ཀྲུང་གོ་བོད་ཀྱི་དྲ་བ།

བོད་ཀྱི་དམངས་སྲོལ་ཆོས་ལུགས་རིག་གནས་སྣང་ཚུལ་འདི་ཡ་ཐོག་ནས་བརྒྱུད་པའི་འདུ་ཤེས་ཀྱི་རྒྱུན་ཞིག་ཡིན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རེབ་གོང་པ་མཁར་རྩེ་རྒྱལ།   སྤེལ་དུས། : 2016-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

d5c636f5466d4ca4e0cb5863fbb3e431.jpg

རེབ་གོང་པ་མཁར་རྩེ་རྒྱལ་ནི། ༡༩༦༧ལོའི་ཟླ་༡༠པར་ཡུལ་རེབ་གོང་གསེར་མོ་ལྗོངས་ཀྱི་སའི་ལྟེ་བ་རོང་བོ་ས་དཀྱིལ་གཡང་སྡེ་ཕྱུག་མོར་སྐྱེས། ༡༩༧༥ལོ་ནས་བཟུང་ཕ་ཡུལ་དུ་རིམ་པར་སློབ་ཆུང་དང་སློབ་འབྲིང་། མཐོ་འབྲིང་བཏོན། ༡༩༨༥ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་དེ་སྒྲ་རིག་པའི་དངོས་གཞི་སློབ་མ་བཏོན། ༡༩༨༩ལོ་ནས་བྱ་བའི་ལས་གནས་སུ་ཞུགས་ཅིང་། སྔ་གཞུག་ཏུ་རྩེ་ཁོག་ཉིན་ཤུག་ཞང་དང་། རྫོང་ཨུ་གཞུང་ལས་ཁང་སོགས་སུ་དྲུང་ཡིག་ཁུར། རིམ་པར་ཁུལ་མི་རིགས་སྐད་ཡིག་བྱ་བའི་གཞུང་ལས་ཁང་དུ་ལོ་ངོ་བཅུ་ཕྲག་རིང་གཞུང་ཡིག་ལོ་ཙྭའི་ལས་ཀ་གཉེར། ༡༩༩༩ལོར་མ་ཡུམ་སློབ་གྲྭར་ཕྱིར་ལོག་ཏེ་མི་རིགས་རིག་པའི་སྐོར་གྱི་ཞིབ་འཇུག་སློབ་མ་བཏོན་པ་དང་། སློབ་མཐར་ཕྱིན་རྗེས་སྔ་གཞུག་ཏུ་རྨ་ལྷོ་ཁུལ་མི་དོན་ཅུའུ་དང་ཁུལ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་རུ་ཅུའུ་ཀྲང་གཞོན་པའི་འགན་ཁུར་བ་དང་།  ༢༠༡༡ལོ་ནས་རྨ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཚོགས་གཙོའི་འགན་ཁུར། ༢༠༡༣ལོའི་ཟླ་ལྔ་བར་ཞིང་ཆེན་སྲིད་གྲོས་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་དུ་ལས་གནས་སྤར་དེ་སྐབས་བབས་ཀྱི་བགྱི་བར་འབད་མུས་ལགས། དེ་ཡང་ཁོའི་མི་ཚེའི་འཚོ་བའི་ཁྲོད་ནམ་ཡང་ཁ་བྲལ་མ་མྱོང་བའི་ལས་ཞོར་གྱི་དགའ་ཕྱོགས་རིགས་གཉིས་ཡོད་པ་ནི། གཅིག་ནི་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ཐད་འབད་པ་དོན་གཉེར་དང་། གཉིས་ནི་རྒྱ་བོད་དབྱིན་གསུམ་སྐད་ཡིག་རིགས་གསུམ་གྱི་སྟེང་ནས་བོད་རིག་པ་དང་བོད་ཀྱི་དམངས་སྲོལ་སྐོར་གྱི་དཔྱད་རྩོམ་སྣ་ཚོགས་ཡིག་བསྒྱུར་ལོ་ཙྭ་དང་། དེའི་ཞོར་ནས་རང་ཉིད་ཀྱིས་དཔྱད་རྩོམ་དང་དཔྱད་བརྗོད་ཅི་རིགས་དུས་དེབ་སྣ་ཚོགས་སྟེང་སྤེལ། འཐུས་ཚབ་བརྩམས་ཆོས་ལ་བོད་ཀྱི་དམངས་སྲོལ་ཆོས་ལུགས་རིག་གནས་སྐོར་གྱི་བརྩམས་གཞུང་༼འཇིག་རྟེན་མཆོད་བསྟོད་༽ཡོད་དོ།


