སྒྲས་བཞོས།། 

མ་བུ་ལྷན་འཛོམས་བྱུང་བའི་སྐལ་བ་ཡག།

མུན་པའི་ཡོལ་བ་གཙང་བོ་ཆུ་ལ་བརྒྱབ།། 

དྲན་གདུང་རྨ་ཁར་ལག་པས་ཡང་ཡང་རེག།

རམ་དཀར་རྩྭ་ལ་ཡན་པའི་འདོ་བ་ང་།། 

ལས་ལ་རང་དབང་མེད་ནོ་ཡིད་སྡུག་གི།

ཁ་རྔོག་རྒྱ་རྫོང་ནགས་སུ་རྡུལ་འཐིབ་གི། 

འགྲོ་དང་གོམ་པའི་བར་ནས་འགྲོས་འཁྱོར་གི

ཞེ་མཐུན་བུ་མོ་མེ་ཏོག་འཛུམ་རིས་མ།། 

ཚེ་སྔོན་གཡང་དཀར་ལུག་གི་རྗེས་ནས་མཐུན།།

དངུལ་དཀར་མཛུབ་དཀྲིས་དགའ་བའི་རྟགས་སུ་བྱིན།།

དགའ་བ་མི་འགྱུར་དམ་བཅའ་སྙིང་ལ་བཀོད།།

བསོད་ནམས་ཕ་མ་འདྲ་བོའི་བཀའ་དྲིན་ལ།། 

འཛུམ་དཀར་མེ་ཏོག་དགའ་བའི་གདོང་ན་བཞད།།

ཁྲེལ་གཞུང་ཕྱི་ཐག་དམར་པོ་སྲོག་ལ་འཐིམ།། 

བརྩེ་སེམས་འོ་མ་དཀར་པོ་ཞོ་རུ་བསྙལ།།

ཕོ་མོ་ལྷན་འཛོམས་བྱུང་བའི་སྐལ་བ་ཡག། 

དུས་ཀྱི་ཕོ་ཉ་ལྷན་འཛོམས་གྲོང་ལ་ཐོན།།

དྲོན་མོ་ལག་འཇུ་ལས་དང་དུས་ཀྱིས་གཏོར།། 

ཞེ་སེམས་རོགས་ལ་ཆགས་པའི་སྟག་ཤར་ང་།།

ལྷན་དུ་འདུག་ཁོམ་མེད་ན་སེམས་སྡུག་གི།

ཁྲ་ཆུང་མིག་ཟུང་ནང་ལ་ཆུ་འཁྱིལ་གི།

ཡ་ཆུང་གངས་དཀར་སེམས་ལ་གཟེར་རྒྱུག་གི། 

མོ། རྒྱ་གར་ཁུ་ལོ་བྱེའུ་ཆུང་འཇོལ་མོ་གཉིས།།

ནགས་རི་སྐྱིད་ས་ཞིག་ནས་འཛོམས་སྲོལ་ཡག།

གཤོག་རུ་མཉམ་དུ་རྒྱང་ནས་འཕུར་སྲོལ་ཡག

ནགས་སིལ་ལྷན་དུ་འཐུས་ནས་རྩེད་སྲོལ་ཡག། 

གཤོག་སྒྲོ་པད་མ་དཀར་པོའི་ཡང་སྟེང་དུ།།

བརྩེ་སེམས་ཨ་ཡིག་རི་མོར་འབབ་སྲོལ་ཡག། 

དྲན་པ་གཡས་འཁྱིལ་དུང་གི་ནང་ལོང་ལ།།

མི་བརྗེད་གཟུགས་སྔགས་ཡི་གེ་འབྲི་སྲོལ་ཡག། 

སྐྱིད་ལ་རྟགས་བྱ་མེད་པའི་འཇིག་རྟེན་འདིར།།

སྟོན་ཟླ་བདུན་པའིི་འབོད་པ་རྒྱང་ནས་ཐོན།། 

ཡིད་མཐུན་ཁུ་ལོ་ལྷོ་མོན་ཕྱོགས་སུ་འཕུར།།

