བོད་སྔ་རབས་ཀྱི་ཀོ་བཟོའི་ལག་རྩལ་སྐོར་རགས་ཙམ་གླེང་བ།

2.jpg

ཕོ་བྲང་པོ་ཏ་ལའི་ལྡེབས་རིས་སུ་ཡོད་པའི་ཀོ་གྲུ་གཏོང་བ།

གླེང་སློང་བ།

དེ་ཡང་མིའི་རིགས་གོ་ལ་འདིའི་སྟེང་འཚོ་སྡོད་བྱས་པ་ནས་བཟུང་། ཡུལ་འདིའི་ས་གཤིས་ཀྱི་བཀོད་པ་དང་འཚོ་ཐབས་ཀྱི་དགོས་མཁོ་ལྟར་ཐོན་སྐྱེད་བྱེད་ལུགས་འདྲ་མིན་དང་ཡུལ་གྱི་གཤིས་ལུགས་སུ་གྲུབ་པའི་རིག་གནས་སྣང་ཚུལ་ཡང་གང་མང་ཞིག་གྲུབ་ཡོད།  དེ་བས་འདིར་གླེང་བར་བྱ་བའི་མདོ་དབུས་མཐོ་སྒང་དུ་འཚོ་སྡོད་བྱས་པའི་བོད་རིགས་ལ་མཚོན་ནའང་དེ་ལས་མ་འདས་པའི་ཡུལ་སྲོལ་གོམས་གཤིས་འཐུས་ཚང་ཞིག་དང་ཐུན་མོང་མ་ཡིན་པའི་ཐོན་སྐྱེད་བྱེད་ལུགས་ཞིག་ཡོད་པ་ནི། མི་རིགས་འདིའི་བསམ་པའི་འཁྱེར་སོ་དང་ཡུལ་དུས་བཀོད་པ་ལས་བྱུང་བ་རྟགས་དང་ཚད་མས་གྲུབ་པ་བཞིན། མདོ་དབུས་མཐོ་སྒང་འདིར་རང་བྱུང་ཁོར་ཡུག་གི་བཀག་རྐྱེན་འོག་རིམ་གྱིས་ཕྱུགས་ལས་གཙོར་བྱེད་པའི་འབྲོག་སྡེ་ཆེན་པོ་འདི་བྱུང་བ་རེད། དེ་བས་སྒོ་ཕྱུགས་སུ་བཏུལ་བའི་རི་དྭགས་སྣ་ཚོགས་ཀྱི་པགས་པ་མཉེད་འདུལ་བྱས་ཏེ་གོས་དང་ཞྭ། ལྷམ། ཕོར་བ། སྡེར་མ། སྒམ། ཁྲབ། ཀོ་གྲུ། དེ་མིན་མི་དང་སྲོག་ཆགས་ཀྱི་འདྲ་གཟུགས་སོགས་བཟོ་བའི་ལག་རྩལ་དར་བ་དང་། ལྷག་པར་འབྲོག་པ་རྣམས་ནི་རྩྭ་ཆུའི་བཟང་ངན་ལ་གཞིགས་ནས་ནམ་རྒྱུན་རུ་བ་སྤོ་བ་ཡིན་པས། ཀོ་བའི་ཡོ་བྱད་དག་འཁྱེར་བར་སྟབས་བདེ་ཞིང་བཀོལ་སྤྱོད་ཤིན་ཏུ་ཆེ་བའི་ལག་བཟོ་གལ་ཆེན