བོད་ཀྱི་དམངས་སྲོལ་ཆོས་ལུགས་རིག་གནས་སྣང་ཚུལ་འདི་ཡ་ཐོག་ནས་བརྒྱུད་པའི་འདུ་ཤེས་ཀྱི་རྒྱུན་ཞིག་ཡིན།   

རེབ་གོང་པ་མཁར་རྩེ་རྒྱལ།

ཡུལ་རེབ་གོང་འདུས་པའི་བོད་ཀྱི་དམངས་ཁྲོད་དུ། ང་ཚོས་ལྐོག་གྱུར་ཡིད་ཀྱི་མྱོང་བྱ་ལས་མངོན་སུམ་མིག་གི་སྤྱོད་ཡུལ་མ་ཡིན་པའི་དམངས་སྲོལ་རིག་གནས་སྣང་ཚུལ་ཇི་སྙེད་ཅིག་གོ་ཐོས་མྱོང་གསུམ་བྱུང་དང་འབྱུང་མུས་སུ་ཡོད་པ་དེ་དག་ཐམས་ཅད་ལ་དངོས་གཙོ་སྨྲ་བོས་རྨོངས་དད་ཀྱི་ཐོན་དངོས་ཞིག་རེད་ཅེས་རྦད་དེ་ཡོད་སྲིད་མིན་པའི་གཏན་ཚིགས་ཀྱིས་དགག་པར་བྱེད་ལ། སྔ་རབས་བོད་ཀྱི་སྐྱེས་ཆེན་དམ་པ་གོང་མ་རྣམས་ཀྱིས་རྣམ་རྟོག་གི་དབང་གིས་བྱུང་བ་ཡིན་ཞེས་དད་དེ་མོས་པ་བགྱིས་ན་སྣང་ངོར་འཆར་རྒྱུ་ཡོད་པ་ཞིག་དང་། དེ་ལས་ལྡོག་ན་མེད་པ་ཡིན་པར་ཁས་ལེན། ཁོ་བོས་བོད་མི་རིགས་ལ་ཁྱད་དུ་ཡོད་པའི་དམངས་ཁྲོད་ཆོས་ལུགས་ཀྱི་ལྟ་བ་འདིའི་ཕུགས་རྩ་དེད་པ་ནི། ཆོས་ལུགས་ལོ་རྒྱུས་ཡིག་ཚང་དང་དངོས་ཡོད་འཚོ་བའི་ཁྲོད་ཀྱི་གནས་ཚུལ་གང་ཞིག་ལ་བལྟས་ནས་དཔྱད་ཀྱང་། ལྷ་འདྲེ་ཡོད་སྨྲའི་ལྟ་བ་འདི་ཡ་ཐོག་གདོད་མའི་དུས་རབས་ནས་བོད་མིའི་བསམ་བློའི་འཇིག་རྟེན་དུ་རྐང་ཚུགས་པ་ནས་རིམ་གྱིས་བྱུང་བ་ལས་ལོ་རྒྱུས་གྱི་དུས་རིམ་ཞིག་གི་ནང་གློ་བུར་དུ་བྱུང་བ་ནི་མ་ཡིན་པར་འདུག ལོ་རྒྱུས་དངོས་གཙོ་སྨྲ་བ་དང་།ལྷ་ཆོས་རིག་པ་སྨྲ་བ་རྣམས་ཀྱིས་ལྟ་ཟུར་གང་གི་ཐད་ནས་བསམ་བློ་གཏོང་ཡང་ཆོག་གི ཐོག་མར་ཡིད་རྟོན་ཆོག་པའི་བདེན་དཔང་ཁུངས་བཙུན་ཞིག་འདོད་ན། རྩ་བ་གཅིག་ལ་རྩེ་མོ་བརྒྱ་དང་། ཆུ་མགོ་གཅིག་ལ་ཆུ་ཕྲན་སྟོང་གི་དཔེ་བཞིན། ཅིས་ཀྱང་ཡོང་ཁུངས་བྱུང་ཁུངས་ཀྱི་ཕུགས་རྩ་འདེད་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཞིག་ཡིན་པར་སེམས་སོ།

