ཀྲུང་གོ་བོད་ཀྱི་དྲ་བ།

ལབ་ཙེ་བཅའ་ཚུལ་དང་དེའི་བྱ་བྱེད་ཀྱི་ཆོ་གའི་རིམ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ​གཅན་ཚ་བཀྲ་བྷོ།   སྤེལ་དུས། : 2016-09-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

80fc8bef08917bdd8b745236cc77f471.jpg

ཁོའི་མིང་ལ་གཅན་ཚ་བཀྲ་བྷོ་དང་སྨྱུག་མིང་ལ་གཅན་ཉི་གཞོན་ཟེར་ཞིང་། སྤྱི་ལོ1962ལོར་གཅན་ཚ་རྫོང་ཚོ་དྲུག་ཡུལ་ཚོ་གནམ་གོང་བ་སྡེ་བ་རུ་སྐྱེས། ཆུང་དུས་ནས་སློབ་གྲྭ་འགྲིམ་པའི་སྐལ་བ་བྱུང་སྟེ། སློབ་གྲྭ་ཆུང་འབྲིང་རིམ་གྱིས་མཐར་ཐོན།   1982ལོའི་ཟླ་བདུན་པ་ནས1987ལོའི་ཟླ་བདུན་པའི་བར་དུ་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ནས་དགེ་རྒན་གྱི་འགན་ཁུར།   1987ལོ་ནས་1991ལོའི་བར་དུ་མཚོ་སྔོན་མི་རིགས་སློབ་ཆེན་ནས་སློབ་གཉེར་བྱས།    སློབ་ཆེན་མཐར་ཕྱིན་པའི་ལོ་དེ་ནས་ད་རག་བར་དུ་མཚོ་སྔོན་མི་རིགས་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་གྱི་འགན་ཁུར་ལ། སྔ་གཞུག་ཏུ་པེ་ཅིན་དགེ་ཐོན་སློབ་ཆེན་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་སོགས་ནས་བོད་ཀྱི་ལོ་རྒྱུས་དང་དམངས་སྲོལ་རིག་པར་སློབ་གཉེར་བྱས་ཤིང་སྦྱངས་འབྲས་ཀྱང་མི་དམན་པ་བླངས།ད་ལྟ་སློབ་གྲྭ་དེ་གའི་བོད་སྐད་ཡིག་དང་རྩོམ་རིག་སྡེ་ཁག་གི་སློབ་དཔོན་ཆེན་མོ་དང་བོད་ཀྱི་དམངས་ཁྲོད་རྩོམ་རིག་དང་དམངས་སྲོལ་རིག་པའི་ཞིབ་འཇུག་ཁ་ཕྱོགས་ཀྱི་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་ཡིན་ལ།  སློབ་ཁྲིད་གཙོ་བོ་དང་ཞིབ་འཇུག་གི་ཁ་ཕྱོགས་ནི་བོད་ཀྱི་ལོ་རྒྱུས་དང་དམངས་སྲོལ་རིག་པ་ཡིན།   ལོ་ངོ་ཉི་ཤུ་ལྷག་གི་སློབ་ཁྲིད་ཀྱི་ཞོར་དུ་《བོད་ཀྱི་ཆོས་ལུགས་དམངས་སྲོལ་གྱི་སྣོད་བཅུད་བཏང་སྙོམས་ཐད་ཀྱི་བསམ་བློ》ཞེས་པ་དང་།   《བོད་བཙན་པོའི་སྐབས་ཀྱི་དམག་ཆས་དང་དེས་ཤན་ཤུགས་ཐེབས་པའི་ད་ལྟའི་དམངས་སྲོལ་སྣང་ཚུལ》ཞེས་པ་སོགས་དཔྱད་རྩོམ་ཞེ་གསུམ་དང་།《དམངས་སྲོལ་རིག་པའི་སྤྱི་དོན》ཞེས་པ་དང་《དམངས་སྲོལ་འཚོལ་སྡུད་དང་ཞིབ་འཇུག》ཅེས་པ་སོགས་བརྩམས་དེབ་ལྔ་འགྲེམ་སྤེལ་བྱས་ཤིང་། ཉེ་བའི་ལོ་དག་ལ་རང་ཉིད་ཀྱིས་མགོ་འཛིན་བྱེད་པའི་རྒྱལ་ཁབ་རིམ་པའི་ལས་གཞི་གཉིས་ད་ལྟར་འགྲུབ་ལེར་ཡོད་ལ། ལས་གཞི་གཞན་གསུམ་ལ་རོགས་སྒྲུབ་བྱེད་རྒྱུ་ཡོད།

གཞན་ལོ་འདི་གའི་རིང་ལ་མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་དང་། རླུང་འཕྲིན་ཁང་སོགས་ཀྱིས་རེ་བ་དང་གདན་ཞུ་ལྟར་བོད་ཀྱི་ལོ་རྒྱུས་དང་དམངས་སྲོལ་རིག་གནས་འཆད་ཁྲིད་དང་དཔྱད་གླེང་ཐེངས 25 ཙམ་བྱས་མྱོང་ཞིང་། དེ་མ་ཟད། ལོ་འདི་འགའི་རིང་ལ་རིག་གཞུང་ཞིབ་འཇུག་ཐད་དང་སློབ་ཁྲིད་ཐད་ནས་ཞིང་ཆེན་རིམ་པ་སོགས་ཀྱི་བྱ་དགའ་དང་མཚན་སྙན་ཡང་གསུམ་ཙམ་ཐོབ་མྱོང་།

33029936f94c8e294307d4aae7da56b9.jpg

ལབ་ཙེ་བརྩིགས་པ་དང་དེ་ལ་དང་དོད་བྱེད་པ་ནི་མདོ་དབུས་ཁམས་གསུམ་ས་ཁུལ་གང་དུ་ཡང་ཕྱིའི་རྣམ་པ་དང་གཞི་ཁྱོན་ཆེ་ཆུང་འདྲ་མིན་སྣ་ཚོགས་སུ་ཡོད་པ་མ་གཏོགས་སྤྱིའི་ཆ་ནས་བཤད་ན་ངོ་མ་ས་ཁྱབ་རྡོ་ཁྱབ་ཏུ་སོང་ཡོད་འདུག་པ་རེད། 

དེ་ཡང་རིག་གནས་དེའི་ཐད་ཀྱི་ཤེས་བྱ་མང་པོ་ཞིག་ལབ་ཙེ་རྩིག་མཁན་གྱི་ཡོན་བདག་མང་ཚོགས་ཀྱིས་ཤེས་རྒྱུ་མེད་ལ། ཨེ་ཤེས་ཀྱི་བསམ་བློའང་མེད་པར་ཆེད་དུ་བསྐོས་པ་ལྟ་བུའི་མི་སྣ་སྐོར་ཞིག་གིས་ངག་ཁོ་ན་ལ་བརྟེན་རྒྱུ་ཡོད་པ་དེ། གཞུང་ལུགས་ཀྱི་དགོངས་གཞི་ལྟར་ཡིན་ཀྱང་སྲིད་མོད། འོན་ཀྱང་ཕྲན་ནས་ཤེས་མཁན་དང་ལག་ལེན་མཁན་མང་ན་དར་རྒྱས་ཆེ་ལ་ཡང་དག་ཏུའང་འགྲོ་ངེས་པའི་འདོད་འདུན་གྱིས་རང་ལག་ཏུ་སོན་པའི་གཞུང་ལུགས་ཀྱི་དཔེ་ཆ་འགའ་ཕན་ཚུན་གཤིབ་བསྡུར་དང་ཕན་ཚུན་ལྷན་ཐབས་ལ་བརྟེན་ནས་འདིའི་སྐོར་ལ་སྤྲོ་བ་ཡོད་པའི་ཀློག་པ་པོ་ཚོགས་ལ་ཁ་གསལ་དོན་འདུས་ཀྱིས་ངོ་ཙམ་སྤྲོད་འདོད་པ་ཡིན།

དང་པོ།  ས་བརྟག་པ།

དེ་ཡང་། ལབ་ཙེའི་ལོ་རྒྱུས་དང་ཕན་ཡོན་བསྟན་པའི་སྐབས་སུ། ལྷའི་བཙུན་པ་བློ་བཟང་ཤེས་རབ་ནས། རྒྱལ་བོའི་ལབ་ཙེ་རི་རྩེར་བརྩིགས།། རྒྱལ་སྲིད་ཆོས་བཞིན་དར་བ་དང་།། སྲིད་ཞི་ཕྱོགས་བཞིར་བརྟན་པར་མཛད།། བཙན་པོའི་ལབ་ཙེ་གོང་ཁར་བརྩིགས།། བཙན་ཕྱུག་འཕན་གསུམ་འཛོམས་པ་དང་།། ཐབས་ཤེས་གཟུ་དཔང་རྒྱས་པར་མཛད།། རྨང་པོའི་ལབ་ཙེ་རི་ཁེལ་ཀར་བརྩིགས།། རྨང་པོའི་མི་རྒྱུད་གྲོལ་བ་དང་།། མི་ནོར་ཟས་གསུམ་འཕེལ་བར་མཛད།། ཕྱུག་པོའི་ལབ་ཙེ་འཕྲང་ཁར་བརྩིགས།། མི་ནད་ཡམས་ནད་ཆད་པ་དང་།། བདེ་སྐྱིད་དགེ་བ་རྒྱས་པར་མཛད།། ཅེས་པ་དང་། ཞྭ་དམར་པ་དགེ་འདུན་བསྟན་འཛིན་རྒྱ་མཚོས་མཛད་པའི་ལབ་ཙེའི་མཆོད་ཆོག་ཏུ། བཙན་པོའི་ལབ་ཙེ་རི་ཡི་རྩེ་མོ་དང་།། འཕན་པོའི་ལབ་ཙེ་རི་ཡི་ཁེལ་ཁ་སྟེ།། ཕྱུག་པོའི་ལབ་ཙེ་རི་ཤོད་ཀླུང་དུ་བརྩིགས།། ཡུལ་མིའི་བཙན་ཕྱུག་འཕན་གསུམ་དར་བར་བྱས།། ཞེས་པ་དང་། གཞན་ཉང་སྐྱེས་སྣང་མཛད་རྡོ་རྗེ་སོགས་ཀྱིས། ཀྱེ་ཏི་རི་བོའི་རྩེ་མོ་དང་།། ལབ་ཙེ་རི་བོའི་སྐེད་ནས་ཏེ།། དཔའ་མཁར་རི་བོའི་འདབས་སུ་བརྩིགས།།  ཞེས་པ་སོགས་ལས་ཀྱང་ཤུགས་ཀྱི་བསྟན་དོན་དང་་ལབ་ཙེ་དངོས་སུ་བརྩིགས་པ་ལ་སྦྱོར་དངོས་རྗེས་གསུམ་གྱི་གོ་རིམ་གཏན་འཁེལ་དུ་ཡོད་པ་ལ་བསམ་གཞིག་མི་བྱེད་པར་ངོས་ཐད་ཀྱི་ས་གནས་གཅིག་པུ་གཙོར་བཟུང་སྟེ་ལབ་ཙེ་བརྩིགས་སྲོལ་ཕལ་ཆེར་མེད། དེའི་ཕྱིར། གཟའ་སྐར་འཕྲོད་སྦྱོར་ལེགས་པའི་དགེ་བའི་ཉིན་ཞིག་བདམས་ཏེ།ས་དཔྱད་ཀྱི་གཞུང་ལྟར། ཀ་བཞི་སྲུང་བཞི་ཚང་བ་སྤྱི་ལ་དགོས།། དགོན་སྡེ་རི་ཁྲོད་རྒྱལ་ཁབ་བློན་པོའི་གྲོང་།། གྲོང་ཁྱེར་ཆུང་འབྲིང་ཆེ་གསུམ་གནས་པའི་གཞིར།། ས་ཡི་དགེ་བཅུ་དག་ཀྱང་ཚང་བ་གཅེས།། ལྷ་ཁང་ཚྭ་ཁང་སྐུ་འབུམ་རྡོ་འབུམ་དང་།། གཏེར་སྦ་དཔའ་མཁར་ལབ་ཙེ་དུར་ཁྲོད་སོགས།། ས་ཡི་དགེ་བཅུ་ཚང་བ་མི་དགོས་ལ།། གཞན་རྣམས་ཕལ་ཆེར་ཀུན་ལ་ཐུན་མོང་ངོ།། ཞེས་པ་དང་། གཞན་གསས་མཁར་ལྷ་ཐོ་བརྩིགས་པའི་ས།། རི་ཡི་རྩེ་རུ་བརྩིགས་མི་བརྩིགས།། གཞི་བདག་དང་ལེན་མི་ལེན་ཡོད།། དེ་ཕྱིར་རྩེ་རུ་བརྩིགས་མི་བྱ།། རི་ཡི་རྩེ་ལྐོག་དཀྱིལ་ཙམ་གྱི།། ས་དྲག་མེད་ཅིང་ས་དཔལ་བཟང་།། དེ་རུ་བརྩིགས་ན་ཉེས་འགལ་མེད།། མཎྜལ་མཆོད་འབུལ་ཚུལ་དུ་འོང་།། དེ་རྣམས་ཕྱི་ཡི་ས་དཔྱད་ཡིན།།ཞེས་གསུངས་ཡོད་པ་ལྟར་ས་གཞི་བརྟག་བསླང་སྦྱང་གསུམ་སོགས་ཀྱི་སྔོན་འགྲོ་བསྒྲུབས་རྗེས། མུ་མཐུད་དུ་ 《ས་བརྟག་བསླང་སྦྱང་གསུམ་བུམ་གཏེར་དང་བཅས་པའི་ལག་ལེན་མདོར་བསྡུས་ཨུཏྤལ་ཆུན་པོ》ཞེས་བྱ་བའི་ལག་ལེན་ལྟར།  གཞི་བདག་སོགས་ལ་གཏོར་མ་དང་བསང་བཏང་ལ། དེ་རྗེས་རང་ལྷའི་ང་རྒྱལ་ལ་གནས་པས་བདུད་རྩི་འཁྱིལ་བའི་སྔགས་བཟླ་བཞིན་ཞེང་མཐོ་གང་ངམ་ཁྲི་གང་ཙམ་གྱི་ཁུང་བུ་བརྐོས་ཏེ།  དེ་མ་ཐག་དེ་ཉིད་ཀྱིས་སླར་ཁུང་བུ་དེ་བཀབ་པས། ས་ལྷག་ན་མཆོག་ལ།   མ་ཁེངས་ན་མི་རུང་བ་དང་།  དེ་མིན་ཁུང་བུ་བཀང་བ་དེ་འཁྱིལ་བའི་སྔགས་བརྗོད་ཅིང་སླར་མཐོ་གང་བརྐོས་ནས་ཆུས་བཀང་ལ་འབྲུ་གསུམ་བཟླ་བཞིན་དུ་ཤར་དུ་མྱུར་ཙམ་གོམ་པ་བརྒྱད་སོང་ནས་ལོག་འོང་སྟེ་བལྟས་པས་ཆུས་བཀང་ཡོད་པའམ། ཕྱེད་ལྷག་ཙམ་ཡོད་ལ་གཡས་སུ་འཁོར་བའམ་མི་འཁོར་ནའང་རུང་། སྐམ་པའམ་ཉུང་ཙམ་ཡོད་པ་དང་། ཡང་ན་གཡོན་དུ་འཁོར་ན་གཞི་དེར་བརྩམས་མི་རུང་ལ།  ཡང་རུང་བའི་མཚན་མ་མཐོང་ཡང་ཆུ་སྒྲ་དང་བཅས་བགེགས་ཡོད་པས་འཁྱིལ་བའི་སྔགས་ཀྱིས་བསྐྲད་དགོས་པ་སོགས་ཀྱི་བླང་བྱ་ལྟར་ཆོ་གའི་རིམ་པ་དང་པོ་སྟེ་ཡོངས་གྲགས་སུ་ས་ལ་ལྟ་བ་ཞེས་པ་དེ་ནན་ཏན་དུ་བསྒྲུབས་པར་བྱས་པའོ།།