་ཞིག་ཡིན་པ་མ་ཟད། ཚན་རིག་ལག་རྩལ་འཕེལ་རྒྱས་མ་ཕྱིན་སྔོན་གྱི་སྔོན་ཐོན་ལག་རྩལ་ཐད་ཡོ་བྱད་གལ་ཆེན་ཞིག་ཀྱང་ཡིན། བོད་ལྗོངས་དང་མཚོ་སྔོན་སོགས་སུ་ཐོན་པའི་བྲག་བརྐོས་རི་མོ་སོགས་ལས་མེས་པོ་གོང་རྣམས་ཀྱི་སྙིང་སྟོབས་དང་བསམ་བློ་མཚོན་ཐུབ་ལ། སྐབས་དེའི་སྤྱི་ཚོགས་ཀྱི་རི་དྭགས་བརྔོན་ལས་དང་དངོས་ཟོང་དབོར་འདྲེན་སོགས་ཀྱི་བྱེད་སྒོའི་ཁྲོད་པགས་རིགས་ཀྱི་ཁྱད་ཆོས་རིམ་པར་ཤེས་པས་བྱེད་ནུས་འདྲ་མིན་སྣ་ཚོགས་ཐོན་ཡོད་པ་དང་། དེ་ནས་པགས་རིགས་འཚེམ་དྲུབས་ཀྱིས་གྱོན་པ་བཟོས་ཡོད་པ་ནི་ཁ་རུབ་གནའ་ཤུལ་ལས་རྙེད་པའི་རུས་ཁབ་ཕྲ་མོ་ལོ་སྟོང་ཕྲག་བཞི་དང་དྲུག་བརྒྱ་འགོར་བ་དེ་དག་ལས་ངེས་ཤེས་འདྲོངས་ཐུབ། ཡིན་ནའང་ཧ་ཅང་དར་སྔ་བའི་ཀོ་ལྤགས་ཀྱི་ཡོ་བྱད་སྐོར་ཞིག་ནི་ད་ལྟ་རང་རེའི་མིག་གི་སྤྱོད་ཡུལ་ལས་རིང་དུ་བརྒལ་བས་སྒྲོ་བཏགས་ཀྱི་རྣམ་པ་ཙམ་ལས་མ་འདས།  མང་དག་ཅིག་ནི་དུས་རབས་ཀྱི་འགྲོས་དང་ཧ་ཅང་བསྟུན་ཆེ་བས་ད་ལྟ་དམིགས་མེད་དུ་ཡལ་དང་ཡལ་བཞིན་པའི་སྒང་རེད། ཁྱད་པར་དེང་སྐབས་སྲོལ་རྒྱུན་གྱི་ཀོ་བཟོའི་ལག་རྩལ་བེད་སྤྱོད་གཏོང་མཁན་བོད་ཁམས་སུ་ཤིན་ཏུ་ཉུང་ཉུང་ཡིན་པས། ཁོ་བོས་བོད་སྔ་རབས་ཀྱི་ཀོ་བཟོའི་ལག་རྩལ་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་བཏང་ནས། མ་འོངས་པར་འཛམ་གླིང་ཁྲོམ་རའི་དཔལ་འབྱོར་ཁྲོད་གོ་གནས་ངེས་ཅན་ཞིག་ཟིན་པར་དམིགས་ནས་ལྷག་བསམ་དག་པས་བྲིས་པའོ།