དེ་ཡང་། ཡ་ཐོག་གདོད་མའི་སྤྱི་ཚོགས་སུ། བོད་མདོ་དབུས་ས་མཐོ་འདི་གནོད་སྦྱིན་དང་། བདུད་སྲིན་ཀླུ་བཙན་སོགས་ཀྱིས་དབང་དུ་བཟུང་བའི་ཡུལ་ཞིག་ཡིན་པར་གསུངས་ཏེ། དང་པོ་གནོད་སྦྱིན་ནག་པོས་དབང་བྱས་ཏེ། །མིང་ཡང་ལྷ་སྲིན་གཉིས་ཀྱི་ཡུལ་དུ་བཏགས། །དེ་ནས་བདུད་དང་སྲིན་མོས་དབང་བྱས་ཏེ། །མིང་ཡང་ལྷ་སྲིན་གཉིས་ཀྱི་ཡུལ་དུ་བཏགས། །དེ་ནས་བདུད་དང་སྲིན་མོས་དབང་བྱས་ཏེ། །ཡུལ་གྱི་མིང་ལ་བོད་ཡུལ་གླིང་དགུར་བཏགས། །དེ་ནས་མ་སངས་སྤུན་དགུས་དབང་བྱས་ཏེ། །ཡུལ་མིང་བོད་ཁམས་གཡའ་དྲུག་བྱ་བར་བཏགས།།ཞེས་སོགས་ལོ་རྒྱུས་ཡིག་ཚང་དུ་གསུངས་ལ། དེའི་རྗེས་སུ་བོད་མིས་མཐའ་ཡས་པའི་རང་བྱུང་ཁམས་ཆེན་པོ་དང་མི་རང་ངོས་ལ་ངོས་འཛིན་པའི་བསམ་བློའི་ཁྱབ་ཁོངས་སུ་རིམ་བཞིན་ལྷ་ཆེན་པོ་བཞི། འགོ་བའི་ལྷ་ལྔ། སྲིད་པ་ཆགས་པའི་ལྷ་དགུ། ཕྱོགས་སྐྱོང་བ་བཅུ། བསྟན་མ་བཅུ་གཉིས། དགྲ་ལྷ་བཅུ་གསུམ་ལ་སོགས་ལྷ་ཚོགས་ཇི་སྙེད་ཅིག་དང་། དེ་བཞིན་ལྷ་ཀླུ་གཉན་བཙན་ལྷ་མ་ཡིན་དང་དྲི་ཟ་གྲུལ་བུམ་མིའམ་ཅི་ལྟོ་འཕྱེ་ཆེན་པོ་ལ་སོགས་པ་རྣམས་དང་། ཤ་ཟ་དང་སྲིན་པོ་དང་འབྱུང་བོ་རོ་ལངས་རྒྱལ་འགོང་ཐེའུ་རང་སོགས་ལྟས་ངན་བརྒྱད་ཅུ་གྱ་གཅིག་དང་། ཡེ་འབྲོག་སུམ་བརྒྱ་དྲུག་ཅུ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ལ་སོགས་པ་རྣམས་དང་། གཞན་ཡང་ཡས་ཀྱི་བདུད་དུ་ལངས་པ་དང་མས་ཀྱི་སྲི་རུ་ལངས་པ། བྱིས་པའི་གདོན་ཆེན་བཅོ་ལྔ་ལ་སོགས་ལྷ་འདྲེ་གདོན་བགེགས་ཀྱི་རིགས་དང་དབྱེ་གྲངས་མི་འདྲ་བ་སྣ་ཚོགས། 