གཤོག་པ་ལེབ་མོ་གཉིས་ཀྱི་བར་མཚམས་ལ།། 

གཏན་ནས་དྭངས་ཐབས་མེད་པའི་སྨུག་ཅིག་འཐིབ།

གཡུ་བྱ་ཁུ་ལོ་གསུང་སྐད་སྙན་མོ་ཅན།། 

འཇོལ་མོ་གཏན་ནས་མ་བརྗེད་ཡིད་ལ་ཟུངས།།

ཕ་བཟང་བུ་དང་ཞང་བཟང་ཚ་གཉིས་ཀ།། 

སྡེ་རུ་ཡག་ས་ཞིག་ནས་འཛོམས་སྲོལ་ཡག།

དོན་ཆེན་ཚིག་གི་མགོ་རྐང་བསྒྲིགས་སྲོལ་ཡག། 

གོས་ཆེན་ཚར་དཀར་འོག་ནས་མཐུན་སྲོལ་ཡག།

དྲན་པ་ཤ་ཆེན་ཁྲི་ཡི་ཡང་སྟེང་ལ།། 

དམ་ཚིག་གཡང་དྲུང་རི་མོ་འབབ་སྲོལ་ཡག།

དོན་སྣོད་ཨ་ལོང་མེ་རུ་སྟོང་འཁྱིལ་ལ།། 

ཁྲེལ་གཞུང་གཤོག་དྲུག་ཉ་མོའི་འཁོར་སྲོལ་ཡག།

ལས་ཀྱི་འགྱུར་བ་ནམ་མཁའི་གློག་དང་འདྲ།། 

ཐོ་རེངས་སྐར་ཆེན་འབོད་པ་རྒྱང་ནས་ཐོན།།

འདང་ཆེན་རོགས་ལ་གྱེས་པའི་བདེ་མོ་བཞག། 

དྲན་པ་དམར་ཆུང་སྲོག་གི་སྟེང་འོག་ལ།།

དམར་ནག་མེ་ཡི་རྣོ་དབལ་རླབས་བཞིན་འཕྱུར།། 

ཁྲ་ཆུང་མིག་ཟུང་ཐོ་རེངས་སྐར་ཆེན་ལ།།

མཆི་མ་དབྱར་གྱི་ཆར་བ་ཤག་སྒྲས་བབས།། 

རྩིས་ཆེན་རོགས་ལོ་དམར་ཆུང་མཆིན་པའི་ཤ།།

གཏན་ནས་མི་བརྗེད་དམ་བཅའ་ཡིད་ལ་འཇོག 

ཕོ། སྤང་དཀར་མེ་ལོང་ཡག་གི་དོའུ་ཁུག་གི

མེ་ཏོག་སེར་ཆེན་འདབ་མ་དགུ་ལྡན་ཅན།། 

གཤོག་དྲུག་སྦྲང་མའི་རྣམ་ཤེས་འཁོར་ས་ཡིན།།

གནས་འདིའི་དྭངས་གཙང་ཆུ་མོའི་ཤག་སྒྲ་གཅིག། 

གཡང་དཀར་རྩྭ་ལ་འཁོར་བའི་འབའ་སྒྲ་གཉིས།།

འདོ་བའི་བང་རྩལ་འགྲན་པའི་གོམ་སྒྲ་གསུམ།། 

སྟོན་ཟླ་བརྒྱད་པའི་འབོད་པ་ཐོན་པའི་དུས།།

ངའི་བློས་མི་ཐོངས་དྲན་ཤིང་སྐྱ་མོ་ཡིན།། 

ཡ་ཆུང་གངས་དཀར་སེམས་སུ་སྨུག་འཐིབས་ནས།།

ཁྲ་ཆུང་མིག་གི་ནང་ང་ཆུ་འཁྱིལ་རུང་།། 

བྱུང་གི་མི་འབྲལ་ག་མེད་ལས་ཐུག་གི

ཕྱི་ལོ་དབྱར་ཟླ་བཞི་བ་ཆེས་རག་ལ།། 

སྤང་རི་ཁ་ཞག་ཀྱི་ལེར་བདེ་མོ་བྱོས།།