3ee65ea27a03ad580d6dde14ced4e88b.jpg

         གཉིས་པ།  ས་སློང་བ།

  ཆོ་ག་འདི་ནི་གོང་དུ་སོང་བའི ‘ས་བརྟག’ གི་བྱ་བྱེད་ཆ་ཚང་སོང་ནས་ས་གང་གཏན་ལ་ཕབ་རྗེས་ཡུལ་དེའི་ས་བདག་གནས་བདག་ལ་སློང་བའི་ཆོ་ག་སྟེ།《ས་དཔྱད་ཕྱོགས་བསྒྲིགས》སུ།  བསླང་བ་ལའང་གཉིས་ཏེ། མངོན་པ་དང་། མི་མངོན་པ་ལས་བསླང་བའོ།། ཞེས་པ་ལྟར།  ལབ་ཙེ་བརྩིགས་པའི་ས་ནི་སྔ་ས་ནས་ཡུལ་དཔོན་ནམ་མི་གཞན་གྱིས་ས་དེ་བདག་ཏུ་བཟུང་ཡོད་པ་ལས་ཉོས་པའམ་བསླངས་ནས་གནང་བ་ཐོབ་པར་བྱས་རྗེས། གདན་ཞུ་ལག་ལེན་པ་རྣམ་པས་ས་དེ་ལ་གནས་པའི་གཞི་བདག་ལ་གནང་བ་ཞུ་བ་སྟེ། གནས་དེར་སྟེགས་ཀྱི་ཁར་ཆུ་གཉིས་ཉེར་བཤམས་ལ། སྐྱབས་སེམས་སྔོན་དུ་བཏང་སྟེ། རང་ཉིད་སྐད་ཅིག་གི་འཕགས་པ་ཐུགས་རྗེ་ཆེན་པོའམ་རང་གི་ལྷག་པའི་ལྷ་གང་ཡང་རུང་བར་གྱུར་པར་བསམ་སྟེ། མཆོད་གཏོར་རྣམས། སྔགས་ཀྱིས་བསང་ཞིང་སྦྱངས། སྟོང་བའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཞུ་བ་ལས་བྱུང་བའི་མཆོད་གཏོར་རྣམས་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། དེ་ནས། ཨོཾ་ཨཱ་ཧྰུཾ། ལན་གསུམ་བརྗོད་དེ་བྱིན་གྱིས་རླབས།རང་གི་ཐུགས་ཀའི་ཧྰུཾ་གི་འོད་ཟེར་གྱིས་ས་བདག་ཞིང་སྐྱོང་ཀླུ་སོགས་ཐམས་ཅད་འཁོར་དང་བཅས་པ་སྤྱན་དྲངས་ཏེ་མདུན་དུ་བསུ་ལ། དེ་ནས་གཏོར་བསྔོའི་སྔགས་སོགས་ཟློ་ཞིང་མཆོད་གཏོར་འབུལ་བར་བྱས་ཏེ། དྲིལ་སིལ་དང་བཅས་པས། གང་དག་འདི་གནས་ལྷ་དང་ཀླུ།། གནོད་སྦྱིན་སྲིན་པོའམ་ནི་གཞན།། དེ་དག་རྣམས་ལ་ས་འདི་ནི།། བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ།། འདིར་ནི་ཚོགས་བསགས་རྟེན་བཞེངས་ཕྱིར།། ས་བརྐོ་རྡོ་སློག་ཤིང་གཅོད་ལ།། ཕྲག་དོག་གང་ཡང་མི་བྱེད་ཅིང་།།ཕོག་ཐུག་ཉེས་ཀུན་ཞི་བར་མཛོད།། ཅེས་ལན་གསུམ་གྱིས་གསོལ་བ་བཏབ་ཅིང་། རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་ས་ལ་ལན་གསུམ་བརྡབས་པ་དང་། ཡང་ན། རྡོ་རྗེ་གསོར་ཞིང་གཡོན་པས་དྲིལ་བུ་དཀྲོལ་ལ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི།། སྤྱོད་པའི་ཚུལ་དང་ཁྱད་པར་དུ།། ས་དང་ཕ་རོལ་ཕྱིན་རྣམས་ལ།། ལྷ་མོ་ཁྱོད་ནི་དཔང་དུ་གྱུར།། སྐྱོབ་པ་ཤྰཀྱ་སེང་གེ་ཡིས།། ཇི་ལྟར་བདུད་ཀྱི་དཔུང་བཅོམ་པ།། དེ་ལྟར་བདག་གིས་བདུད་བགེགས་སྟོབས།། བཅོས་ནས་ཚོགས་བསགས་རྟེན་གསུམ་བཞེངས།། ཞེས་པ་ལྟ་བུ་ས་སློང་བའི་ཞུ་འབོད་ལན་གསུམ་བརྗོད་དེ། ས་སློང་བར་བྱེད་ལ་ས་ནི་ཚོགས་རྟེན་གང་རུང་བཞེངས་མཁན་དེར་འཐོབ་མིན་ལ་ཐེ་ཚོམ་གཏན་ནས་བྱེད་རྒྱུ་ཡོད་པ་མེད་པ་རེད།

གསུམ་པ།  ས་སྦྱང་བའམ་འདུལ་བ།

ཆོ་ག་འདི་ནི་རྟེན་གསུམ་སོགས་མ་བཞེངས་པའི་ཡས་ཀྱི་གྲ་སྒྲིག་སྟེ།     ཕྱིའི་སྔོན་འགྲོ་ནང་གི་རྗེས་མ་ཡིན་ལ། འདི་བསྒྲུབས་ཚར་པ་ནས་བཟུང་། ལས་ཀ་པ་རྣམས་ཀྱང་ལག་ལེན་པ་དང་བཟོ་བཀོད་པའི་བཀོད་སྒྲིག་ལྟར་ལས་ཀ་བྱེད་པའི་མགོ་བརྩམས་པ་རེད།  དེ་ཡང་ཆོ་ག་འདི་ལ་རྒྱས་འབྲིང་བསྡུས་གསུམ་དུ་ཡོད་པས་འདིར་སྣེ་སྟོན་པ་ཙམ་དང་སྟབས་བདེ་བའི་ཕྱིར་མདོ་ཙམ་བཀོད་ན།《ས་དཔྱད་ཕྱོགས་བསྒྲིགས》སུ།   ས་སྦྱང་བ་ལ་གསུམ། ས་བརྐོས་ནས་སྦྱང་བ། རྫས་སྔགས་ཏིང་འཛིན་གསུམ་གྱིས་སྦྱང་བ།  བླ་མེད་ཀྱིས་སྦྱང་བའོ།། ས་བརྐོས་ནས་སྦྱང་བ་ལ་ས་བརྐོས་ཏེ་ཟུག་རྔུ་བསལ་ནས་སྦྱང་བ་དང་། ལྟོ་འཕྱེ་བརྟག་ནས་བརྐོས་ཏེ་སྦྱང་བ་སྟེ།  གང་དུ་བྱེད་པའི་སའི་གཞི་ཁྱོན་ལས་ཅི་ཙམ་དགོས་པའི་ཚད་དང་ཤིན་ཏུ་འཚམ་པ་ཞིག་བརྐོས་ཏེ། རུས་པ།  གྱོ་དུམ། ཐལ་ཐ། སྡོང་དུམ། ཚེར་མ། ཕུབ་མ། རྡོ་སོལ་ལ་སོགས་པའི་ཟུག་རྔུ་གང་ཡོད་བསལ་ནས། ས་ལྷག་མ་དེ་ཉིད་དྲི་ཞིམ་པོའི་ཆུ་དང་སྦྱར་ནས་དོང་དེ་བཀབ་ཅིང་།ས་དེས་མ་བཀང་ན་ས་གཞན་ཟུག་རྔུ་མེད་པ་སྣོན་པའོ།། གལ་ཏེ་ས་བསལ་བྱས་ཀྱང་བསལ་བྱ་མང་དྲགས་ན་ལག་པས་ས་ལ་རེག་ཅིང་སྔགས་བཟླས་ཏེ་ཉེས་པ་སེལ་བར་བྱེད་དོ།།

དེ་ནས་རང་ཉིད་སྐད་ཅིག་གིས་བགེགས་མཐར་བྱེད་དུ་གྱུར་བའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་བགེགས་ཐམས་ཅད་མདུན་དུ་བཀུགས་པར་སེམས་ཤིང་། མཆོད་གཏོར་འབུལ་ལ་བྱིན་གྱིས་བརླབས་པའི་སྔགས་སོགས་བཟླས་ཏེ། གནས་འདིར་རྟེན་གསུམ་བཞེང་བ་ལ་བར་དུ་གཅོད་པའི་བགེགས་ཀྱི་ཚོགས་གང་ཡིན་པ་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ། ཞེས་པ་དང་། མཇུག་མཐར། སུམ་བྷ་ནི་བརྗོད་དེ། གུ་གུལ་གྱིས་བདུག་ཅིང་།  ཡུངས་ཀར་གྱིས་བྲབ། རོལ་མོ་དྲག་ཏུ་བྱ་བ་སྟེ། ཞི་བ་དང་། ཞི་དྲག་ཕྱེད་མ་དང་། དྲག་པས་རིམ་བཞིན་བགེགས་སྦྱང་ངོ་།། 

བཞི་བ། ལབ་ཙེའི་བཅའ་བ།

དེ་ཡང་།《ལྷ་རྟེན་བརྩིགས་ཚུལ་གྱི་ཆོ་ག་དགེ་ལེགས་དཔལ་སྟེར》ལས་ལབ་ཙེ་བཅའ་བ་ལ་ཐོག་མའམ་གཙོ་བོ་ཀླུ་གཏེར་གྱི་བུམ་པ་བཅའ་བ་དང་། ས་གཏེར་གྱི་བུམ་པ་བཅའ་བ། སྲོག་ཤིང་བཅའ་བ་བཅས་སོ།།