86cc57eff9cdb2afb0d8eb10ab5fdbeb.jpg

དེ་བཞིན་ལྷ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡུལ་ལྷ་གཞི་བདག་ལ་སོགས་རང་ལ་གྲོགས་དང་མཐུན་རྐྱེན་སྒྲུབ་མཁན་མཐུན་པའི་ལས་བྱེད་ཀྱི་ལྷ་ཚོགས་ཇི་སྙེད་ཅིག་བོད་མིའི་བསམ་བློའི་འཇིག་རྟེན་དུ་བྱུང་བ་དང་། བོན་ཤེས་པ་ཅན་བཅུ་གཉིས་ཀྱི་སྐབས་སུ།ཕྱྭ་གཤེན་ཐེག་པ་གཏོ་དཔྱད་ཇུ་ཐིག་དང་། །མོ་བྲ་དབྱངས་འཆར་རྩིས་དང་སྨན་ལ་སོགས་དར་ཁྱབ་བྱུང་བ་ལ་བརྟེན་ནས། བོད་མིའི་སྤྱི་ཚོགས་རིག་གནས་ཀྱི་ཁྱབ་ཁོངས་སུ་ལྷ་ཕྱྭ་དང་། མགྲོན་ཕྱྭ། གྲོགས་ཕྱྭ་སོགས་ཕྱྭ་དང་གཡང་འགུགས་པའི་རིག་པ་དར་བ་དང་། དེ་བཞིན་དུ་མི་དང་མིའི་བར་དང་། མི་དང་གཟུགས་མེད་ལྷ་འདྲེའི་བར། མི་དང་རང་བྱུང་ཁམས་བར་འགལ་བ་ནས་མཐུན་པ་དང་། ཉེས་པ་ནས་ལེགས་པ། མི་དགེ་བ་ནས་དགེ་བ། རྟགས་དང་ལྟས་ངན་པ་ནས་བཀྲ་ཤིས་པ། རྐྱེན་ངན་པ་ནས་ཕུན་སུམ་ཚོགས་པ། དེ་བཞིན་སྐྱེས་བུའི་ཀླུང་རྟ་དང་དགྲ་ལྷའི་དཔུང་བསྐྱེད་པ་དང་། སྐྱེས་བུའི་ལུས་དང་སྲོག་འཚོ་ཞིང་བར་དུ་གཅོད་པའི་ལྷ་ཀླུ་གཉན་བཙན་གྱི་ཐུགས་དམ་བསྐང་ཞིང་དགྱེས་པར་བྱེད་པའི་མདོས་དང་གླུད་གཏོང་བ་དང་།སྐྱེས་བུའི་བླ་ཉམས་པ་དང་། ཡར་བ་དང་།འཁྱམས་པ་དང་། འཕྲོག་པ་དང་། བརྐུས་པ་དང་། བཀུག་པ་རྣམས་ཕྱིར་བསླུ་བ་དང་། གཤིན་གསོན་ཀུན་ལ་ཟ་འདྲེ་དང་ཤི་གཤེད་ཀྱི་གནོད་འཚེ་འགོག་པའི་བླ་བསླུ་བ་དང་། ལྷ་ཀླུ་གཉན་བཙན་མ་མོ་སྲོག་བདག་གཤིན་རྗེ་དང་བརྟན་སྐྱོང་རྣམས་ལ་བྱས་ཉེས་སྨེ་བཙོག་དང་འགྲམས་འཁྲུགས་སུ་ཤོར་བ་ཞི་ཞིང་མེད་པར་བཟོ་བ་དང་། བྱད་ཁ་ཕུར་ཁ་རྦོད་གཏོང་མནན་གཏད་ལ་སོགས་པ་ལས་འགྲོལ་ཕྱིར་དབྱིངས་ཀྱི་ལྷ་ཚོགས་ལ་མཆོད་བཀུར་བྱེད་པ་དང་། ས་བདག་ཀླུ་གཉན་བཅོས་པ་ལ་སོགས་གཏོ་དཔྱད་ཀྱི་ཐབས་མང་པོ་ཞིག་བོན་ཀྱི་སྐབས་དེ་དག་ཏུ་བྱུང་བ་མ་ཟད། སྐྱེས་བུའི་བླ་སྲོག་དང་ས་ཆུ་མེ་རླུང་སོགས་འབྱུང་བའི་ཁམས་ཀྱི་འབྲེལ་བ་སྟོན་པ་དང་། ལེགས་པའི་ལས་བྱ་སྤེལ་བ་དང་ཉེས་པའི་ལས་ངན་སེལ་བ་གཏན་འབེབས་པའི་གབ་རྩེ་དང་ཇུ་ཞག་གི་ལག་ལེན་ཡང་སྐབས་དེ་དག་ཏུ་དར། དེ་བཞིན་གཟའ་སྐར་འཕྲོད་སྦྱོར་གྱི་ལེགས་ཉེས་བརྩི་བའི་སྤར་ཁ་བརྒྱད་སྨེ་བ་དགུ་ལ་སོགས་བཟང་ངན་ཕན་གནོད་ཀྱི་ལྐོག་གྱུར་སྟོན་པའི་ཇུ་ཐིག་ཡང་དེ་དུས་སུ་བྱུང་ལ། གཞན་ཡང་བདག་སྐྱེས་པའི་སྐྱེས་སྐར་དང་། བདག་རྒ་བའི་བདེ་སྡུག བདག་འཆི་བའི་ལམ་བུ། ཡུལ་གཞན་དུ་སྤོ་བའི་གནས་དང་། ཡུལ་བྱེས་སུ་གྱེར་བའི་དུས། ཞིང་ཐོང་ཁ་འབྱེད་པའི་ཉིན། ཁྱིམ་གཞི་མཁར་རྡུང་སའི་ས། ཟོག་བོར་སྟོར་བྱུང་བའི་ཕྱོགས། ཆས་གཡོར་བསྐྱི་བྱེད་པའི་གཡང་། ས་བརྐོ་བསློག་བྱེད་པའི་ཡུལ་ལ་སོགས་པའི་བྱ་བ་ཆེ་ཆུང་ཐམས་ཅད་ལ་མོ་འདེབས་པ་དང་། རྩིས་རྒྱག་པ། ལྷ་འབེབས་པ། རྨི་ལམ་དང་སྣང་མཐོང་རྟེན་འབྲེལ་བརྟག་པ་ལ་སོགས་པའི་སྲོལ་ལུགས་དེ་རྣམས་བོན་སྐབས་ནས་དེང་གི་བར་བོད་ཡུལ་ལུང་བ་ཕུ་མདོ་བར་གསུམ་དུ་དར་ཡོད་པ་འདི་ཡིན་ནོ།