སྡེ་རུ་པད་མ་ཡག་གི་གོང་ཁ་ནས།། 

ཡིད་མཐུན་བུ་མོ་འདང་དང་རྩི་སྒོ་ཅན།།

ཁྱམ་པ་བུ་ཡི་འཁྲི་ས་འཁོར་ས་ཡིན།། 

ཁྱོད་ཀྱི་རེག་བྱ་འཇལ་བའི་ལུས་ཚོར་གཅིག།

གཏན་དུ་འགྱུར་བ་མེད་པའི་ཁྲེལ་གཞུང་གཉིས།། 

གཤིས་འཇམ་སྨྲ་བ་སྙན་པའི་ངག་ཚིག་གསུམ།།

གྱེས་བྲལ་ཕོ་ཉ་རྒྱང་ནས་སླེབས་པའི་དུས།། 

ངས་བློས་མི་ཐོངས་དྲན་ཤིང་སྐྱ་མོ་ཡིན།།

ཡ་ཆུང་གངས་དཀར་སེམས་སུ་སྨུག་འཐིབས་ནས།། 

ཁྲ་ཆུང་མིག་གི་ནང་ང་ཆུ་འཁྱིལ་རུང་།།

བྱུང་གི་མི་འབྲལ་ག་མེད་ལས་ཐུག་གི 

ལོ་གཞུག་གི་ཕྱི་བསྐོར་རྒྱག་རག་ལ།།

ཞེ་མཐུན་སྨྲེང་པ་ཤ་ལེར་བདེ་མོ་བྱོས།། 

མོ། རྫ་གཡའ་མ་ཅན་གྱི་རི་སྒང་ནས།

འབྲོང་འབྲོང་མོ་གཉིས་ཀྱི་ལས་སྡུག་གི། 

སྡིག་ཅན་རྔོན་པའི་བོའུ་གི་ཁ་རྩ་ནས།།

དམར་ཆུང་སྲོག་གི་བདག་པོ་མི་ཉན་གི། 

ངའི་མགོ་རུ་ཐུར་ཉི་ཟླ་ཁ་སྤྲོད་འདི།།

དངུལ་དཀར་པོའི་བ་རུ་ཆ་མ་ཡིན།། 

ཆ་མི་གཏོར་ཐབས་ཤིག་མེད་སོང་ན།།

འབྲོང་ད་ཐེངས་རིམ་པའི་བདེ་མོ་བྱོས། 

སྲོག་དམར་པོར་དགྲ་རེ་མ་བྱུང་ན།།

འབྲོང་ཕྱི་ལོར་ཁྱ་ཡག་རྫ་ནས་ཐུག 

སྡེ་ཕ་མ་འདྲ་གི་ནང་ལུང་ནས།།

རོགས་བྱི་ལི་བྱི་མོའི་ལས་སྡུག་གི། 

གླིང་མོ་མྱི་ཁའི་དུག་གི་ཁ་རྩ་ནས།།

ཞེ་མཐུན་རོགས་ལ་མཐུན་གི་ལས་མེད་ཁུ།། 

ངའི་མགོ་ལན་བུ་རྒྱ་ལྕང་ལོ་མ་འདི།།

ཇ་ལན་ཆེན་སྟོང་གི་རིན་པ་ཡིན།། 

རིན་མི་ལེན་ཐབས་ཤིག་མེད་སོང་ན།།

རོགས་ད་ཐེངས་རིམ་པའི་བདེ་མོ་བྱོས།། 

ལུས་རིན་ཆེན་ལྷ་ཁང་མ་ཞིག་ན།།

རོགས་གཞུག་གི་སྡེ་ལུང་མཐའ་ནས་ཐུག།

༢༠༡༦ལོའི་ཟླ་ཟེར་དེབ་གཉིས་པའི་སྟེང་དུ་བཀོད་ཟིན།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།