3.jpg

ཀོ་བསེའི་མཆོད་ཆ་སྒ་རག་གི་ཤན་ཆ་དང་གསེར་གྱི་པ་ཏྲའི་རི་མོ་ཅན།

དང་པོ། ཀོ་བཟོ་བྱུང་བའི་དུས་ཚོད། ཀོ་བཟོའི་བྱུང་བའི་དུས་ཚོད་ནི་ལོ་རྒྱུས་དེབ་ཐེར་དང་རྩོམ་རིག་བརྩམས་ཆོས་གང་གི་ནང་དུའང་ད་སྔར་གསལ་ཁ་དོད་པ་ཞིག་མ་རྙེད་ཀྱང་། དཔྱད་གཞིའི་ཡིག་རིགས་སོགས་སུ་ངོ་སྤྲོད་བྱས་པར་གཞིགས་ན། གདོད་མའི་དུས་སུ་རང་ཅག་ཁ་བ་ཅན་གྱི་ལྗོངས་སུ་མེས་པོ་རྣམས་ཀྱིས་མཐོ་སྒང་གི་རང་བྱུང་ཁོར་ཡུག་གི་གནམ་གཤིས་དང་བསྟུན་ནས། གོས་སུ་ཤིང་ལོ་གྱོན་པ་དང་ཟས་སུ་ཤིང་ཏོག་ཟ་བ་ནས་མིའི་རིགས་ཀྱི་འཚོ་གནས་ཀྱི་ལོ་རྒྱུས་ཡུན་རིང་ཞིག་བརྒྱུད་ཡོད་དེ། དེ་ཡང《ཆོས་འབྱུང་མཁས་པའི་དགའ་སྟོན》ལས། “ལོ་ཏོག་ཟོས་པས་དེ་ཀུན་མི་ཉིད་གྱུར། །མ་རྨོས་འབྲུ་ཟ་གོས་སུ་ཤིང་ལོ་གྱོན། །ནགས་ན་རི་དྭགས་ལྟ་བུར་གནས་པ་ཡི། །ཀློ་དང་མོན་ལྟར་སྤྱོད་པས་བོད་ཡུལ་གང་། །”ཞེས་བཀོད་ཡོད་པ་ལས་རྟོགས་ཐུབ་ཅིང་། དེ་རྗེས་རིམ་བཞིན་རང་གི་བློ་རིག་གི་རྩལ་ལ་བརྟེན་ནས། གོས་སུ་རི་དྭགས་ཀྱི་པགས་པ་གྱོན་ཞིང་ཟས་སུ་རི་དྭགས་ཀྱི་ཤ་ཟ་བ་ནས། རིམ་བཞིན་སྒོ་ཕྱུགས་སུ་བཏུལ་སྐྱོང་བྱས་པ་སྟེ། བོད་ཀྱི་ལོ་རྒྱུས་ལས“འབྲོང་ཕོ་མོ་གཡག་དང་འབྲི་རུ་བཏུལ། དགོ་བ་ཕོ་མོ་ལུག་ཏུ་བཏུལ། ཤ་བ་ཕོ་མོ་བ་གླང་དུ་བཏུལ། གླ་བ་ཕོ་མོ་ནི་ར་རུ་བཏུལ། རྐྱང་ཕོ་མོ་རྟ་རུ་བཏུལ། སྤྱང་ཀི་ཕོ་མོ་ནི་ཁྱི་རུ་བཏུལ་ཏེ་རྨོ་བཀོལ་སོ་ནམ་དུས་དེ་ནས་བྱས། ཕྱུགས་ཀྱི་རྫི་སྐྱོང་དུས་དེ་ནས་བྱུང་།”ཞེས་པ་ལྟར་ཐོག་མར་རྨིག་ཐོགས་འབྲོང་དང་དགོ་བའི་རིགས་འདི་རང་གི་སྒོ་ཕྱུགས་སུ་བཏུལ་རྗེས། རིམ་བཞིན་དེའི་སྟེང་ནས་རང་གི་འཚོ་བ་ལ་ཉེ་བར་མཁོ་བའི་དངོས་པོ་མང་བོ་ཞིག་སྔོག་འདོན་བྱས་ནས་འཚོ་བའི་དགོས་མཁོ་སྐོང་ཅི་ཐུབ་བྱས་འདུག 《བོད་ཀྱི་གནའ་རབས་ལོ་རྒྱུས》སུ་ཟ་རམས་སྐྱེས་དྲུག་ཅེས་པའི་རྗེ་བོའི་རིང་ལ་སྒྱོགས་རྡོ་དང་འཕར་རྡེའུའི་མཚོན་ཆ་སོགས་བསྐྲུན་པའི་ལག་རྩལ་དར་ལ། འབངས་རྣམས་ལས་ཕལ་མོ་ཆེ་ཞིག་སྦྲ་གུར་དུ་འདུག་ཅིང་། འཇག་སྤྱིལ་དང་། ཤིང་སྤྱིལ། བྲག་ཕུག་ལ་སོགས་པར་གནས་བཅའ་བའང་མང་། གོས་སུ་རས་བལ་ཤིང་བལ་པགས་པ་སོགས་དུས་ཚིགས་བཞིའི་འགྱུར་བ་དང་བསྟུན་ནས་གྱོན་པར་བལྟས་ན། དེ་དག་གི་ཁྲོད་ཀྱི་ལུག་ལྤགས་གཅིག་པུས་ཀྱང་ཁྱིམ་ཚང་ཞིག་གི་འཚོ་བའི་ཡོ་བྱད་དང་བཟའ་མིའི་གྱོན་པ་སོགས་གང་ཅིའི་ཐད་ལ་ལག་ཐོགས་མི་དགོས་པ་ཞིག་མཁོ་སྤྲོད་བྱེད་ནུས་པ་དཔེར་ན། ལུག་གི་པགས་པས་སློག་པ་དང་པགས་གདན། པགས་པའི་རྐང་སྣམ། སྟོད་གོས། སྨད་གཡོག ཐུལ་བ། སྐྱ་བ། མཛུབ་ཤུབས། ལག་འབོབ། བོད་ཚར། སྟོད་ཚར། ཚར་ཞྭ། ཚ་རུའི་སྐེད་ལྗིབས་སོགས་བཟོ་ཐུབ་པ་ལྟ་བུ་བྱུང་བ་ལས་ང་ཚོའི་ཕ་མེས་རྣམས་ཀྱིས་ཧ་ཅང་དཀའ་ཚེགས་ཆེ་བའི་རང་བྱུང་ཁོར་ཡུག་དང་། ཐོན་སྐྱེད་ཆ་རྐྱེན་ཞན་པའི་འོག་རང་ཉིད་ཀྱི་འཚོ་བའི་ཉམས་མྱོང་གསོག་འཇོག་དང་བློ་རིག་གི་རྩལ་ལ་བརྟེན་ནས་རི་དྭགས་དང་སྒོ་ཕྱུགས་ཀྱི་པགས་པ་བེད་སྤྱོད་བྱས་ཏེ། ཐོན་སྐྱེད་ལག་ཆ་དང་ཐོན་སྐྱེད་བཟོ་རྩལ་སྤུས་ཚད་ཇེ་མཐོར་བཏང་ནས་རང་ཉིད་ཀྱི་འཚོ་བར་རིམ་གྱིས་འགྱུར་ལྡོག་དང་འཕེལ་རྒྱས