73b17cdeba01ebca6ee18aeacfd569c6.jpg

རི་བོ་ཧི་མ་ལ་ཡའི་ཤར་རྒྱུད་ས་ཁོངས་ཀྱི་ཆོས་ལུགས་སྤྱི་དང་ཁྱད་པར་བོད་ཀྱི་ལྷ་འདྲེ་གདོན་བགེགས་སྐོར་ལ་ཞིབ་འཇུག་གཏིང་ཟབ་གནང་མཁན། སྤྱི་ལོའི་དུས་རབས་ཉི་ཤུ་བའི་སྟོད་ཀྱི་ཆར་ཨའོ་ཟི་ཁྲུ་རྒྱལ་ཁབ་དུ་སྐུ་འཁྲུངས་པའི་བོད་རིག་མཁས་ཆེན་ནའེ་པེ་ཟི་ཀེས་ལགས་ཀྱིས་བརྩམས་གནང་མཛད་པའི་《བོད་ཀྱི་ལྷ་འདྲེ་གདོན་བགེགས》ཞེས་པའི་བརྩམས་ཆོས་དེ་ཉིད་ཁོང་སྐུ་འདས་རྗེས་ཀྱི་ལོ་ཉི་ཤུ་ཐམ་པའི་འཕྲོར་ཡང་བསྐྱར་པར་དུ་སྐྲུན་སྐབས། དཔེ་དེབ་འདི་ལ་རིག་གཞུང་ཞིབ་འཇུག་གི་རིན་ཐང་ཆེས་ཆེར་ལྡན་པའི་སྐོར་ནས། ནོར་ཝེ་ཨའོ་ཟི་ལོའུ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཁོ་ཝར་ནཱེ་ལགས་ཀྱིས། ཀློག་པ་པོ་རྣམས་ཀྱིས་དཔེ་དེབ་འདིའི་ཁ་ཕྱེས་ཏེ་བལྟ་བའི་ཚེ་ན། ཁྱེད་རང་རྒྱུས་མེད་ཀྱི་འཇིག་རྟེན་གཞན་ཞིག་ཏུ་ཁྲིད་འགྲོ་ངེས་ཏེ། དེ་གར་ཁྱེད་ཉིད་སྣེ་ཤན་པ་བྱང་མ་ཞིག་དང་འཕྲད་ཡོད་པ་འདྲ། བོད་ཀྱི་ཡུལ་ཁམས་དེར་ཡའོ་རོབ་གླིང་ནས་མྱུར་མགྱོགས་གནམ་གྲུར་བསྡད་དེ་ལམ་དུ་ཆས་ན་མཁའ་བགྲོད་ལམ་ཚད་ཆུ་ཚོད་བཅུ་གཉིས་ལྷག་ཡོད་ཅིང་། ལྷ་འདྲེ་གདོན་ཚོགས་ཀྱིས་བཀང་བའི་འཇིག་རྟེན་དེ་དང་། རྗེས་དཔག་ཚད་མ་ཁོ་ནར་བློ་ཕྱོགས་པའི་ཡའོ་རོབ་མིའི་སྣང་འཆར་མུན་ནག་གི་འཇིག་རྟེན་དེ་གཉིས་རྩ་བ་ནས་མི་འདྲ་བ་ཡིན།ཡའོ་རོབ་ཀྱི་འཇིག་རྟེན་དེར་འགྲོ་འདོད་མཁན་ཀློག་པ་པོ་རྣམས་ཀྱིས་རྒྱ་ཆད་ཕྱོགས་ལྷུང་གི་ལྟ་བ་དང་འཇིག་རྟེན་ཐ་མལ་བའི་འགྲོ་འདུག་གཏམ་སྤྱོད་ཀྱི་སྲོལ་རྙིང་དེ་ཕར་དོར་ན་བདེ་བླག་ཏུ་སླེབས་ཐུབ་མོད། འོན་ཀྱང་བོད་ཀྱི་འཇིག་རྟེན་དེ་ཡའོ་རོབ་འཇིག་རྟེན་དང་མི་མཚུངས་སྟེ། དེ་ཉིད་འཇིགས་རུང་ལྷ་འདྲེ་ཁྲག་འཐུང་ཚོགས་རྣམས་གནས་ས་ཞིག་ཡིན་པས་སོ། རེད་ཀྱང་ལྷ་འདྲེ་དེ་དག་གི་ཁྲོ་ཞིང་གཏུམ་པའི་རྫིག་ཉམས་ལས་ཕན་བདེ་ལེགས་ཚོགས་ཀྱི་འབྲས་བུ་ཞིག་ཅིས་ཀྱང་འབྱུང་ངེས་ཏེ། ཡུལ་དེ་གའི་གཞི་འཛིན་གྱི་བདག་པོར་གྱུར་བའི་ལྷ་འདྲེ་ཉུང་ཤས་ཤིག་ནི། རབ་དཀར་ཁ་བས་གཡོགས་པའི་གངས་རི་དང་། སྐྱི་བསེར་རླུང་བུ་ལྡང་བའི་ཐང་གཤོང་། སྒང་ནས་དྲག་ཏུ་འབབ་པའི་ཆུ་བོ། ཡངས་ཤིང་རྒྱ་ཆེ་བའི་རི་ཀླུང་སོགས་སུ་གནས་བཅས་ཏེ་ཁྱབ་ཡོད་པ་རེད། ཁོ་ཚོ་གནས་འདིར་བཙན་འཛུལ་བྱེད་མཁན་གྱི་མི་ལ་སྡང་ཞིང་ཐུགས་ཁྲོ་སླ་བ་མ་ཟད། ད་དུང་མྱུར་བ་མྱུར་དུ་ན་ཚ་དང་ཉམ་ཆག་བྱུར་རྐྱེན་སྣ་ཚོགས་གཏོང་བར་བྱེད་པས། འོས་ཤིང་འཚམ་ལ་བབ་དང་བསྟུན་པའི་ཐབས་བཀོད་གཞན་ཞིག་འཐེན་ནས་ཁོ་ཚོའི་ཐུགས་ཞི་བ་ལ་བཀོད་ཚེ། ད་གཟོད་གནོད་པ་དང་འཚེ་བ་སྣ་ཚོགས་ལས་བཟློག་ཐུབ་པ་ཡིན་ཞེས་སྔོན་འགྲོའི་གཏམ་དུ་བྲིས་གནང་འདུགའདི་ལས་ང་ཚོས་མཐོང་ཐུབ་པ་ནི་ལོ་ངོ་བརྒྱ་ལྷག་གི་ཡར་སྔོན་གོ་ལ་ཟླུམ་པོ་འདིའི་འཇིག་རྟེན་གྲུ་ཟུར་གཞན་ཞིག་གི་མིའི་མཐོང་སྣང་དུ་བྱུང་བའི་བོད་ཀྱི་ལྷ་འདྲེའི་འཇིག་རྟེན་རྙིང་བ་དེ་ཡིན་ནོ།