f92b8fae5bdba00e7d0a7987a0863bf3.jpg

༡  ཀླུ་གཏེར་བུམ་པ་བཅའ་ཐབས། 

བུམ་པ་ཡུལ་གང་ཡིན་གྱི་བྲེ་ཚད་ལས་མི་ཆུང་བས་བཅུད་ཤོང་བ། གསེར་དངུལ་ཟངས་གསུམ་མམ། མེད་ན་རྫ་གསར་བུམ་པའི་ནང་དུ། ཛ་ཏི་དང་། ཆག་ཚང་ཀུ་བ། གཟེ་མ།   འཕང་ཆེན། བུ་ཤི་རྩེ། རྡོ་རྒྱུས། ཁྲ་བོ་གཟི། རྒྱ་སྤོས། མགྲོན་བུ་དཀར་པོ། ལེབ་རྒན་དར། སྙིང་ཞོ་ཤ། མཁལ་མ་ཞོ་ཤ། གུ་གུལ་དཀར་པོ། ། ཆུ་སྲིན་སྡེར་མོ། དུང་། མཚལ། ལྕོག་ལ། རས་སྐུད་དཀར་པོ། རྩྭ་རྨ་བྱའི་མདོངས། ཟི་ར་དཀར་ནག  ནཱ་ག་གེ་སར། ནཱ་ག་བུ་ཥྦ། བལ་བོའི་ཟེའུ་འབྲུ། དམར། ཤིང་ལྕང་མ། ཨུཏྤལ། ལི་ཁྲི། སྦྲུལ་གྱི་པགས་པ། དུར་བ། ཐང་ལོ། སྨྱུག་ལོ། བ་དམར་པོའི་འོ་མ། ར་དཀར་མོའི་འོ་མ། ཡིད་བཞིན་ནོར་བུའི་གཟུགས་བྲིས་འབུར་གང་རུང་དང་། གཞན་ཡང་མི་བསོད་ནམས་ཅན་དང་། སྟོབས་དང་འབྱོར་བ་ཕུན་སུམ་ཚོགས་པ་དགུའི་ལག་ནས་སླེ་ཏྲེས་དང་། རྒྱ་མཚོའི་ལྦུ་བ། དབང་ལག ཤུ་དག་སྟེ་སྨན་ལྔ། གསེར་དངུལ་བྱུ་རུ་མུ་ཏིག་མུ་མེན་སྟེ་རིན་པོ་ཆེ་ལྔ། ཙན་དན་དཀར་དམར། ཛ་ཏི། ག་བུར། གུར་གུམ་སྟེ་དྲི་ལྔ། ནས་འབྲས་གྲོ་སྲན་ཏིལ་སྟེ་འབྲུ་ལྔ། གསེར། ལན་ཚྭ། བུ་རམ། མར། ཏིལ་སྟེ་སྙིང་བོ་ལྔ། སྦྲང་རྩི། ཀ་ར། འོ་མ། ཞོ།  མར་སྟེ་བདུད་རྩི་ལྔ། དར་སྣ་ལྔ། འདོད་ཡོན་སྣ་ལྔ་རྣམས་ཀྱིས་གང་བར་བྱ། རྫས་དེ་རྣམས་ལ་དུག་དང་། གླ་རྩི། ཤ་ཆང་སྒོག་ཙོང་སོགས་ཀླུ་ལ་གནོད་པའི་རྫས་གཏན་ནས་འདྲེས་མི་རུང་ལ། བུམ་པའི་སྟོད་ཀྱི་ཆར་རབ་གསེར་དངུལ་ཟངས་སོགས་ཀྱི་བླུགས་ནས་བཅོས་པ་དང་།  འབྲིང་ལ་རིན་པོ་ཆེ་བརྡར་བའི་ཙན་དན་ནམ། ཀླུ་སྨན་ས་སྣ་ལས་བྱས་པ། ཐ་མ་ལ་ཀླུའི་གཟུགས་ལྕང་མའི་བྱང་བུ་འམ་ཤོག་གུའམ། རས་སམ། གྲོ་ག་ལ་བྲིས་པ་དེ་རྣམས་གང་རུང་གིས་པདྨ་འདབ་མ་བརྒྱད་པའི་དབུས་སུ་ནོར་རྒྱས། ཤར་དུ་སྟོབས་རྒྱུ། ལྷོར་དུང་སྐྱོང་། ནུབ་ཏུ་མཐའ་ཡས། བྱང་དུ་ཝ་རུ་ཎ། ཤར་ལྷོར་འཇོག་པོ། ལྷོ་ནུབ་ཏུ་རིགས་ལྡན། ནུབ་བྱང་དུ་པདྨ། བྱང་ཤར་དུ་པདྨ་ཆེན་པོ། ཐམས་ཅད་ཀྱང་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་སྟོད་ལྷའི་ལུས་ཅན་དང་སྨན་སྦྲུལ་མཇུག་ཏུ་འཁྱིལ་བ། ཕྱག་གཉིས་ཀྱིས་རིན་པོ་ཆེའི་གཏེར་གྱི་བུམ་པ་ཐུགས་ཀར་འཛིན་པ། དབུ་ལ་སྦྲུལ་མགོའི་གདེངས་ཀ་ལྔ་དང་ལྡན་པ། ཡུམ་རྣམས་ཀྱི་གཟུགས་ཡབ་ལ་གཟིགས་ནས་བསྟེན་པར་བྱ་སྟེ། ནོར་རྒྱས་ལ་སྔགས་དང་བཅས། ཀླུའི་རྒྱལ་བོ་ནོར་རྒྱས་རྟེན་འདི་ལ་བརྟན་པར་བཞུགས་ནས་བདག་ཅག་དཔོན་སློབ་སྦྱིན་བདག་འཁོར་དང་བཅས་པ་རྣམས་ལ་ནོར་དང་འབྲུ་རིན་པོ་ཆེ་དང་།འདོད་དགུའི་ལོངས་སྤྱོད་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་རྒྱུན་མི་ཆད་དུ་འབྱུང་བར་བསྩལ་དུ་གསོལ་སྭ་ཧཱ། ཞེས་བླུགས་མ་ཡིན་ན་མཐིང་ཤོག་ལ་གསེར་གྱིས་བྲིས་ནས་གཟུངས་འཇུག་ལྟར་འབུལ།   བྱང་བུ་སོགས་ཡིན་ན་རྒྱབ་ལ་མཚལ་གྱིས་བྲིས། སྟོབས་རྒྱས་ལའང་སྔགས་དང་བཅས། ཀླུའི་རྒྱལ་པོ་སྟོབས་ཀྱི་རྒྱུ་རྟེན་འདི་ལ་ཞེས་སོགས་རང་རང་གི་ཕྱོགས་ལ་མ་ནོར་བར་བྲིས་ནས་བུམ་པའི་ནང་དུ་བཞུགས་སུ་བཅུག   བུམ་པའི་ཁ་དར་སྣ་ལྔས་ལེགས་པར་བཅིངས་དགོས་པ་ཡིན་ནོ།། འདི་ནི་གཞུང་ལུགས་ལྟར་གྱི་ཀླུའི་གཏེར་བཅའ་སྲོལ་ཡིན་ལ།  གོང་དུ་བརྗོད་པའི་རྫས་ཀྱི་ཆ་ནས་ཆུ་སྲིན་གྱི་སྡེར་མོ་ལྟ་བུ་ཅུང་དཀའ་བའི་རྫས་རིགས་འགའ་དངོས་མ་མིན་ཡང་རྩྭ་སྨན་དང་སྨན་འབྲས་སོགས་ནས་ཚབ་བྱེད་ཆོག་པའང་རྟོགས་དགོས་པའི་གནད་ཅིག་རེད་བསམས་སོ།།

༢  ས་གཏེར་གྱི་བུམ་པ་བཅའ་ཚུལ། 

རིན་པོ་ཆེའམ་རྫ་གསར་བ་སོགས་ཀྱི་བུམ་པ་གཙང་མའི་ནང་དུ་ཨ་རུ་ར། སྐྱུ་རུ་ར། ཛ་ཏི། ལི་ཤི   སུཀྨེལ། ཅི་གང་། གུར་གུམ།  ཀ་ཀོ་ལ། ལུང་ཐང་། ག་བུམ། ཙནྡན་དཀར་དམར། རྒྱ་མཚོའི་ལྦུ་བ། སྙིང་ཞོ་ཤ  ཀླད་ཀོར་ཞོ་ཤ  མཁལ་མ་ཞོ་ཤ  དབང་ལག ཀནྡ་ཀ་རི། བུ་ཤི་རྩེ། ཤུ་དག  ལི་ཁྲི། ཤིང་ལོ་སྣ་ཚོགས། སྤོས་དཀར། གསེར་དངུལ་བྱུ་རུ།  མུ་མེན་མུ་ཏིག   ཟངས། ཤེལ་དུང་། མཆོང་། ནས་འབྲས་གྲོ་སྲན་ཏིལ་དང་ཟབ་སྣ་དགུ། སྦྲང་དང་ཀ་ར་བུ་རམ་འོ་མ་ཞོ་མར། ཁྲབ་བྱང་མིག་དགུ། སྟག་གི་སྡེར་མོ། ཕག་རྒོད་ཀྱི་མཆེ་བ། དོན་གྱི་སྣ། གཟིག་གི་ཐིག་ལེ།  ཉའི་མགོ་རྣམས་བཞུགས་ཏེ་བཀང་བ་དང་། གཞན་བུམ་པ་གཅིག་ལ་རྩི་མར་གྱིས་གང་བར་བྱས་ཏེ། བུམ་པ་གཉིས་ཀའི་ཁ་དར་སྣ་ལྔས་དམ་པར་བཅིང་ངོ་།། 

༣  སྲོག་ཤིང་བཅའ་ཚུལ། 

སྲོག་ཤིང་ནི་རྩ་དབུ་མའི་མཚོན་དོན་ཡིན་ལ། སྐུའི་རྟེན་དང་ཐུགས་ཀྱི་རྟེན་བྱེད་ཅིང་། འདིར་གསུང་གི་རྟེན་མི་དགོས་པར་གསུངས་པ་ལྟར། སྐྱེས་བུ་དར་མ་མིང་བཀྲ་ལེགས་པོས། ཁ་ཤར་དུ་བསྟན་པའི་རི་ལས་ཨ་ཀ་རུ་དང་།ཤུག་པ་སོགས་ཤིང་བཟང་པོ་འདོམ་གང་ཙམ་ལ།  ཤར་ངོས་མ་ནོར་བར་བླངས་ནས་གླིང་བཞིར་བྱས་ཐོག དེ་ལ་བཟང་དྲུག་དང་ར་དཀར་མོའི་འོ་མས་བྱུགས་ཤིང་། དེའི་ཤར་གྱི་འོག་ནས་སོར་གསུམ་གྱི་ཚད་ཙམ་ལ་གླིང་བཞི་བྲི། དེ་ནས་ཡར་མཐོ་གང་འཇལ་བའི་སྣར་ཁུང་གྲུ་བཞི་བརྐོས་པའི་ནང་མིག་གཅིག་ལ་སྲིད་པ་ཧུའི་ཕྱག་རྒྱ་སྔགས་ཚིག་དང་བཅས་པ་བྲི། གཡུ་དང་མགྲོན་བུ་བཏགས་པའི་རྟ་དཀར་ལུག་དཀར་དང་། མེ་ལ་མ་རེག་པའི་བྱ་རྒོད་སྒྲོ་བཞི་ཅན་སྨྱུག་མ་ཚིགས་གསུམ་གྱི་མདའ་ལ་གསེར་གཡུ་དུང་གསུམ་དང་། དར་ཚོན་སྣ་ལྔ་བཏགས་ཏེ།  བྲེ་མཐོ་གང་ལས་མི་ཆུང་བའི་ནང་དུ། གོང་དུ་བཤད་པའི་སྨན་ལྔ་དང་རིན་ཆེན་ལྔ ། དྲི་ལྔ། འབྲུ་ལྔ། སྙིང་བོ་ལྔ། བདུད་རྩི་ལྔ་སོགས་རྫས་འདི་རྣམས་བཀྲ་མི་ཤིས་པའི་སྐྱོན་དང་བྲལ་བར་བསགས་ལ་ཁྱད་པར་ནས་སྔོན་གྱིས་བཀང་བར་བྱེད། སྲོག་ཤིང་གི་ངོས་ལ་འབྲི་རྒྱུ་ནི་ཀོང་ཙེའི་ལུགས་ལ་མཆོད་རྟེན་གྱི་སྤྱི་འགྲོས་ལྟར་བྱས་པས་འཐུས་ཤིང་། བོན་ལུགས་ལ་རང་གི་ཐུན་མོང་མ་ཡིན་པའི་འབྲི་ཚུལ་གཞན་དག་ཡོད་དེ། རྩེ་མོར་ཉི་ཟླ་སྐར་གསུམ་ལ་སོགས་པ་འབྲི་བ་སྟེ།རྒྱུ་མཚན་ནི།ཟུར་གཞན་ཞིག་ནས་བཤད་ན། ཉི་མ་གསུང་གི་རྣམ་པའི་ངོ་བོ་དང་། ཟླ་བ་སྐུའི་རྣམ་པའི་ངོ་བོ། ཁྱད་པར་དུ་ནཱ་ད་ཐུགས་ཀྱི་རྣམ་པའི་ངོ་བོ་ཡིན་ཚུལ་དེ་འབྲི་ཞིང་སྐར་མ་མི་འབྲི་བ་ནི་ད་ལྟ་སྤྱི་ལ་ཁྱབ་པར་བྱས་པ་ཙམ་རེད།

 ae5b11fa3f2c387042bf4e7454bc24a6.jpg

ལྔ་བ།  ལབ་ཙེ་བརྩིགས་པ།

དེ་ནི་བྱ་བའི་ལག་ལེན་གྱི་དངོས་གཞི་སྟེ། ལབ་ཙེ་མ་བརྩིགས་པའི་ཡར་སྔོན་དུ་ཡོངས་སུ་བསྒྲུབས་ནས་གྲུབ་པའི་ཀླུ་གཏེར་གྱི་བུམ་པ་དང་། ས་གཏེར་གྱི་བུམ་པ་གཉིས་གཏེར་སྦ་བྱེད་དགོས་ཤིང་། སྐབས་དེར་དགོས་རྒྱུ་རྫས་དངོས་ལ།《ལྷ་རྟེན་བརྩིགས་ཚུལ་གྱི་ཆོ་ག་དགེ་ལེགས་དཔལ་སྟེར》ལས། བེར་དཀར་པོ་དང་། འབྲུ་ཟན་སྣ་དགུ། རྡོ་ལེབ་གསུམ་གྱི་གཅིག་ལ་རུས་སྦལ་གན་རྐྱལ་དུ་ཉལ་བའི་ཕོ་བར་དགུ་ལོང་འཐེན་པ་ཞིག་དང་གཅིག་ལ་སྦལ་བ་ཕོ་མོ་གཉིས། གཅིག་ལ་སྦྲུལ་ཕོ་མོ་གཉིས་བཅས་བྲིས་ཏེ། བྲེའི་གདན་གཞི་རས་ལ་པདྨ་འདབ་བརྒྱད་བཞི་ཚོན་སྣ་ལྔས་བྲིས་པའི་སྟེང་དུ་གཏེར་བུམ་རྣམས་བསྒྲིགས་རྗེས་སུ། ལྷོར་རུས་སྦལ་གཙོ་བཅས་སྦྲུལ་སྦལ་སོགས་ཕྱོགས་སོ་སོའི་གཏེར་བུམ་གྱི་ཐོག་ཏུ་བཞག་སྟེ་གནོན་པར་བྱེད། འདི་ནི་ལབ་ཙེ་མ་བརྩིགས་སྔོན་གྱི་ངེས་སྒྲུབ་ཀྱི་ཆོ་ག་ཞིག་ཡིན་མོད། འོན་ཀྱང་ད་ལྟའི་དུས་སུ་ས་གཏེར་སོགས་ཀྱི་ཕྱག་ལེན་མེད་པར་སྙིང་བོ་མེད་པའི་ལབ་ཙེ་བརྩིགས་མཁན་ཡང་ཡོད་པ་ལ། དེ་ནི་ས་བདག་ཀླུ་གཉན་སོགས་མི་དགྱེས་པར་མ་ཟད། རང་བྱུང་གནོད་འཚེ་མང་ཞིང་། ཐན་པ་དང་མུ་གེ་ནད་ཡམས་སོགས་སེམས་ཅན་ལ་མི་མཐུན་པའི་སྐྱོན་ཆེ་བས་ཕྱག་ལེན་ཇི་ལྟ་བུ་བཞིན་ཡོང་རྒྱུ་གལ་ཆེ། དེ་ཡང་ལབ་ཙེ་བརྩིགས་ན་གཞི་མ་སྟག་གཟིག་གི་པགས་པའམ་ཟ་འོག་གང་རུང་གི་གདན་གཞིའི་སྟེང་། ཨ་ཀ་རུ་དང་ཤུག་པ་ཙན་དན་སོགས་རྟེན་འབྲེལ་གྱི་རྟེན་ཤིང་བཞི་ཀ་འདོམ་གཉིས་གསུམ་ཅན་དགོས་ལ། དེ་ནས་འོ་མ་བསྲུབས་ནས་མར་ཐོན་པ་དང་འདྲ་བའི་གནད་ཀྱི་སྐོར་ཡིག་བཅུ་གསུམ་མམ་ཨ་བོ་རིག་འཛིན་བཅུ་གསུམ་ནི། དངོས་མིང་གིས་བཤད་ན། ལབ་ཙེར་གནས་པའི་ཡུལ་ལྷ་གཙོ་བོ་དེའི་བཟའ་ཉ་ཉོག་སྟེ། ཁོ་བོའི་མེས་པོ་དང་། ཕྱི་མོ། ཡབ་ཡུམ་གཉིས། ལྕམ་དྲལ་དགུ་སྟེ་ཕུ་ནུ་ལྕམ་སྲིང་དང་བུ་དང་ཚ་བོ་དགུ་ལ་ཟེར་ཞིང་། དེ་ནི་མིའི་འགྲོ་ལུགས་ལྟར་གྱི་འཚོ་བའི་ཁོར་ཡུག་དང་འཕྲིན་ལས་བསྐྱངས་རོགས་ཀྱི་སྡོངས་གྲོགས་ལ་བསམ་ན་འགྲིག་སྙམ། འདི་རྣམས་འབྲི་ཐབས་ནི། ཤུག་པའི་བྱང་བུ་སོར་བརྒྱད་ཅན་གྱི་སྟེང་དུ་རིག་འཛིན་བཅུ་གསུམ་པོ་རེ་རེ་བཞིན་མཚལ་གྱིས་འབྲི་དགོས་པ་མ་ཟད། བྱང་བུའི་རྒྱབ་ངོས་སམ་ཡང་ན་བྲིས་ན་འཚམ་པའི་གཞི་ལ། རིག་འཛིན་རེ་རེ་གྱི་ནུས་པ་ལྟར་ཡོན་བདག་རྣམས་ཀྱི་མི་རྒྱུད་དང་ལོངས་སྤྱོད་འཕེལ་བ་ལ་སོགས་ཀྱི་འཕྲིན་བཅོལ་དང་རེ་སྨོན་བཅས་འབྲི་ཞིང་།  བསྐོར་ཡིག་བཅུ་གསུམ་མམ་རིག་འཛིན་བཅུ་གསུམ་མེད་ན་ལབ་ཙེ་བརྕིགས་པ་དོན་ཆུང་བའི་བཤད་རྒྱུན་ཡང་ཡོད།  དེ་ནས་ཟན་ཕྱེ་ལས་བྱས་པའི་བྱ་ལུག་གཡག་གསུམ་དང་། རི་དྭགས་ཀྱི་གཟུགས་བཅུ་གསུམ་རེ་བྱ་བ་སྟེ། ཤུག་པའི་བྱང་བུ་མཐོ་གང་ཅན་དགུ་བཅུ་གོ་གཅིག་ལ། རྟ་དམར་བཅུ་གསུམ། གཡག་ནག་བཅུ་གསུམ། ལུག་སེར་བཅུ་གསུམ། ར་དཀར་བཅུ་གསུམ། བ་གླང་སྔོན་པོ་བཅུ་གསུམ། འབྲི་སྨུག་པོ་བཅུ་གསུམ། རྟོལ་མོ་ལྗང་ཁུ་བཅུ་གསུམ་རྣམས་དང་། བྱང་བུ་མཐོ་གང་ཅན་བརྒྱད་ལ་ཁྱུང་དཀར་པོ། བྱ་རྒོད་ནག་པོ། སྐྱ་ཀ་རྣམས་འབྲི་ལ། དེ་ནས་ད་དུང་བསྲུང་མ་བཞི་སྟེ། བྱང་བུ་མཐོ་གང་ཅན་བཞིའི་གཅིག་ལ་སེང་དཀར་མོ་དང་། གཅིག་ལ་འབྲུག་སྔོན་པོ། གཅིག་ལ་སྟག་སེར་པོ། གཅིག་ལ་འབྲོང་སྨུག་པོ་བཅས་རང་རང་གི་ལས་ལྟར་འཕྲིན་བཅོལ་རེ་སྨོན་གྱི་དོན་དང་བཅས་རིམ་པ་བཞིན་ཤར་ལྷོ་ནུབ་བྱང་གི་སྒོ་སྲུང་དུ་འབྲི་བའོ།། 