་བྱུང་ཡོད། དེ་ལྟར་མེད་པ་ནས་ཡོད་པ་དང་ཡོད་པ་ནས་འཐུས་ཚང་། འཐུས་ཚང་ནས་ཇེ་ལེགས་སུ་ཕྱིན་ཏེ་སྤྱི་ལོ་དུས་རབས་དང་པོའི་ཡས་མས་སུ་སླེབས་སྐབས་ཀོ་བཟོའི་ཕོར་བ་དང་། སྡེར་མ། སྟབས་བདེའི་གོ་ཁྲབ་བཅས་བཟོ་ཤེས་ཡོད་པ་རེད། 《ཐང་ཡིག》ལས“ཤིང་གི་སྣོད་མཐིལ་དུ་ཀོ་བས་གཡོགས་པ་ཞིག་ཏུ་ཟས་ཟ་ལ། སྡེར་མའི་དོད་དུ་ཕྱིང་བ་བཏིངས་ནས་བྱེད”ཅེས་པ་དང་། ཡང“མི་རྣམས་དབྱར་བལ་ཕྱིང་དང་དགུན་སློག་པ་གྱོན”ཞེས་པ་སོགས་ནས་དེའི་སྐབས་ཀྱི་པགས་པའི་དར་ཁྱབ་རང་བཞིན་རྟོགས་ཐུབ་པ་དང་། ད་དུང་སྣོད་མཐིལ་དུ་ཀོ་བས་གཡོགས་ཡོད་པ་དེས་ཀོ་བཟོའི་ལག་རྩལ་དེའང་ཚད་ཤིན་ཏུ་མཐོ་བ་གདོན་མི་ཟ། ལྷ་ལྡན་གཙུག་ལག་ཁང་སོགས་ཀྱི་ལྡེབས་རིས་ལས་ཕོ་བྲང་པོ་ཏ་ལ་གསར་བཞེངས་བྱེད་སྐབས་མཉན་པ་ཚོས་ལྷ་སའི་སྐྱིད་ཆུའི་ནང་དུ་ཀོ་བ་བཏང་ནས་རྡོ་ཤིང་དབོར་འདྲེན་བྱས་ཚུལ་ལ་གཞིགས་ན། བོད་དུ་དུས་རབས་བདུན་པའི་ནང་ཀོ་བཟོའི་ལག་རྩལ་ཤིན་ཏུ་དར་ཁྱབ་ཡོད་འདུག་པས་སྲོང་བཙན་གྱི་སྔོན་ནས་བྱུང་ཡོད་པར་འདོད་པ་དང་། དུས་རབས་བརྒྱད་པའི་དཀྱིལ་དུ་རྒྱལ་པོ་ཁྲི་སྲོང་སྡེ་བཙན་གྱིས་སྲིད་དབང་བཟུང་སྐབས་རྒྱལ་པོས་རྒྱུན་དུ་བལྟ་ཀློག་བྱེད་པའི་དཔེ་ཆའི་གྲས《འབུམ་རྒྱས་འབྲིང་བསྡུས་གསུམ》དང་གལ་ཆེའི་སྨན་གཞུང་འགའ་ཞིག་ཤ་བའི་པགས་པས་བཟོས་པའི་སྒམ་གྱི་ནང་དུ་འཇོག་པའི་དབང་གིས་མིང་ལ་ཡང་རྒྱལ་པོའི་བླ་ཡིག་ཤ་སྒྲོ་ཅན་ཞེས་འབོད་པའི་གནས་ཚུལ་ལ་གཞིགས་ན་སྐབས་དེར་ཀོ་བཟོའི་ཆུ་ཚད་ཀྱང་ཚད་མཐོན་པོ་ཞིག་ཏུ་སླེབས་པ་མཚོན་ཡོད།