4b9b77c2c76574a990ca5d6403d5a02e.jpg

གཞན་ཡང་བོད་ཀྱི་ལྷ་པའི་སྐོར་ནས།གོང་གི་དཔེ་དེབ་དེའི་གླེང་གཞིར་མུ་འཐུད་འདི་ལྟར་བྲིས་ཡོད་དེ། ལྷ་དེ་དག་མིའི་ལུས་ཁོག་ཏུ་ཞུགས་ཏེ། རང་བྱུང་གི་ནུས་ཤུགས་ལས་བརྒལ་བའི་ལྷའི་མཐུ་སྟོབས་དེ་རང་ཅག་འགྲོ་བ་མིའི་རིགས་ལ་སྟོན་པ་མ་ཟད། ཁོ་ཚོར་སྐུལ་བ་ནན་ཞུ་བགྱིས་ཏེ་ལྷས་ལུང་དུ་བསྟན་པའི་འཇིག་རྟེན་དེ་གར་ཡོད་བཤད་དུ་འཇུག དེ་ཉིད་རྟགས་དང་མཚན་མ་སྣ་ཚོགས་ཀྱིས་གྲུབ་སྟེ། རང་རེའི་ཡིད་དཔྱོད་ཀྱིས་འཛིན་ཐབས་མེད་པའི་སྟོང་བའི་དབྱིངས་ཤིག་གམ། ཡང་ན་མིག་གིས་རིག་རྒྱུ་ཡོད་ཀྱང་ཆ་ལག་འཛོམས་པོ་ཞིག་ཡེ་ནས་མ་ཡིན་པའི་གཟུགས་བརྙན་ལྟ་བུ་ཞིག ཡང་ན། ཕྱི་གསལ་ཡང་ནང་མི་གསལ་བ་ཡོལ་རས་ཀྱིས་བསྒྲིབས་པ་ལྟ་བུ་འཇིག་རྟེན་དངོས་ཡོད་ལས་བརྒལ་བ་ཞིག་རེད། དེ་ཉིད་དད་པ་དག་སྣང་སྒོམ་ནས་བལྟས་ཚེ་ད་གཟོད་མཐོང་ཐུབ་པ་དང་། སེམས་ལྷོད་དུ་བཞག་སྟེ་བསམ་སྒོམ་བྱེད་པའམ་ཡང་ན་དྲག་ལས་ཀྱི་མཐུ་རྩལ་དང་རྙོག་འཛིང་གི་ཆོས་ལུགས་ཆོ་ག་བསྟར་ཚེ། ད་གཟོད་ལྷ་འདྲེ་དེ་དག་མིའི་ཚོད་འོག་ཏུ་འཛིན་ཐུབ་པར་སྣང་ཅེས་སོགས་འཁོད་གནང་འདུག་པ་འདི་ལས། ང་ཚོས་དུས་རབས་ཉི་ཤུ་བའི་སྟོད་ཀྱི་ཆར་འཛམ་གླིང་རང་བཞིན་གྱི་གྱོད་འཛིང་དམག་འཁྲུག་གི་མེ་ལྕེ་ཕྱི་ནང་ཐམས་ཅད་དུ་ཚ་ཚ་འུར་འུར་འཕྲོ་བ་དང་། རྫས་འཕྲུལ་ཚན་རིག་གསར་གཏོད་ཀྱི་ཡོ་ལང་རྣམ་པར་རྒྱས་བཞིན་པའི་སྒང་དུའང་གནའ་བོའི་བོད་ཀྱི་ཡུལ་གྲུ་འདི་ལ་རྙིང་ཚབ་གསར་བརྗེའི་འགྱུར་ལྡོག་ཡེ་མ་བྱུང་བར་སྔར་ལྟར་ལྷ་གསོལ་གདོན་བསྐྲོད་ཀྱི་ཆོ་གའི་ལས་ལ་བྲེལ་བཞིན་ཐུགས་དང་འགལ་བའི་ཉམ་ཆག་བསྐང་ཞིང་འཕྲིན་ལས་གཉན་པོ་གཉེར་དུ་གཏོད་པའི་ངང་ཚུལ་དེ་རྟོགས་ཐུབ་བོ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།