དེ་ནས་བཀྲ་ཤིས་ཀྱི་ར་བའི་ཡུག་དཀར་པོ་གསུམ་དང་། གུར་ཕུབ་ཀྱི་མཁན་པ་དུར་བ་རྣམས་དང་། ཁྲབ་རྨོག་དང་། མེ་ལོང་བཅུ་གསུམ་བཏགས་པའི་བྱ་སྒྲོ་ཅན་གྱི་མདའ་བཅུ་གསུམ་གཞུ་དང་བཅས་པ། མེ་མདའ། གྲི་སོགས་མཚོན་ཆ་སྣ་ཚོགས། རལ་གྲི་བཅུ་གསུམ། མདའ་བཅུ་གསུམ། མདུང་བཅུ་གསུམ། རུ་མཚོན་འཕྱར་དར་བཅུ་གསུམ། མཁན་བྱ་བཅུ་གསུམ་སྟེ﹙རྒྱུ་མཁན་པ་ལས་བཟོ་བའི་འཕུར་གྲབས་ཀྱི་བྱ་བཅུ་གསུམ།﹚ཤིང་རིགས་བལ་ཚོན་གྱིས་བརྒྱན་པ། སྟག་པ་དང་སྦ་སྙུག་ལ་བཏགས་པའི་སྟག་གཟིག་ཟ་འོག་གི་རྒྱལ་མཚན། སྦ་སྨྱུག་ཚིགས་གསུམ་དར་སྣས་བརྒྱན་པ། ཤོག་བུའི་དོང་ཙེ་སྟོང་ཕྲེང་ཅན་དང་། སྟག་ལོ་བ་སྐྱེས་པ་དར་མ་མིང་དོན་བཟང་བོས། ཤར་ནས་རྡོ་དཀར་པོ། ལྷོ་ནས་རྡོ་སྔོན་པོ། ནུབ་ནས་རྡོ་དམར་པོ། བྱང་ནས་རྡོ་སེར་བོ། དབུས་ནས་རྡོ་དམར་པོ་རྣམས་ལེན་དགོས་ཤིང་། ས་བདག་ཀླུ་གཉན་རྣམས་ལ་འབུལ་རྒྱུའི་རྟ་དཀར་གཡག་དཀར་འབྲི་དཀར་ལུག་དཀར་རྣམས་དང་།གཞན་ཡང་དུང་དཀར་རྔ་སྦུབ་སིལ་སྙན་སོགས་རོལ་མོ་རྣམས་དང་། ཙནྡན་དཀར་དམར། ཨ་ཀ་རུ། བ་ལུ། ཤུག་པ་སོགས་ཀྱི་བསང་རྫས། མདའ་དར་རྣམས་ལེགས་པར་སྟ་གོན་བྱའོ།། དེ་ནས་སྔོན་ན་བཅོས་ཟིན་པའི་བུམ་པ་རྣམས་བསྒྲུབ་དགོས། དེ་སྒྲུབ་ཚུལ་ནི། འཕགས་པ་ཀླུ་སྒྲུབ་ཀྱིས་ཀླུའི་ཐེབས་གསུངས་ཡོད་པ་ལྟར། ཀླུ་རྣམས་ལ་མཆོད་གཏོར་བཏང་ན་མུ་གེའི་བསྐལ་བ་ལས་ཐར་བར་འགྱུར། ཞེས་གསུངས་པ་ལྟར་རམ། ལབ་ཙེ་བརྩིགས་པའི་ཞག་བདུན་གྱི་གོང་ལ་གཟའ་སྐར་བཟང་བོའི་དུས་སུ་གནས་གཙང་མར་ཅོག་ཙེ་སོགས་ཀྱི་སྟེང་དུ་པདྨ་འདབ་བརྒྱད་ཀྱི་དབུས་སུ་ཀླུ་གཏེར་གྱི་བུམ་པ། གཡས་སུ་གཏེར་གྱི་བུམ་པ། གཡོན་དུ་རྩི་མར་གྱི་བུམ་པ་རྣམས་བཞག་ནས། དེ་དག་གི་མདུན་དུ་ཟླུམ་གཏོར་དཀར་པོ། དཀར་གསུམ་མངར་གསུམ། ཀླུ་སྨན་སྣ་ཚོགས་ཀྱི་མཆོད་པ་རྣམས་བཤམས་ཏེ། རང་ཉིད་ཁྲུས་དང་གཙང་སྦྲ་བྱས་ལ། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང་ནས། སྭ་བྷ་ཝས་སྦྱངས། སྟོང་བ་ཉིད་དུ་གྱུར། སྟོང་བའི་ངང་ལས་པད་དཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཡི་གེ་ཧྲཱིཿ་དཀར་པོ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད།  སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ནས་འཕགས་པའི་གོ་འཕང་ལ་བཀོད། རྒྱལ་བ་སྲས་བཅས་ཀྱི་ཐུགས་རྗེ་ནུས་པ་དང་བྱིན་རླབས་ཐམས་ཅད་སྤྱན་དྲངས་ཏེ་གང་དེར་ཡོངས་སུ་འཐིམས་པར་གྱུར་བ་ལས་རང་ཉིད་སྤྱན་རས་གཟིགས་དབང་ཕྱུག་ཏུ་བསྐྱེད།  ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་ཏེ། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས།  རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་དང་ཐུགས་རྗེ་ནུས་པར་ཐམས་ཅད་སྤྱན་དྲངས་ཏེ་སྔགས་ཕྲེང་ས་བོན་དང་བཅས་པར་འཐིམས་པར་གྱུར་བར་བསམ་ལ། མཇུག་ཏུ་པདྨ་བཞི་སྦྱོར་གྱི་ཡིག་བརྒྱ་བརྗོད་ཅིང་། དེ་ནས་གཏེར་བུམ་དང་བང་མཛོད་ཀྱི་རྫས་རྣམས་སྟོང་བ་ཉིད་དུ་གྱུར། སྟོང་བའི་ངང་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་དང་ལྡན་པ་བཅུད་བཟང་བོས་བཀང་ཞིང་། དགོས་འདོད་ཐམས་ཅད་འབྱུང་བའི་གཏེར་ཆེན་པོའི་བུམ་པར་གྱུར་བར་སེམས་ལ། བུམ་པའི་ནང་དུ་པདྨ་འདབ་མ་བརྒྱད་པའི་ལྟེ་བ་དང་བཅས་པའི་འདབ་མ་རྣམས་ཡོངས་སུ་རྒྱས་པ་ལས། དབུས་སུ་ནོར་རྒྱས། ཤར་དུ་སྟོབས་ཀྱི་རྒྱུ། ལྷོར་དུང་སྐྱོང་། ནུབ་ཏུ་མཐའ་ཡས། བྱང་དུ་ཝ་རུ་ཎ། ཤར་ལྷོར་འཇོག་པོ། ལྷོ་ནུབ་ཏུ་རིགས་ལྡན། ནུབ་བྱང་དུ་པདྨ། བྱང་ཤར་དུ་པདྨ་ཆེན་པོ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པ། སྟོད་ལྷའི་ལུས་ཅན་སྨད་སྦྲུལ་མཇུག་ཏུ་འཁྱིལ་བ། ཕྱག་གཉིས་ཀྱིས་རིན་པོ་ཆེའི་གཏེར་གྱི་བུམ་པ་ཐུགས་ཀར་འཛིན་པ། ཁ་དོག་དག་པའི་ཤེལ་ལྟར་དྭངས་ཤིང་། ཡུལ་གྱི་དབང་བོ་སྣ་ཚོགས་སུ་སྣང་བ། སྤྱི་གཙུག་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་བཅས་པའི་སྦྲུལ་མགོའི་གདེངས་ཀ་བདུན་བདུན་དང་ལྡན་ཞིང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། གཡོན་ཕྱོགས་ན་རང་རང་དང་འདྲ་བའི་ཆུང་མས་བསྟེན་པ། དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱ་དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པར་གྱུར། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། རྒྱ་མཚོ་ཆེན་པོའི་ཀློང་ནས་ཀླུའི་རྒྱལ་པོ་འཁོར་དང་བཅས་པ་སྤྱན་དྲངས་ནས་ཀླུ་རྒྱལ་མ་ལུས་འཁོར་དང་བཅས་གནས་འདིར་གཤེགས་ནས། བདག་ཅག་དཔོན་སློབ་སྦྱིན་བདག་འཁོར་དང་བཅས་རྣམས་ལ་ནོར་དང་འབྲུ་རིན་པོ་ཆེ་དང་།འདོད་དགུའི་ལོངས་སྤྱོད་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་རྒྱུན་མི་ཆད་་དུ་སྩོལ་བར་སྔགས་སོགས་བཟླས་ནས་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ།།