4.jpg

ཀོ་བ་དང་གཏེར་ཚོན། རྡུང་བཟོའི་བཟོ་རྩལ་སོགས་ཀྱི་བཟོས་པའི་སྒམ། 

གཉིས་པ། ཀོ་བཟོའི་དགེ་མཚན་བསྡུས་པ། ཡངས་ཤིང་རྒྱ་ཆེ་བའི་མཚོ་བོད་མཐོ་སྒང་གི་ནོར་ལུག་ཁྱུ་དང་ཁྱུ་འཚོ་བའི་པགས་པ་དེ་དག་ནི་བོད་ཀྱི་ཀོ་བཟོའི་ལག་ཤེས་ཀྱི་རྒྱུ་ཆ་ལྷད་མེད་ཅིག་ཡིན་ཞིང་། ལོ་ངོ་སྟོང་ཕྲག་མང་པོའི་ནང་ནོར་ལུག་གི་པགས་པས་བཟོས་པའི་ཕྱུ་པ་དང་། ཞྭ་ལྷམ། སྟོད་གོས་སོགས་མགོ་ལུས་ཆ་ཚང་ལ་ཁྱབ་པའི་གྱོན་གོས་དང་ཉལ་གདན་སོགས་དང་། རྩམ་ཁུག་དང་། ཇ་ཁུག་ཚྭ་ཁུག ཆང་སྣོད་སོགས་ཀྱི་ལྟོ་སྣོད། རྟ་སྒྲོ་དང་དངུལ་ཁུག ཁབ་ཤུབས་དང་ཀོ་སྒམ་སོགས་ཡོད། དེ་བཞིན་རྒྱན་ཆའི་རིགས་དང་འགྲིམ་འགྲུལ་ཡོ་བྱད། འབག་སོགས་སྒྱུ་རྩལ་དངོས་པོ་ཅི་རིགས་ཀྱིས་བོད་མི་དམངས་ཀྱི་ཟས་གོས་གནས་མལ་དང་འགྲོ་ཆགས་སྡོད་གསུམ་ཚང་མའི་དགོས་མཁོ་སྐོང་བཞིན་ཡོད། ད་རུང་དགྲ་དང་འཐབ་པའི་སྐབས་སུ་མདའ་དང་མདུང་། གྲི་སོགས་མཚོན་ཆའི་རིགས་འགོག་བྱེད་དུ་ཡང་བཀོལ་ཆོག ལྷག་དོན་དེ་སྔ་འབྲོག་ཁུལ་གྱི་མི་རྣམས་ཀྱིས་གྱོན་པའི་སློག་པ་ནི་གཅིག་གོ་མང་ཆོད་ཀྱི་ཕྱུ་པ་ཞིག་ཡིན་ཞིང་། ཕུ་ཐུང་རིང་ལ་ཐུལ་ཆེ་བའི་སློག་པ་དེ་གནམ་གཤིས་གྲང་ངར་ཆེ་སྐབས་གྲང་འགོག་གི་ནུས་པ་ཆེ་བ་དང་། གནམ་གཤིས་ཚ་བའི་དུས་ཕུ་ཐུང་ཡ་གཅིག་གམ་གཉིས་ཀ་ཕུད་ནས་བདེ་ཆས་སྤྲས་ཆོག་པ། ཡང་སྐེ་རགས་བཅིང་ན་གྱོན་གོས་ཡིན་པ་དང་སྐེ་རགས་བཤིག་ན་ཉལ་ཆས་ཀྱི་གོ་ཡང་ཆོད་པ་མ་ཟད། ཐུལ་ཆེ་བའི་ཨམ་ཕྲག་ནི་ལྟོ་ཕད་ཆུང་གྲས་ཤིག་ལུས་ལ་བཏགས་པ་ལྟར་ཉིན་མཁོའི་དངོས་པོ་ཐམས་ཅད་བླུག་ཐུབ་ཀྱི་ཡོད་ལ་འབྲོག་ཁུལ་བུད་མེད་ཚོས་ཕྲུ་གུ་ཡང་ཨམ་ཕྲག་ནང་བཅུག་པ་མཐོང་ཆོས་ལྟར་ཡིན་པ་དེར་སེམས་ཁམས་ཞིབ་འཇུག་པ་འགའ་ཞིག་གིས་ཕྲུ་གུ་སྐྱོང་སྟངས་དེ་ནི་མ་བུའི་བར་བརྩེ་སེམས་ཟབ་ཏུ་གཏོང་ཐབས་ལེགས་པོ་ཞིག་ཡིན་པའི་བརྟག་དཔྱད་འབྲས་བུ་ཡང་བཏོན་ཡོད། ལྷག་དོན་ཕྱུ་པའི་མཐའ་ཆགས་དང་། རྟ་སྒྲོའི་ངོས། ཁབ་ཤུབས་དང་དངུལ་ཁུག་སོགས་ལ་ཁྱི་སྣ་དང་པ་ཊ་སོགས་ཚོན་མདངས་སྤེལ་མའི་རི་མོ་སྣ་ཚོགས་བརྒྱན་ནས་མཛེས་སྡུག་ལྡན་པ་ཞིག་ཡོད་ལ་རི་མོ་སྣ་ཚོགས་ཀྱིས་མཛེས་པར་བརྒྱན་པའི་ཀོ་བའི་སྡེར་མ་ཡང་ཉུང་ཤས་མཐོང་རྒྱུ་ཡོད་པ་ནི་ཆེས་ངོ་མཚར་ཆེ་བའི་རིག་དངོས་ཤིག་ཡིན། སྤྱོད་གོ་ཆེ་ལ་མཛེས་ཉམས་དོད་པའི་ཀོ་བཟོ་དེ་དག་གིས་མཐོ་སྒང་གི་མི་དམངས་ཀྱི་དམིགས་བསལ་མཛེས་དཔྱོད་ཀྱི་རིན་ཐང་མངོན་ཐུབ་ལ་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་དང་རིག་གནས་ཀྱི་རྒྱབ་ལྗོངས་ཀྱང་མངོན་བཞིན་ཡོད།