0e23793f84dbbb6dc511b9efe7a6e47f.jpg

འདི་ཞག་བདུན་གྱི་གོང་ནས་ཤ་ཆང་སྒོག་ཙོང་གླ་རྩི་སོགས་གཏན་ནས་མ་འདྲེས་པར་ཉིན་རེ་ལ་ཐུན་གསུམ་རེ་བྱས་ཏེ་ཉིན་བདུན་ལ་སྒྲུབ། དེ་ལྟར་ན་བཤད་ཚུལ་དུ་འབྱོར་བ་འཕེལ་བ་དང་། ལོ་ལེགས་པ་དང་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བའི་རྟེན་འབྲེལ་ཡག་ཤོས་སུ་གྲགས་ལ་དེ་ནས་གཏན་འཁེལ་གྱི་ཉིན་ལ་ལབ་ཙེ་བརྩིགས་པའི་སར་སླེབས་ཏེ། སྟེགས་ཀྱི་ཁར་ཆུ་གཉིས་ཉེར་སྤྱོད་དང་བཅས་པ་བཤམས་ལ། ཤེར་སྙིང་ལན་གསུམ་བཟློག་པ་དང་བཅས་པ་བཏོན་ནས།རང་ཉིད་སྐད་ཅིག་གིས་དཔལ་ཕྱག་ན་རྡོ་རྗེར་བསྐྱེད་དེ། ཚོགས་ཞིང་སྤྱན་འདྲེན་པར་བྱེད་པ་སྟེ། རང་ཉིད་སྐད་ཅིག་གིས་ཕྱག་ན་རྡོ་རྗེར་གསལ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་སྔོན་པོའི་འོད་ཟེར་གྱིས་རང་བཞིན་གྱི་གནས་ནས་བླ་མ་དང་གཉིས་སུ་མེད་པའི་དཔལ་ཕྱག་ན་རྡོ་རྗེའི་ལྷ་ཚོགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྔགས་ཟློ་དང་བཅས་སྤྱན་དྲངས་ཤིང་། གང་གི་དྲིན་གྱིས་བདེ་ཆེན་ཉིད།། སྐད་ཅིག་གིས་ནི་ཐོབ་འགྱུར་བ།། བླ་མ་རིན་ཆེན་ལྟ་བུ་ཡི།། རྡོ་རྗེ་ཅན་ཞབས་པད་ལ་འདུད།། ཕྱག་ན་རྡོ་རྗེ་སྟོབས་པོ་ཆེ།། གཏུམ་པོ་དྲག་པོ་རྡོ་རྗེའི་སྐུ།། མི་ཟད་ནམ་མཁའི་མདོག་འདྲ་བ།།འཇོམས་མཛད་ཁྱོད་ལ་ཕྱག་འཚལ་ལོ།། ཞེས་ཕྱག་བྱས་ལ། དེ་ནས་ལབ་ཙེ་བརྩིགས་པ་ལ་བར་དུ་གཅོད་པའི་བགེགས་ཀྱི་ཚོགས་རྣམས་ལ། སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི་བདེན་པ། དགེ་འདུན་གྱི་བདེན་པ། ཁྱད་པར་དུ་དཔལ་ཕྱག་ན་རྡོ་རྗེའི་སྐུ་གསུམ་ཐུགས་ཀྱི་གསང་བ་བླ་ན་མེད་པའི་བདེན་པ་ལ་བརྟེན་ནས་ལབ་ཙེ་བརྩིགས་པ་ལ་བར་དུ་གཅོད་པའི་བགེགས་ཀྱི་ཚོགས་གང་ཡིན་པ་དེ་དག་ཐམས་ཅད་ལ་མཆོད་སྦྱིན་གྱི་གཏོར་མ་གང་ལ་གང་འཚམ་གྱིས་ཚིམ་པར་བྱས་ཤིང་། ཞི་བའི་སེམས་དང་ལྡན་པས་རང་རང་གནས་སུ་སོང་ཤིག་གིས་སྐུལ་བ་དང་། གལ་ཏེ་མི་འགྲོ་ན་ནི་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བས་མགོ་བོ་ཚལ་བ་བརྒྱར་འགས་པར་འགྱུར་བ་གདོན་མི་ཟའོ།། ཞེས་སུམ་བྷ་ནི་སྔགས་དྲག་ཏུ་བྱེད་ལ། དེ་ནས་སྔོན་ན་གྲུབ་ཟིན་པའི་ས་གཞི་བརྟག་བསླང་སྦྱང་གསུམ་ནང་གི་སྦྱང་བའི་ཚུལ་ནི་གོང་དུ་སོང་ཟིན་ལྟར་ཏེ། མདོར་ན། གཙོད་རྭ﹙རྡོ་རྗེའང་ཆོག﹚ས་ལ་བཙུགས་དེ། ཀྱེ་སངས་རྒྱས་དཀོན་མཆོག་བདེན་པ་དང་། དམ་ཆོས་དཀོན་མཆོག་བདེན་པ་དང་། མཆོག་གསུམ་བདེན་པའི་བྱིན་རླབས་ཀྱིས།། དཀྱིལ་འཁོར་དཔལ་དང་ལྡན་པར་ཤོག། ཉི་མ་ཐམས་ཅད་དགེ་བ་ཡིན།།  རྒྱུ་སྐར་ཐམས་ཅད་བཟང་བོ་ཡིན།། སངས་རྒྱས་ཐམས་ཅད་རྫུ་འཕྲུལ་ཆེ།། དགྲ་བཅོམ་ཐམས་ཅད་ཟག་པ་ཟད།། བདེན་པའི་བདེན་ཚིག་དེ་དག་གིས།། དེ་རིང་ཡོན་བདག་འཁོར་བཅས་ཀྱིས།། བཅོལ་བའི་ཆོ་ག་ལེགས་གྲུབ་ཤོག། ཀྱེ་གཙོད་རྭ་ས་ལ་བཙུགས་པ་འདི།། སྟེང་གི་ལྷ་ལ་བཙུགས་པ་མིན།། འོག་གི་ཀླུ་ལ་བཙུགས་པ་མིན།། བར་གྱི་གཉན་ལ་བཙུགས་པ་མིན།། རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི།། མི་ནོར་ལོངས་སྤྱོད་ཚེ་བསོད་ལ།། གནོད་བྱེད་ཕུང་སྲི་ཤུལ་ཕུང་གི། སྙིང་ལ་ཤིན་ཏུ་གཟེར་བ་ཡིན།། གནོད་བྱེད་ཆུང་སྲི་ཕྱུར་ངན་གྱི།། སྙིང་ལ་ཤིན་ཏུ་གཟེར་བ་ཡིན།། གནོད་བྱེད་རྟ་སྲི་བཙན་སྟོང་གི། སྙིང་ལ་ཤིན་ཏུ་གཟེར་བ་ཡིན།། གནོད་བྱེད་ནོར་སྲི་དཀོར་འདྲེ་ཡི། ། སྙིང་ལ་ཤིན་ཏུ་གཟེར་བ་ཡིན།། གནོད་བྱེད་ལུག་སྲི་གཏལ་གོང་གི། སྙིང་ལ་ཤིན་ཏུ་གཟེར་བ་ཡིན།། གནོད་བྱེད་ར་སྲི་རྐོང་བུ་ཡི།།  སྙིང་ལ་ཤིན་ཏུ་གཟེར་བ་ཡིན།། ཞེས་བརྗོད་ཅིང་ཡང་བསྐྱར་གཙོད་རྭ་ས་ལ་ཡང་ཡང་བཙུགས་ཏེ།   ཀྱེ་ས་མཁན་ཡོན་བདག་འཁོར་བཅས་ལ།། གནོད་པར་བྱེད་པའི་སྟག་བདུད་རྣམས།། དུག་ཡས་སྣ་དགུས་མར་ལ་བཀར།། མནན་ནོ་དགྲ་བོ་སྟག་བདུད་དེ།། དྲག་ཏུ་བསྒྱུར་ཞིང་རབ་ཏུ་མནན། ཝ་དང་གྲུམ་སྤུས་མར་ལ་བཀར།། ཤིན་ཏུ་བསྒྱུར་ཞིང་རབ་ཏུ་མནན།། དགྲ་བོ་ཐམས་ཅད་དྲག་ཏུ་བསྒྱུར།། ཞེས་བརྗོད་ཅིང་། སྟག་ལོ་བའམ། ཕག་ལོ་བའི་སྐྱེས་བུ་དར་མ་མིང་དོན་བཟང་བོས་གཏན་འཁེལ་གྱི་ས་ལ་བུམ་པ་གསུམ་ཤོང་ཚད། ཟབ་ཏུ་མདའ་གང་ཙམ་བརྐོས་སུ་བཅུག﹙ལབ་ཙེའི་རྒྱ་ཆེ་ཆུང་དང་བསྟུན་པ་གལ་ཆེ﹚  དེའི་སྐབས་སུ། བཀྲ་ཤིས་བརྩེགས་པ། གནམ་ས་སྣང་བརྒྱད། གཟའ་ཡུམ། སྐར་ཡུམ། བཀྲ་ཤིས་དོན་གྲུབ་སོགས་བཏོན་ན་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར་བ་ཡིན་ནོ།།

452c9732cd29048c0e90d8057cc47a58.jpg

   དེ་ནས་གཏེར་སྦ་པ་སྟེ། གོས་དཀར་པོ་གྱོན་ལ།ས་མཁན་མིའུ་ཐུང་འཕྲུལ་གྱིས་མཛད་པ་ལྟར་གྱིས། ཕྱོགས་བཞི་པོའི་ས་བདག་གཏེར་རྒྱལ་རྣམས་རེ་རེ་བཞིན་བོས་ཏེ། དེ་རིང་ཡོན་གྱི་བདག་པོ་འདིའི།། ལོངས་སྤྱོད་ཕུན་སུམ་ཚོགས་པའི་སྟེང་།། སྤྱོད་ཡུལ་བཟང་བོའི་ཞིང་ཁམས་ན།། ཟག་མེད་བདེ་བ་ཐོབ་པར་ཤོག། ཅེས་བརྗོད་ཅིང་། འབྲུ་ཟན་བླུགས། དེའི་སྟེང་དུ་རུས་སྦལ་དང་། སྦལ་བ་། སྦྲུལ་སོགས་གོང་སོང་ལྟར་བཞག དེའི་སྟེང་དུ་བུམ་པ་གསུམ་ཀའི་གདན་པད་འདབ་གསུམ་གྱི་དབུས་སུ་ཀླུ་གཏེར་གྱི་བུམ་པ། གཡས་སུ་ས་གཏེར་གྱི་བུམ་པ། གཡོན་དུ་རྩི་མར་གྱི་བུམ་པ་རྣམས་བཞག དེའི་སྟེང་དུ་སྔགས་ཅན་གྱི་རྡོ་ལེབ་བཞག་ཅིང་། འབྲུ་ཟན་སྣ་ཚོགས་གཏོར་བ་དང་བཅས་སྦ་བར་བྱས་རྗེས། ཀླུ་གཏེར་གྱི་སྨོན་ལམ་འདི་འདྲ་འདེབས་པའི་སྲོལ་ཡོད་དེ། ཀྱེ་དམ་པ་ཆོས་ཀྱི་གཏེར་སྦས་པས།། དམ་ཆོས་དར་ཞིང་རྒྱས་པར་ཤོག།  ཡིད་བཞིན་ནོར་བུའི་གཏེར་སྦས་པས།། མི་ཟད་གཏེར་ལ་ལོངས་སྤྱོད་ཤོག། དུར་བ་རྩྭ་ཡི་གཏེར་སྦས་པས།། རིག་འཛིན་ཚེ་ནི་རྙེད་པར་ཤོག། སྨན་སྣ་ལྔ་ཡི་གཏེར་སྦས་པས།། ནད་ཀྱི་བསྐལ་བ་ཞི་བར་ཤོག། རིན་ཆེན་ལྔ་ཡི་གཏེར་སྦས་པས།། རིན་ཆེན་ལྔ་ལ་སྤྱོད་པར་ཤོག། དྲི་སྣ་ལྔ་ཡི་གཏེར་སྦས་པས།། ཚུལ་ཁྲིམས་ཕུན་སུམ་ཚོགས་པར་ཤོག།འབྲུ་སྣ་ལྔ་ཡིས་གཏེར་སྦས་པས།། མུ་གེའི་བསྐལ་བ་ཞི་བར་ཤོག།  སྙིང་བོ་ལྔ་ཡི་གཏེར་སྦས་པས། སྐུ་ལྔ་ལྷུན་གྱིས་འགྲུབ་པར་ཤོག། བདུད་རྩི་ལྔ་ཡི་གཏེར་སྦས་པས།། དབང་བོ་ཐམས་ཅད་གསལ་བར་ཤོག། དར་སྣ་ལྔ་ཡི་གཏེར་སྦས་པས།། ཡེ་ཤེས་ལྔ་དང་ལྡན་པར་ཤོག། འདོད་ཡོན་ལྔ་ཡི་གཏེར་སྦས་པས།། འདོད་ཡོན་ལྔ་ལ་ལོངས་སྤྱོད་ཤོག། འདོད་དགུའི་རྫས་ཀྱི་གཏེར་སྦས་པས།། གང་ལ་ཅི་འདོད་འགྲུབ་པར་ཤོག། ཅེས་སྨོན་ལམ་འདེབས་ཤིང་བྱ་བྱེད་སྣ་ཚོགས་བྱེད། དེ་ནས་མུ་མཐུད་དུ་སྐད་གསེང་ཅུང་མཐོན་པོས།  ཀྱེ་ས་ཡི་ལྷ་མོ་ལ་སོགས་པའི།། ས་བདག་རྣམས་ཀྱི་སྤྱན་ལམ་དུ།། ཨ་བུར་སྐྱུར་གསུམ་ཕུལ་བ་ཡིས།། ནད་རིགས་ཐམས་ཅད་མེད་པར་ཤོག། བཟང་དྲུག་སྣ་ཚོགས་ཕུལ་བ་ཡིས།། སྡུག་བསྔལ་ཐམས་ཅད་མེད་པར་ཤོག། ལུང་ཐང་བཟང་བོ་ཕུལ་བ་ཡིས།། མིག་ནད་ཐམས་མེད་པར་ཤོག། སྨན་ཤེལ་ག་བུར་ཕུལ་བ་ཡིས།། རྣ་ནད་ཐམས་ཅད་མེད་པར་ཤོག། རྒྱ་མཚོའི་ལྦུ་བ་ཕུལ་བ་ཡིས།། ལྕེ་ནད་ཐམས་ཅད་མེད་པར་ཤོག། སྙིང་བོ་ཞོ་ཤ་ཕུལ་བ་ཡིས།། སྙིང་ནད་ཐམས་ཅད་མེད་པར་ཤོག། ཀླད་གོར་ཞོ་ཤ་ཕུལ་བ་ཡིས།། གློ་ནད་ཐམས་ཅད་མེད་པར་ཤོག། མཁལ་་མ་ཞོ་ཤ་ཕུལ་བ་ཡིས།། མཁལ་ནད་ཐམས་ཅད་མེད་པར་ཤོག། དབང་བོ་ལག་པ་ཕུལ་བ་ཡིས།། ལག་པའི་ན་ཚ་མེད་པར་ཤོག། ཀནྜའི་ཀ་རུ་ཕུལ་བ་ཡིས།། རྐང་བའི་ན་ཚ་མེད་པར་ཤོག། སྦུ་ཤེལ་རྩི་འདི་ཕུལ་བ་ཡིས།། རྩ་ཡི་ན་ཚ་མེད་པར་ཤོག།  ཤུ་དག་དཀར་པོ་ཕུལ་བ་ཡིས།།རུས་པའི་ན་ཚ་མེད་པར་ཤོག། ལི་ཁྲི་དམར་པོ་ཕུལ་བ་ཡིས།། ཁྲག་གི་ན་ཚ་མེད་པར་ཤོག། སྤོས་དཀར་བཟང་བོ་ཕུལ་བ་ཡིས།། དབུགས་མི་བདེ་བ་སེལ་བར་ཤོག། རིན་ཆེན་སྣ་ཚོགས་ཕུལ་བ་ཡིས།། ཚེ་བསོད་ཕུན་སུམ་ཚོགས་པར་ཤོག། འབྲུ་ཟན་སྣ་དགུ་ཕུལ་བ་ཡིས།། ལོངས་སྤྱོད་ཕུན་སུམ་ཚོགས་པར་ཤོག། དར་ཚོན་སྣ་ལྔ་ཕུལ་བ་ཡིས།། འདོད་དགུའི་ལོངས་སྤྱོད་འཕེལ་བར་ཤོག། དཀར་གསུམ་མངར་གསུམ་ཕུལ་བ་ཡིས།། ལུས་ངག་ཡིད་གསུམ་ཚིམ་པར་ཤོག། ཁྲབ་བྱང་མིག་དགུ་ཕུལ་བ་ཡིས།། འཇིགས་པ་ཐམས་ཅད་མེད་པར་ཤོག། སྟག་གི་སྡེར་མོ་ཕུལ་བ་ཡིས།། མཐུ་སྟོབས་ཕུན་སུམ་ཚོགས་པར་ཤོག། ཕག་གི་མཆེ་བ་ཕུལ་བ་ཡིས།། ཁ་དོག་སྟོབས་དང་ལྡན་པར་ཤོག། དོམ་གྱི་སྣ་འདི་ཕུལ་བ་ཡིས།། རྟག་ཏུ་མཐུ་དང་ལྡན་པར་ཤོག། གཟིག་གི་ཐིག་ལེ་ཕུལ་བ་ཡིས།། མྱུར་དུ་མཐུ་དང་ལྡན་པར་ཤོག། ཉ་ཡི་མགོ་བོ་ཕུལ་བ་ཡིས།། ཚངས་པའི་དཔལ་དང་ལྡན་པར་ཤོག། མར་གྱི་བུམ་པ་ཕུལ་བ་ཡིས།། མི་ཟད་གཏེར་ལ་ལོངས་སྤྱོད་ཤོག། བྱང་ཆུབ་སེམས་དང་ལྡན་གྱུར་ནས།། བླ་མེད་བྱང་ཆུབ་ཐོབ་བར་ཤོག། དེ་རིང་ཡོན་བདག་འཁོར་བཅས་ཀྱི།། བསམ་པའི་དོན་རྣམས་འགྲུབ་གྱུར་ཅིག། ཅེས་མེ་ཏོག་གཏོར་ནས་རྡོ་ལེབ་ཆེན་པོ་སོགས་ཀྱིས་ཁ་བཀབ་ཅིང་།དེའི་སྟེང་དུ་གཙང་མའམ་ས་དཀར་བོས་མཉམ་མཉམ་བྱས་པ་ན།ལབ་ཙེའི་གཏེར་བུམ་དང་བཅས་པའི་བཅའ་སྒྲུབ་འབུལ་གསུམ་གྱི་ལས་ཀའི་བྱ་བྱེད་མཐའ་དག་ཡོངས་སུ་གྲུབ་སོང་བ་རེད།

b19d94a5dae1bd2c8efb153a1f19acc7.jpg

 དེ་ནས་ལས་ཀྱི་གཞི་དངོས་ཏེ།ལབ་ཙེ་བརྩིགས་ཚུལ་ནི་གཏེར་འབུལ་ཟིན་ནས་ས་སྟེང་སྙོམས་ལ་གཙང་མ་བྱས་པའི་སྟེང་དུ་སྟག་གཟིག་གི་པགས་པའམ། ཟ་འོག་གང་རུང་གི་གཞི་བྱས་ཏེ་དབུས་སུ་སྲོག་ཤིང་བཞེངས། དེའི་རྒྱབ་ཏུ་རྟེན་འབྲེལ་གྱི་ཤིང་གི་རྩེ་མོར་སྲིད་པ་ཧུའི་ཕྱག་རྒྱ་བཏགས་ནས་དར་སྣ་ཚོགས་དང་ཤིང་ཐོག་སྣ་ཚོགས་ཀྱིས་བརྒྱན་ཏེ་བཞེངས། དེ་ལ་སྲོག་ཤིང་གི་རྩེ་མོ་ནས་ཏོག་གི་བར་རིམ་པ་བཞིན་རས་ཡུག་དཀར་དམར་མཐིང་སེར་ལྗང་ཁུ་རྣམས་ལྔས་ལེགས་པར་བཅིངས་ནས། མཚམས་བཞི་ལ་རྟེན་ཤིང་བཞི་ཀས་གཏུགས་ཏེ། དམུ་ཐག་དཀར་སེར་དམར་སྔོ་བཞི་ཀས་ཕྱོགས་མདོག་དང་མཐུན་པརའདོགས་ཤིང་ཕྱོགས་བཞིར་འཐེན་ཏེ་རྡོ་ལ་བཏགས་ནས་འདི་སྐད་དོ།། ཀྱེ་ཐག་དཀར་ཤར་དུ་འཐེན་པ་འདིར།། ས་བདག་ཆེན་པོ་སྟག་སྐྱ་བཞུགས།། དེ་རིང་ཡོན་བདག་འཁོར་བཅས་ལ།། མི་ཡི་ཕྱྭ་གཡང་དངོས་གྲུབ་སྩོལ། ཐག་སེར་ལྷོ་རུ་འཐེན་པ་འདིར། ས་བདག་གཡུ་འབྲུག་སྔོན་པོ་བཞུགས།། དེ་རིང་ཡོན་བདག་འཁོར་བཅས་ལ།། རིན་ཆེན་ཕྱྭ་གཡང་དངོས་གྲུབ་སྩོལ།། ཐག་དམར་ནུབ་ཏུ་འཐེན་པ་འདིར།། ས་བདག་ཆེན་མོ་བྱ་དམར་བཞུགས།། དེ་རིང་ཡོན་བདག་འཁོར་བཅས་ལ།། འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ།། ཐག་སྔོན་བྱང་དུ་འཐེན་པ་འདིར།། ས་བདག་རུས་སྦལ་ནག་པོ་བཞུགས།། དེ་རིང་ཡོན་བདག་འཁོར་བཅས་ལ།། ཕྱུགས་ཀྱི་ཕྱྭ་གཡང་དངོས་གྲུབ་སྩོལ།། ནམ་མཁའི་འཁོར་ལོ་རྩིབས་བརྒྱད་ཀྱིས།། བཀྲ་ཤིས་ཕྱྭ་གཡང་དངོས་གྲུབ་སྩོལ།། ས་ལ་པདྨ་འདབ་བརྒྱད་ཀྱིས།། བཀྲ་ཤིས་འཁྱིལ་གཡང་དངོས་གྲུབ་སྩོལ།། ཞེས་བརྗོད་ཅིང་མེ་ཏོག་གཏོར། དེ་ནས་སྟོད་གཞི་ཡུལ་ལྷ་གཞི་བདག་གང་དེའི་མེས་པོ་དང་།ཕྱི་མོ་དང་།ཡབ་ཡུམ་དང་།ལྕམ་དྲལ་དགུ་རྣམས་སྲོག་ཤིང་གི་རྩེ་མོ་ནས་རིམ་པ་བཞིན་དུ་འདོགས་ལ། སྲོག་ཤིང་གི་མདུན་དུ་གོང་གི་སྦ་སྙུག་ཚིགས་གསུམ་གྱི་མདའ་དང་བཅས་པའི་བྲེ་པད་འདབ་ཀྱི་སྟེང་དུ་འཇོག་ལ། དེའི་ཕྱི་རོལ་དུ་འབྲུ་ཟན་ལས་བྱས་པའི་གཟུགས་རྣམས་བཞག་སྟེ།བྱང་བུའི་གཟུགས་བསྡོམས་པའི་དགུ་བཅུ་གོ་དགུ་ཡོད་པ་རྣམས་སྔར་གྱི་གོ་རིམ་བཞིན་འཇིམ་པ་བཟང་བོ་ལ་བཙུགས། ཕྱོགས་བཞིའི་སྒོ་སྲུང་བཞི་རྣམས་བཙུགས། དེའི་མཐའ་སྐོར་དུ་བཀྲ་ཤིས་ཀྱི་ར་བ་བྱ། དེ་ནས་མཁན་པ། ཤུག་པ། དུར་བ་སོགས་ཀྱིས་གུར་ཕུབ་བྱ། དེ་ནས་རྡོ་རྩིག་གྲུ་བཞི་བྱས་ཏེ། དེ་ལ་ཁྲབ་རྨོག   ས་སྟག   མེ་མདའ། གྲི། རལ་གྲི །མདའ། མདུང་། རུ་མཚོན། འཕྱར་དར། མཁན་བྱ། ཤིང་རིགས་བལ་སྣས་བརྒྱན་པ། སྟག་པའི་རྩེ་རྒྱལ། སྦ་སྙུག་གི་རྩེ་རྒྱལ། སྦ་སྙུག་ཚིགས་གསུམ་རྣམས་མཛེས་པར་བྱ། དེ་ནས་རྡོ་རྩིག་ཟླུམ་པོ་བྱ། དེ་ནས་ཤིང་བཟང་བོ་དང་། ས་རྡོ་བཟང་བོས་ཞིབ་ཏུ་ལེགས་པར་བརྩིགས་ཏེ། ཅིས་ཀྱང་མི་ཆོད་པ་མི་ཤིག་པར་བྱས་ནས། དར་སྣ་ཚོགས་དང་། ཤོག་བུའི་དོང་ཙེ་སྟོང་ཕྲེང་སོགས་ཀྱིས་མཛེས་པར་བརྒྱན་ཅིང་། ཞོ་དང་མར་སྦྱར་བ་དང་། ཤིང་ཐོག་སྣ་ཚོགས་དང་།འབྲུ་སྣ་ཚོགས་གཏོར་ཏེ། ཕྱོགས་བཞིར་ཕྱོགས་མདོག་དང་མཐུན་པའི་རྡོ་བཞི་རྣམས་བཞག་ལ། ཕྱོགས་བཞིར་ལབ་ཙེ་ཆུང་བ་བཅུ་གསུམ་རེ་བྱ་སྲོལ་ཡོད་ཀྱང་། ད་ལྟ་དར་མི་ཆེ། འདིའི་སྐབས་སུ་ཞྭ་བོ་དང་། ལོང་བ། འཐེང་བོ། རྨེ་ཅན། གྲིབ་ཅན། བཤན་པ། རབས་ཆད། དམ་ཚིག་ཉམས་པ་རྣམས་གཏན་ནས་མི་འབྱུང་བ་གལ་ཆེ་བར་མ་ཟད། ཁ་སྨྲས་ངན་པ་དང་བཀྲ་མི་ཤིས་པའི་སྐད་ཆ་རྣམས་སྤངས་ནས་ཡོན་བདག་རྣམས་དད་པ་ཆེ་བ་དང་། ཐམས་ཅད་སྙིང་དགའ་ཞིང་། མི་དགའ་ལྷ་དགའ་དང་བཅས་བྲོ་འཁྲབ་པ་དང་། ནས་གཏོར་བ་ལ་སོགས་པའི་རྟེན་འབྲེལ་འགྲིག་པར་བྱེད་དགོས་སོ།། 

e27d7b99cf42678f1e29b34ac4ac67a6.jpg

དེ་ནས་མཆོད་གཏོར་བཤམས་པ་ནི། གས་ཤིང་མ་ཆག་པ་སོགས་ཀྱི་སྣོད་རྣམས་ཀྱི་ནང་དུ། བླ་མ་ཡི་དམ་རྣམས་ཀྱི་གཏོར་མ། མཁའ་འགྲོ་ཆོས་སྐྱོང་གི་གཏོར་མ་དང་། ནང་མཆོད། ཆུ་གཉིས་ཉེར་སྤྱོད་ཚར་གསུམ་དང་། དཀར་གསུམ། མངར་གསུམ། ནས་དཀར་རྡོར་བཏགས་ལས་བྱས་པའི་རྒྱལ་ཆེན་བཞིའི་གཏོར་མ་ཟླུམ་གཏོར་ཆེན་པོ་བཞི། ཀླུའི་གཏོར་མ་ཟླུམ་གཏོར་ཆེན་པོ་གཅིག་ལ་ཟླུམ་གཏོར་བརྒྱན་ཀྱིས་བསྐོར་བ། ས་བདག་གི་གཏོར་མ་པད་སྡོང་བཤོས་བུ། གཞི་བདག་གི་གཏོར་མ་ཆེ་བ་གཅིག་ལ་གཏོར་མ་ཆུང་བ་བརྒྱད་ཀྱིས་བསྐོར་བ། བཙན་གྱི་གཏོར་མ་རྒྱས་འབྲིང་དགུ། གཞན་ཡང་། ཤ་ཕུད། ཆང་ཕུད།  ཇ་ཕུད། འོལ་གོན། ཕྱེ་མར། གསེར་སྐྱེམས། དཀར་གསུམ་མངར་གསུམ། སྨན་སྣ་ཚོགས། རིན་ཆེན་སྣ་ཚོགས། འབྲུ་སྣ་ཚོགས། ཤིང་ཐོག་སྣ་ཚོགས། ཟས་སྣ་ཚོགས། ཤེལ་ཚིག་ཁྲི་དཀར་སྟོང་ནག ལན་ཆགས་གཏོར་མ། ངར་མི་སོགས་ཀྱི་མཆོད་གཏོར་གྱ་ནོམ་པར་བཤམས། གཞན་ཡང་གཡང་འགུགས་དང་། བསང་ཆེན་རིན་ཆེན་འཕྲེང་བ། ལྷ་དབང་བསྟོད་རྣམས་ཀྱི་མཆོད་གཏོར་རྣམས་རང་རང་གི་ཕྱག་ལེན་བཞིན་བཤམས། དེ་ནས་རིམ་བཞིན་གྱི་འདོན་ཆ་ནི། ཕྱག་རྡོར་གྱི་སྒྲུབ་ཐབས་དང་། རྣམ་སྲས་ཀྱི་སྒྲུབ་ཐབས། གསེར་འོད་གཡང་སྐྱབས། བསང་མཆོད་རིན་ཆེན་ཕྲེང་བ་དང་། དགྲ་ལྷའི་དཔངས་བསྟོད། ལབ་ཙེ་རྣམས་སོ། དེ་རྣམས་ལག་ལེན་མང་པོས་དུས་གཅིག་ཏུ་འདོན་ན།ཤར་ཕྱོགས་སུ་བསང་ཆེན། ལྷོ་ཕྱོགས་སུ་ལབ་ཙེ། ནུབ་ཕྱོགས་སུ་དགྲ་ལྷའི་དཔངས་བསྟོད། བྱང་ཕྱོགས་སུ་གཡང་འགུགས་རྣམས་རང་རང་གི་དཔེ་ཆ་དང་བསྟུན་ནས་འདོན་པར་བྱའོ།། 