5.jpg

སྟག་ལྤགས་ཀྱིས་རྒྱན་པའི་ཤིང་སྒམ།

གསུམ་པ། ཀོ་ལྤགས་བཟོ་ཐབས་བསྡུས་པ། ཀོ་དཀར་དང་ཀོ་དམར་ཀོ་ནག་དང་ཀོ་ལྗང་ངམ་སྐྱི་སྔོ་བཟོ་བའི་རྒྱུ་ནི། འབྲི་དང་མཛོ་མོ་གཡག་སོགས་ཀྱི་ཀོ་བ་སྤུས་ལེགས། དཔྱིད་ཀའི་ལྟོགས་ཤི་སོགས་མ་ཡིན་ཞིང་ཚོ་ཀོ་བུག་རྡོལ་དང་ཚིག་གྱོང་མ་ཤོར་བའི་ཀོ་བའི་རིགས་ཏེ། རྟ་སྒྲོའི་ཤན་ཆ་སོགས་ལ་མཁོ་བའི་ཀོ་ལྗང་ནི་ཕལ་ཆེར་ར་ལྤགས་ལས་བཟོ་བ་ཡིན།

     གཅིག བཟོ་ཐབས་ལ། རྒྱུ་གང་ཡིན་པའི་ཀོ་བ་དེ་ཆུ་དོང་ནང་དུ་ཉིན་ལྔ་ནས་བརྒྱད་ཀྱི་བར་དུ་སྦངས་རྗེས་བླངས་ནས་རྒལ་བའི་ཤ་བཅད། དེ་ནས་སྤུ་བྱི་བའི་ཐབས་སུ་ཀོ་བའི་སྤུའི་ཕྱོགས་སུ་རྡོ་ཞོ་བྱུགས་སྟེ། ཉིན་བཅུ་ཙམ་སྦངས་མཐར་སྤུ་བྱིད་དང་རྡོ་ཞོ་འདག་ངེས་ཀྱི་བཀྲུ་བཤལ་བྱས་རྗེས། ཡང་བསྐྱར་ཆུ་དོང་དུ་ཉིན་བཞི་ཙམ་སྦངས་ནས་རྒལ་བའི་ཤ་མ་ཡིན་པའི་ཀོ་ཤ་ཐམས་ཅད་བཅད་དེ་ཤིན་ཏུ་གཙང་བར་བཀྲུས་རྗེས། ཀོ་བའི་སྤུ་ངོས་སུ་སྨན་ད་ཏྲིག་གདུས་པའི་ཁུ་བ་སྙོམས་པར་འབྱུག་ཀོ་ཐབ་ཏུ་གྲོ་སོག་དང་། ཡང་ན་མཁན་པས་དུད་བདུག་( ཉིན་རེར་ཐེངས་རེ་བདུག་པ་བརྩིས་ནས) ཉིན་བརྒྱད་ཙམ་གྱི་མཐར་ཡང་བསྐྱར་ཤ་གཅོད་སྐྱ་མཉེ་ཉིན་གཅིག་ཙམ་བྱེད། དེ་ནི་ཀོ་དཀར་སྟེ། ཀོ་དཀར་ཡིན་ན་གཞི་དེས་ཆོག་ལ་ཀོ་བུབས་རེ་ལ་མར་རྒྱ་ཕྱེད་ཙམ་རེའི་སྣུམ་བྱུགས་རྗེས་རྡོག་བརྫིས་ཀྱིས་ཉིན་ཞག་བཞི་ཙམ་མཉེས་ན་གྲུབ་བོ།

   གཉིས། ཀོ་དམར་བྱེད་ན། ཀོ་དཀར་གྱི་གཞི་སྟེང་དུ་མཚུར་དཀར་ཁུ་བའི་ནང་རྒྱ་ཚོས་དམར་པོ་བླུགས་ཏེ་ཁོལ་ཙམ་བསྐོལ་བ་དེ་ཀོ་དཀར་གྱི་སྤུ་ཕྱོགས་ཀྱི་ངོས་སུ་ལན་གཉིས་ལ་སྙོམས་པར་བྱུགས་ནས་སྐམ་ཐག་ཆོད་པ་དང་། གོང་གི་ཀོ་དཀར་ལྟར་ཀོ་བུབས་རེ་ལ་མར་རྒྱ་ཕྱེད་རེའི་ཚད་དུ་བྱེད་པའི་མར་ཁུ་བྱུགས་རྗེས་རྡོག་བརྫི་ཉིན་བཞི་ཙམ་བཏང་ནས་གྲུབ་ལ། རྡོག་རྫིས་ཀྱིས་མཉེ་ཅི་ཙམ་ཐུབ་ན་ཀོ་མདོག་དང་ཀོ་རྒྱུ་དེ་ཙམ་གྱིས་ལེགས་པས་ཀོ་མཉེ་གནད་སྨིན་གལ་ཆེའོ།

6.jpg

   ཀོ་བས་བཟོས་པའི་གཙང་པོའི་ཀོ་གྲུ།

 གསུམ། ཀོ་ནག་བཟོ་ན། ཀོ་དཀར་གྱི་གཞི་སྟེང་དུ་མཚུར་ནག་ཁོ་ན་བསྐོལ་བའི་ཁུ་བ་ལན་གཉིས་ཙམ་བྱུགས་ནས་གྲུབ་ལ། སྐམ་ཟིན་པ་དང་རྡོག་མཉེ་སྣུམ་བྱུག་གོང་ལྟར་རོ།