དེ་ནས་ལབ་ཙེ་ངག་འདོན་གྱི་རིམ་པ་ལ། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་དང་། གོང་དུ་བཤད་པའི་ཕྱག་རྡོར་སྒྲུབ་ཐབས་རྣམས་སྔོན་དུ་བཏང་ནས། རྟ་དཀར་གཡག་དཀར་འབྲི་དཀར་རྣམས་ཀྱི་དཔྲལ་བ་སོགས་ལ་མར་བྱུགས། ཤིང་དར་སྣ་ལྔའི་བརྒྱན་ཅིང་། ཙནྡན་དཀར་དམར་ཨ་ཀ་རུ་བ་ལུ་ཤུག་པ་སོགས་ཀྱིས་བསང་བཏང་ཞིང་ཆུས་བྲན་ཏེ། སྔགས་འདོན་པ་དང་བཅས་ལབ་ཙེ་དང་མཆོད་རྫས་རྣམས་ཀྱང་བྱིན་གྱིས་བརླབས་ཤིང་། མཆོད་གཏོར་དམ་རྫས་སྤྱན་གཟིགས་ལབ་ཙེ་ལ་སོགས་པ་རྣམས་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཞིག་ས་བདག་ཀླུ་གཉན་ལ་སོགས་པའི་སྲིད་པའི་མགྲོན་རྣམས་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་བར་བསམ་ལ། དཔྲལ་བར་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་སྔགས་དང་བཅས་ལན་གསུམ་དང་། སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་རླབས་ཏེ། ལྷ་རྫས་་ལས་གྲུབ་པའི་གཙང་མའི་མཆོད་ཡོན། གངྒཱའི་ཞབས་བསིལ། མཛེས་པའི་མེ་ཏོག། དྲི་ཞིམ་བདུག་སྤོས། མུན་སེལ་སྒྲོན་མེ། ངད་ལྡན་དྲི་ཆབ། རོ་བརྒྱའི་ཞལ་ཟས།  སྒྲ་སྙན་རོལ་མོ། མཛེས་སྡུག་གཟུགས་མཆོག གདངས་སྙན་པི་ལྦང་། ཚིམ་བྱེད་དྲིམཆོག   བཅུད་ལྡན་རོ་མཆོག  འཇམ་མཉེན་རེག་མཆོག་ལ་སོགས་པ་རྣམས་ངོ་བོ་ཡེ་ཤེས་ལ་རང་བཞིན་རྣམ་པ་མཆོད་རྫས་ཟག་མེད་བདེ་སྟོང་ཟད་མི་ཤེས་པ་ནམ་མཁའི་མཐའ་དང་མཉམ་པར་གྱུར་ཅིག་དང་། ཕྱི་ནང་གསང་བའི་དམ་རྫས་སྤྱན་གཟིགས་བསམ་གྱིས་མི་ཁྱབ་པའི་དཀར་་གསུམ་འོ་མའི་རྒྱ་མཚོ། མངར་གསུམ་སྨན་གྱི་རིལ་བུ། བཅུད་ལྡན་བདུད་རྩིའི་ཞལ་ཟས། པད་སྡོང་དཔག་བསམ་ལྗོན་པ། འབྲིང་རྒྱས་ཞལ་ཟས་དམ་པ། གཏེར་མཛོད་ནམ་མཁའི་མཐའ་ཀླས་པ། འདོད་དགུ་འབྱུང་བའི་ནོར་བུ། མི་ཟད་གཏེར་གྱི་བུམ་པ། གསལ་བྱེད་ཉི་ཟླའི་ཟུང་འཇུག། མ་རྨོས་འཁྲུངས་པའི་ལོ་ཏོག ཡིད་བཞིན་འདོད་འཇོ་བ་མོ། རི་རབ་གླིང་བཞི་གླིང་ཕྲན། སྟོབས་ཀྱི་དབང་བསྒྱུར་འཁོར་ལོ། བསམ་པའི་དོན་གྲུབ་ནོར་བུ། ཤེས་རབ་གཟུགས་མཛེས་བཙུན་མོ། བཟོད་ལྡན་མཚུངས་མེད་བློན་པོ། མྱུར་མགྱོགས་ཤུགས་ལྡན་རྟ་མཆོག། ཐེག་མཆོད་སྟོབས་ལྡན་གླང་པོ། ཕས་རྒོལ་འཇོམས་མཛད་དམག་དཔུང་། ཁྱུང་དང་གཡུ་འབྲུག་སེང་གེ  གྱི་ལིང་གསེར་རྟ་དངུལ་གཡག  དུང་ལུག་མཆོང་འབྲི་ཤེལ་ར།  བྱ་རྒོད་ཁྲ་གླག   ངར་ངུར་སྟག་གཟིག   དོམ་དྲེད་གཡི་སྤྱང་། སྲིད་པའི་རང་རྟག་ཕྱག་རྒྱ།  ངོ་མཚར་བཀྲ་ཤིས་རྟགས་བརྒྱད།  ཤོག་ཤོག་དོང་ཙེ་སྟོང་ཕྲན། མདའ་མདུང་རལ་གྲི་གོ་ཁྲབ་སྣ་ཚོགས། མཚོན་ཆ་གྲངས་མང་ཤུག་པའི་རྩེ་རྒྱལ། གཉན་ཤིང་སྟག་པའི་ཕོ་ཤིང་། ཀླུ་ཤིང་ཤིང་ཆེན་སེ་བ། སྦ་སྙུག་ཤིང་རྩེ་སྣ་ཚོགས། དར་ཚོན་བལ་ཚོན་སྣ་ཚོགས། རིན་ཆེན་འབྲུ་སྣ་སྨན་སྣ། ཤེལ་ཚིག་ཁྲི་དཀར་སྟེང་ནག བདུད་རྩི་སྨན་གྱི་གསེར་སྐྱེམས། ཕྱེ་མར་མཁན་ཤུག་དྲི་སྤོས། འཕུར་མ་བླ་རེ་ཡོལ་བ། དར་ཟབ་འཕན་གདུགས་ལ་སོགས་པ་རྣམས་ཟད་མི་་ཤེས་པ། ནམ་མཁའ་ལ་མཛོད། བར་སྣང་ལ་རྒྱན། ས་གཞི་ལ་གཏེར། རྒྱ་སྟོང་གསུམ་དང་མཉམ་པ། གཏིང་རྒྱ་མཚོ་ལས་ཟབ་པ། མདངས་ཉི་ཟླ་ལས་གསལ་བ། གྲངས་རྡུལ་གྲངས་དང་མཉམ་པ།བདག་སོ་སོའི་ཡིད་དང་མཐུན་པར་འབྱུང་ཞིང་རྒྱས་པའི་ཐུགས་དམ་མ་ལུས་པར་སྐོངས་པར་གྱུར་ཅིག་ཅེས་བདེན་སྟོབས་བརྗོད་པ་དང་བརྩིགས་པའི་ལས་སོ་སོ་ནས་གྲུབ་པའོ།། 

7b61604f637d3f9d6f1db06621cc0b4a.jpg

ད་ནི་ལབ་ཙེའི་བརྩིགས་པའི་རིམ་པ་ལས་ཡོན་བདག་རྣམས་ཀྱིས་མཐོང་ཆེན་དང་དང་དོད་ཆེན་པོ་བྱེད་པ་སྟེ།ལྷ་ཚོགས་ཐམས་ཅད་གནས་འདིར་སྤྱན་འདྲེན་པའོ།། དེ་ནི་དུང་དཀར་སྦུབ་ཆ་སིལ་སྙན་སོགས་རོལ་མོའི་དབྱངས་དང་བཅས་པའི་སྒོ་ནས།  ཀྱེ་དེ་རིང་སྲིད་པའི་ཉི་མ་ལ།། དཀོན་མཆོག་གསུམ་པོ་དགོངས་སུ་གསོལ།། དཀོན་མཆོག་རིན་ཆེན་དཔལ་ཞིང་འདིར།། སྙན་གསན་ལ་ནི་ཐུགས་དགོངས་ཤིག། བླ་མ་ཡི་དམ་མཁའ་འགྲོ་རྣམས།། མཆོད་པའི་གནས་འདིར་གཤེགས་སུ་གསོལ།། ཆོས་སྐྱོང་དཔའ་དགོན་བདུན་ཅུ་རྣམས།། མཆོད་པའི་གནས་འདིར་གཤེགས་སུ་གསོལ།། ལྷ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱད།། གཟའ་ཆེན་བརྒྱད་དང་རྒྱུ་སྐར་ཚོགས།། རྒྱལ་ཆེན་སྡེ་བཞི་འཁོར་བཅས་རྣམས།། མཆོད་པའི་གནས་འདིར་གཤེགས་སུ་གསོལ།། ས་འོག་ས་སྟེང་ས་བླ་ན།། གནས་པའི་ས་བདག་ཀླུ་གཉན་དང་།། འབྱུང་བ་ལྔ་ཡི་ས་བདག་རྣམས།། མཆོད་པའི་གནས་འདིར་གཤེགས་སུ་གསོལ།། ལོ་ཟླ་ཞག་དུས་ཕྱོགས་མཚམས་ལྷ།། མཆོད་པའི་གནས་འདིར་གཤེགས་སུ་གསོལ།། རྨ་གཉན་སྦོམ་ར་ལ་སོགས་པའི།། གཉན་རིགསས་འཁོར་བཅས་གཤེགས་སུ་གསོལ།། མིང་སྲིང་ལྕམ་དྲལ་ལ་སོགས་པའི།། རྨ་གཉན་འཁོར་བཅས་གཤེགས་སུ་གསོལ།། འཛམ་བུ་ཀླུ་ཆེན་ལ་སོགས་པའི།། ཀླུ་རིགས་འཁོར་བཅས་གཤེགས་སུ་གསོལ།། གཉན་ཆེན་ཐང་ལྷ་ལ་སོགས་པའི།། གཉན་རིགས་འཁོར་བཅས་གཤེགས་སུ་གསོལ།། ལྷ་བཙན་མུ་ལེ་ལ་སོགས་པའི་བཙན་རིགས་འཁོར་བཅས་གཤེགས་སུ་གསོལ།། ཧང་ཀའི་རྒྱལ་བོ་ལ་སོགས་པའི།། ས་བདག་འཁོར་བཅས་གཤེགས་སུ་གསོལ།། གཞན་ཡང་ཡུལ་རིགས་གནས་པ་ཡི།། རྒྱ་གར་རྒྱ་ནག་བོད་ཀྱི་ཡུལ།། བལ་ཡུལ་མོན་ཡུལ་ཧོར་ཡུལ་དང་།། ཁྱད་པར་ཡུལ་ཕྱོགས་འདི་ཉིད་ཀྱི།། ས་བདག་ཀླུ་གཉན་འཁོར་བཅས་རྣམས།། མཆོད་པའི་གནས་འདིར་གཤེགས་སུ་གསོལ།། ཞེས་ཐེངས་མང་ཤུགས་དྲག་གིས་སྤྱན་དྲངས་པར་བསམ། སྤྱན་འདྲེན་ཐུབ་མིན་ལའང་ཐེ་ཚོམ་ཟ་མཁན་ཕལ་ཆེར་མེད་པ་སྟེ་དཔེ་རུ་གྲུབ་འདུག ཚང་མས་ཤེས་གསལ་ལྟར། སྐབས་དེར་ལྷ་སྤྱན་འདྲེན་པ་ནི་རེ་ཞིག་གི་མགྲོན་འབོད་ཙམ་མ་ཡིན་པར་གཏན་དང་ཡུན་དུ་བཞུགས་པའི་ཁྱིམ་འཛིན་བདག་པོ་དང་མཚུངས་པར་འདུག་དགོས་རྒྱུའི་རེ་སྨོན་དང་ཞུ་ཚིག་ནན་མོས་ལྷ་དག་བཞུགས་སུ་གསོལ་བའི་ཆོ་ག་ཞིག་སྟེ །ཀྱེ་ལབ་ཙེ་གཉན་པོའི་ཕོ་བྲང་འདིར།། སྤྱན་འདྲེན་བཞུགས་སུ་གསོལ་བ་ནི།། ལབ་ཙེ་འདི་ཡི་རྩེ་མོ་རུ།། ཆོས་སྐྱོང་སྲུང་མ་བཞུགས་སུ་གསོལ།། ལབ་ཙེ་འདི་ཡི་རྩ་བ་རུ།། ས་བདག་ཀླུ་གཉན་བཞུགས་སུ་གསོལ།། ཞེས་ཞུ་བ་ཡང་ཡང་བྱེད་པ་དང་། དེ་ནས་རོལ་མོའི་དབྱངས་དང་བཅས་པས་དགྱེས་པའི་ཚུལ་གྱིས་སེམས་གཡེང་བ་མེད་པར་དང་བའི་སྒོ་ནས་འདི་སྐད་དོ།། ཀྱེ་སངས་རྒྱས་རྐང་གཉིས་གཙོ་བོ་བདེན་པའི་མཆོག། ཆོས་ཉིད་ཆགས་དང་བྲལ་ཏེ་བདེན་པའི་མཆོག། དགེ་འདུན་འདུས་པའི་གཙོ་སྟེ་བདེན་པའི་མཆོག། བདེན་པའི་མཆོག་ནི་དཀོན་མཆོག་གསུམ་དག་གི། ཉི་མ་ཐམས་ཅད་དགེ་བ་ཡིན།། རྒྱུ་སྐར་ཐམས་ཅད་བཟང་བ་ཡིན།། བཅོལ་བའི་ལབ་ཙེ་ལེགས་གྲུབ་ཕྱིར།། དེ་རིང་བདག་སོགས་མགོན་སྐྱབས་སུ།། སངས་རྒྱས་ཆོས་དང་དགེ་འདུན་དང་།། བྱང་སེམས་ཉན་ཐོས་རང་རྒྱལ་སོགས།། དཔའ་བོ་མཁའ་འགྲོ་ལ་སོགས་པའི།། བཀའ་སྡོད་དམ་ཅན་སྲུང་མ་དང་།། སྟེང་འོག་ཕྱོགས་བཅུ་དག་གནས་པའི།།  ལྷ་ཀླུ་གཞི་བདག་ཕྱོགས་སྐྱོང་བཅུ།། སྡེ་བརྒྱད་བྲན་གཡོག་འཁོར་དང་བཅས།། ཁྱད་པར་ཡུལ་ཕྱོགས་འདི་དག་གི། སྐྱོབ་བྱེད་ལྷ་ཀླུའི་རིགས་ལ་སོགས།། གཉུག་མར་གནས་པ་ཐམས་ཅད་ཀུན།། རྣལ་འབྱོར་བདག་གིས་སྤྱན་འདྲེན་ནོ།། ཐོགས་མ་མེད་པར་འདིར་བྱོན་དང་།། ལབ་ཙེ་དཀྱིལ་འཁོར་གནས་མཆོག་འདིར།། བདག་གིས་མཆོད་རྫས་དགའ་སྟོན་བཤམས།། རང་རང་མོས་པའི་རྟེན་རྫས་འབུལ།། དགྱེས་པར་བཞེས་ལ་དོན་ཀུན་མྱུར་དུ་སྒྲུབས།། ཞེས་འཕྲིན་ལས་བཅོལ་ཞིང་རིམ་བཞིན་ཕྱག་འཚལ་བའི་ཆོ་ག་དང་མཆོད་གཏོར་འབུལ་བའི་ཆོ་ག་གྲུབ་མ་ཐག་ཏུ་རྒྱན་འཛུགས་ཀྱི་ཆོ་ག་ཞིག་སྤེལ་སྲོལ་མཆིས་ཏེ།  ཀྱེ་དེ་རིང་སྲིད་པའི་ཉི་མ་ལ།། བདག་དང་ཡོན་བདག་དོན་ཆེད་དུ།།  སྲིད་པའི་ལབ་ཙེ་གཉན་པོ་བཞེངས།། ལབ་ཙེ་མ་བུ་བཅུ་གསུམ་བཞེངས།། འདི་ལ་རྒྱན་རྣམས་འཛུགས་པ་ནི།། གཡུལ་ལས་རྣམ་རྒྱལ་ཁྲབ་རྨོག་འདི།། ལབ་ཙེ་གཉན་པོའི་སྟེང་དུ་བཙུགས།། ས་སྟག་གཞུ་དང་བཅས་པ་རྣམས།། ལབ་ཙེ་གཉན་པོའི་སྟེང་དུ་བཙུགས།། ཐོག་གི་ཤུགས་ལྡན་མེ་མདའ་རྣམས།། ལབ་ཙེ་གཉན་པོའི་སྟེང་དུ་བཙུགས།། དགྲ་བགེགས་སྲོག་གཅོད་གྲི་རྣོན་རྣམས།། ལབ་ཙེ་གཉན་པོའི་སྟེང་དུ་བཙུགས།། རབ་ཏུ་འབར་བའི་རལ་གྲི་རྣམས།། ལབ་ཙེ་གཉན་པོའི་སྟེང་དུ་བཙུགས།། དགྲ་བགེགས་སྙིང་ལ་གཟེར་བའི་མདུང་།། ལབ་ཙེ་གཉན་པོའི་སྟེང་དུ་བཙུགས།། རུ་མཚོན་འཕྱར་དར་བཏགས་པ་རྣམས།། ལབ་ཙེ་གཉན་པོའི་སྟེང་དུ་བཙུགས།། མཛེས་པའི་མཁན་བྱ་དཀར་བོ་རྣམས།། ལབ་ཙེ་གཉན་པོའི་སྟེང་དུ་བཙུགས།། ཤིང་རིགས་བལ་སྣས་བརྒྱན་པ་རྣམས།། ལབ་ཙེ་གཉན་པོའི་སྟེང་དུ་བཙུགས།། སྟག་པ་སྦ་སྙུག་རྩེ་རྒྱལ་རྣམས།། ལབ་ཙེ་གཉན་པོའི་སྟེང་དུ་བཙུགས།། སྦ་སྙུག་ཚིགས་གསུམ་དར་སྣས་བརྒྱན།། ལབ་ཙེ་གཉན་པོའི་སྟེང་དུ་བཙུགས།། ཤོག་བུའི་དོང་་ཙེ་སྟོང་ཕྲེང་རྣམས།། ལབ་ཙེ་གཉན་པོའི་སྟེང་དུ་བཙུགས།། བྱ་རྒོད་དང་ནི་བྱ་རོག་དང་།། སྐྱུང་ཀ་དང་ནི་འུག་པ་རྣམས།། ལབ་ཙེ་གཉན་པོའི་སྟེང་དུ་བཙུགས།། དེ་རིང་བདག་གིས་ལབ་ཙེ་བརྒྱན།། རྒྱན་དང་ལྡན་པའི་ལབ་ཙེ་འདི།། སྲིད་དང་ཞི་བའི་མགྲོན་རྣམས་དང་།། ཀླུ་བདག་ས་བདག་རྣམས་ལ་འབུལ།། བཞེས་ནས་འགལ་རྐྱེན་ཞི་བ་དང་།། མཐུན་རྐྱེན་ཕུན་སུམ་ཚོགས་པ་ཡིས།། འཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད།། ཞེས་ལབ་ཙེ་ལ་མཚོན་སྣ་ཚོགས་དང་།མཁན་པའི་རྒྱུ་ལ་ཟན་སོགས་དཀར་པོའི་རིགས་བསྲེས་ཏེ་བཀྲ་ཤིས་པའི་བྱ་བཅུ་གསུམ་བཟོས་ཡོད་པ་དག་བལ་སྐུད་ཀྱིས་ལབ་ཙེ་ལ་བཏགས་ནས་འཕུར་ཚུལ་བགྱིས་པ་སོགས་ལབ་ཙེ་ལ་ནང་བཀྲ་ཤིས་པ་དང་། ཕྱི་ནས་བལྟས་ནའང་རྒྱན་ཆ་འདོགས་པ་ལྟ་བུ་ཆོ་ག་དེ་སྒྲུབ་པར་བྱེད། དེ་ནས་ལབ་ཙེ་བརྩིགས་པའི་རིམ་པ་གཙོ་གྲས་ཀྱི་མཐའ་རྟེན་བཀྲ་ཤིས་ཀྱི་ཚུལ་ལྟ་བུ་སྟེ། སྤྱན་གཟིགས་འབུལ་བ་ནི །ལབ་ཙེ་ཡི་གྲུབ་ལུགས་དང་།མཆོད་གཏོར་གྱི་རྣམ་གྲངས།ལྷ་སྲུང་ལ་རེ་བཅོལ་གྱི་སྒོ་ནས་ཅི་བགྱིས་ཅི་དྲངས་དང་།ཅི་དམིགས་ཅི་བསམ་ཐམས་ཅད་རྩིས་གྲངས་འབུལ་བ་ལྟར་ལྷ་ཡི་མཐོང་ལམ་དུ་བཀོད་པ་ལ་ཟེར་ཞིང་། མདོར་བསྡུས་ཀྱིས་བཀོད་ན། ཀྱེ་དེ་རིང་ལབ་ཙེ་གཉན་པོ་འདི།། གཞི་མ་སྟག་དང་ཟབ་ལས་བྱས།། ཚད་དང་ལྡན་པའི་སྲོག་ཤིང་བཙུགས།། ས་ཡི་སྙིང་བོ་གསེར་ལས་བྱས།། རིན་ཆེན་སྙིང་བོ་གཡུ་ལས་བྱས།། རྡོ་ཡི་སྙིང་བོ་དུང་ལས་བྱས།། འོག་ན་འདོད་དགུའི་རྫས་ཀྱི་གཏེར།། ནང་ལ་མ་བུ་བཅུ་གསུམ་དང་།། གཟུགས་འགྲོས་རྣམ་པ་སྣ་ཚོགས་དང་།། ཕྱི་རུ་རྡོ་གཉན་བརྩིགས་པ་ལ།། མདའ་མདུང་རུ་མཚོན་བ་དན་རྣམས།། མཚོན་ཆ་སྣ་ཚོགས་བཙུགས་པ་འདི།། བླ་མ་ཡི་དམ་དཀོན་མཆོག་གསུམ།། འཇིག་རྟེན་སྐྱོང་བ་མཐུ་བོ་ཆེ།། སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དང་།། ཀླུ་གཉན་ས་བདག་རྣམས་ལ་འབུལ།། གསལ་བྱེད་མར་མེ་སྤྱན་ལ་འབུལ། །དྲི་ཆབ་དམ་པ་ཐུགས་ལ་འབུལ།། ཞལ་ཟས་རོ་བརྒྱ་ལྗགས་ལ་འབུལ།། རོལ་མོ་སྣ་ཚོགས་སྙན་ལ་འབུལ།། ཡིད་འོང་གཟུགས་མཛེས་སྤྱན་ལ་འབུལ།། དབྱངས་སྙན་རོལ་མོ་སྙན་ལ་འབུལ།། དྲི་ཞིམ་སྣ་ཚོགས་ཤངས་ལ་འབུལ།། དར་ཚོན་སྣ་ལྔ་སྐུ་ལ་འབུལ།། ནང་མཆོད་གཏོར་མ་ཞལ་དུ་འབུམ།། གསེར་སྐྱེམས་བདུད་རྩི་སྐྱེམས་སུ་འབུམ།། དར་སྣ་མང་པོ་གོས་སུ་འབུལ།། གསེར་དངུལ་དར་ཟབ་རྒྱན་དུ་འབུལ།། སྲ་བའི་གོ་ཆ་ལུས་ལ་འབུལ།། རྣོན་པོའི་མཚོན་ཆ་ཕྱག་ལ་འབུལ།། གཡག་དཀར་སྐུ་ཡི་རྟེན་དུ་འབུལ།། རྟ་དཀར་གསུང་གི་རྟེན་དུ་འབུལ།། ལུག་དཀར་ཐུགས་ཀྱི་རྟེན་དུ་འབུལ།། འབྲུ་ཟན་སྣ་དགུ་མཛོད་དུ་འབུལ།། འདོད་ཡོན་སྣ་ཚོགས་དཀོར་དུ་འབུལ།། གསེར་གཡུ་དུང་གསུམ་སྙིང་བོ་འབུལ།། འབྲས་ཀྱི་བྱ་ལུག་གཡག་གསུམ་འབུལ།།  ར་ལུག་འབྲི་གཡག་རྟར་བསྒྱུར་འབུལ།། བྱ་ཁྱུང་དཀར་པོ་སྟེང་དུ་འབུལ།། བྱ་རྒོད་སྨུག་པོ་མདུན་ནས་འབུལ།། སྟག་དང་སེང་གེ་མདུན་ནས་འབུལ།། དམ་རྫས་སྤྱན་གཟིགས་སྣ་ཚོགས་འབུལ།། བཞེས་ནས་བསྟན་པ་རྒྱས་པ་དང་།། འགྲོ་ལ་བདེ་སྐྱིད་འབྱུང་བ་དང་།། ལོ་ཕྱུགས་རྟག་ཏུ་ལེགས་པ་དང་།། དཔལ་འབྱོར་ཕུན་སུམ་ཚོགས་པ་དང་།། འཕྲིན་ལས་མཆོད་དོ་དཀོན་མཆོག་མཆོད།། གསོལ་ལོ་གསོལ་ལོ་ལྷ་རྣམས་གསོལ།། བསྟོད་དོ་བསྟོད་དོ་སྲུང་མ་བསྟོད།། བརྔན་ནོ་བརྔན་ནོ་གཞི་བདག་བརྔན།། རྒྱལ་ལོ་རྒྱལ་ལོ་ལྷ་རྣམས་རྒྱལ།།ལྷ་དང་སྲུང་མ་གཡས་སུ་རྒྱལ།།ཕམ་མོ་ཕམ་མོ་བདུད་རྣམས་ཕམ།།དགྲ་དང་བགེགས་རྣམས་གཡོན་དུ་ཕམ།།བཅོལ་བའི་འཕྲིན་ལས་མྱུར་དུ་སྒྲུབས།།ཀི་བསྭོ་ཆེ་འོ་ལྷ་རྒྱལ་ལོ།།ཞེས་བསང་མཆོད་རྒྱ་ཆེན་བྱེད་ལ།།གྲོ་ནས་ཀྱི་འབྲུ་ཟན་དགུང་ལ་གཏོར་ཞིང་།དུང་དང་བོའུ་སྐད་སོགས་གཞི་གཅིག་ཏུ་འདྲེས་པའི་སྣང་ཚུལ་ཡང་ཡོད།།སྐབས་འདི་ནས་ངེས་པར་ཤེས་དགོས་པ་ཞིག་ནི།སྤྱི་ན་སེམས་ཁམས་རིག་པ་དང་འབྲེལ་བ་ཡོད་པའི་རིག་གནས་ཀྱི་གཞུང་ལུགས་དང་ལག་ལེན་གཉིས་ཟུང་འབྲེལ་གྱི་བྱ་བྱེད་ཅིག་ཡིན་ན་ཞི་རྒྱས་དབང་དྲག་གམ་རྒྱས་འབྲིང་བསྡུས་གསུམ་གྱི་ཁྱད་པར་ཡོད་པ་དང་ཁྱད་པར་དེ་ལ་བརྟེན་ནས་ཐུན་མོང་མ་ཡིན་པའི་རིག་གནས་ཤིག་གི་རིན་ཐང་མངོན་པར་བྱས་པ་རེད། དེ་བཞིན་དངོས་སུ་བརྩིགས་པའི་ལབ་ཙེ་གང་ཡིན་པ་དེ། ཆོ་ག་དང་བྱ་བྱེད་ཐམས་ཅད་ཀྱང་ཞི་རྒྱས་དབང་དྲག་བཞི་ལས་དབང་དང་རྒྱས་འབྲིང་བསྡུས་གསུམ་ལས་རྒྱས་པ་ཡིན་པས། རྫས་དང་ལས་སོ་སོ་ནས་ཧ་ཅང་ཞིབ་ཚགས་དང་དམིགས་པའི་ཐད་ནས་ཀྱང་རང་ག་བ་ཞིག་གཏན་ནས་མ་ཡིན་ནོ།།གཞན་ད་དུང་གྲུབ་མཐའི་བཞེད་ལུགས་དང་།ས་ཆའི་ཁྱད་ཆོས་ལྟར“དམུ་ཐེག་ཡར་འཐེན”དང་།“བཞུགས་སུ་གསོལ་བ”“ཕྱག་འཚལ”“འཕྲིན་བཅོལ་སྨོན་ལམ“བཟོད་གསོལ”“ཤིས་པ་ཆེན་པོ”སོགས་ཀྱི་ཆོ་ག་ཕྲན་བུ་རེ་རེ་ནས་བཀོད་ཡོད་པའང་མང་དུ་མཆིས་ཀྱང་། དེ་དག་ལས་ས་ཁུལ་ཀུན་ལའང་མེད་ན་མི་རུང་བ་ལྟ་བུར་ཆགས་པ་ནི་དམུ་ཐག་ཡར་འཐེན་དང་།བཞུགས་སུ་གསོལ་བ།ཤིས་པ་ཆེན་པོ་སོགས་ཡིན་ལ།ཆོ་གའི་རིམ་པ་དང་བསྟན་དོན་སོགས་ནི་བསང་མཆོད་དག་ཏུ་བཀོད་པ་མང་བས།འདིར་དྲན་སློང་དང་གསལ་འདེབས་བྱས་པ་ཙམ་མོ།།  

354cdc51f944edc40bcad9d8e6ef927a.jpg

དེ་ནས་མཐའ་མཇུག་གི་རབ་གནས་ཆེན་མོ་བྱས་པ་ན། དགུང་ནས་བྱ་རྒོད་འཁོར་ན་དགྲ་ལྷ་འཁོར་བ་དང་ཆར་བ་བབས་ན་ཁྲུས་གསོལ་གནང་བ། འཇའ་ཚོན་ཤར་ན་གཞི་བདག་དགའ་བའི་ལྟས་སུ་བཤད་ཚུལ་ཡོད་པས་ཡུལ་མི་རྣམས་ཀྱིས་དེ་ལ་བརྩི་མཐོང་དང་རེ་སྒུག་ཆེན་པོ་ཞིག་བྱེད་པའི་གོམས་སྲོལ་ཞིག་ཀྱང་ཆགས་ཡོད།འདི་ནི་མི་དམངས་མང་ཚོགས་ཀྱིས་མཆོག་དང་རྩེ་མོ་གྱུར་བའི་ལབ་ཙེ་ཞིག་ལ་གནང་བའི་དཔྱད་བརྗོད་ཀྱང་རེད།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།