    བཞི། ཀོ་ལྗང་ངམ་སྐྱི་སྔོན་ནི། མཚུར་དཀར་བསྐོལ་བའི་ནང་དུ་རྒྱ་ཚོས་ལྗང་སྐྱའི་རིགས་བླུགས་ནས་བྱུག་སྟངས། སྣུམ་བྱུག རྡོག་མཉེ་ཐམས་ཅད་སྤྱི་ལྟར་ལ། གཟབ་བྱར་རྒྱ་ཚོས་ལྗང་ནག་དང་སྔོ་ནག་སོགས་ཀྱིས་བཟོས་ན་ཁ་དོག་ནག་ཁྲ་ཅན་འབྱུང་བ་དང་། ཀོ་ལྗང་ནི་མཆོད་ཆས་ཀྱི་ཤུབས་དང་། ཀོ་དག རྟ་སྒའི་ཆ་ལག་གི་ཤན་ཆ་སོགས་ལས། ཌཱ་མ་རུའི་གཡོག་སོགས་ལ་ནི་སྣུམ་བྱུག་དང་རྡོག་མཉེ་སོགས་མི་རུང་ལ། དེའི་རྒྱུ་ཡང་ར་ལྤགས་ལས་བཟོ་དགོས་པ་བཅས་ཏེ་བཟོ་ཐབས་ཚོས་བཙོ་བའི་ས་བཅད་ལས་ཤེས་པར་བྱའོ། (བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ་ལས་དྲངས།)

7.jpg

ཀོ་བ་ལས་བཟོས་པའི་ཀོ་འབོག་ཆེན་མོ།

བཞི་བ། ཀོ་བཟོའི་ཕན་འབྲས་བསྡུས་པ། སྤྱིར་ན་དུས་རབས་ཀྱི་འཕོ་འགྱུར་དང་ཚན་རིག་གི་འཕེལ་རྒྱས། རིག་གནས་མཉམ་བསྲེས་སོགས་ལས་སྲོལ་རྒྱུན་གྱི་བཟོ་རྩལ་ཀོ་བཟོ་ཚུད་པའི་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྤྱི་དང་། བྱེ་བྲག་ཚང་མར་དུས་རབས་ཀྱི་གོམ་འགྲོས་ཁྲོད་འགྱུར་ལྡོག་དང་ཐ་ན་ཕོག་ཐུག་འགའ་རེ་ཡོང་སྲིད་མོད། ང་ཚོས་སྲོལ་རྒྱུན་གྱི་རིག་གནས་དང་ལག་ཤེས་བཟོ་རྩལ་འདི་དག་མུ་མཐུད་རྒྱུན་འཛིན་དང་། དུས་མཚུངས་དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས་བཟོ་རྩལ་འདི་ཉིད་རྒྱུན་མི་ཆད་པར་འཕེལ་རྒྱས་གཏོང་ཐུབ་པ་བྱེད་དགོས། དཔེར་ན་སྲོལ་རྒྱུན་གྱི་ཀོ་ཆས་པགས་ཆས་མང་དག་ཅིག་དེང་སྐབས་མིའི་རིགས་ཀྱི་འཚོ་བའི་ནང་བེད་སྤྱོད་ཀྱི་རིན་ཐང་མེད་པར་གྱུར་ཡོད་ཀྱང་ང་ཚོས་སྙིགས་དོར་བཅུད་ལེན་དང་། ད་ལྟའི་སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམ་ཞིང་དེང་དུས་མིའི་རིགས་ཀྱི་མཛེས་དཔྱོད་ལྟ་བ་དང་མཐུན་པའི་ལམ་བུ་གསར་པ་ཞིག་འཚོལ་ཐུབ་པ་བྱེད་དགོས་ཤིང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བཟོ་ལྟ་འདྲ་མིན་གྱི་དར་སོ་ཆེ་བའི་ཀོ་ལྤགས་ཀྱི་ལྟོ་ཕད་དང་། ཁ་པར་བླུགས་སྣོད། ཀོ་གྲུ་ཆུང་ངུ་། ཀོ་ལྤགས་ཀྱི་མཛེས་རྒྱན་དངོས་པོ་སོགས་ད་ཆར་ཉར་ཚགས་མཁན་དང་རྒྱ་ཆེའི་ཡུལ་སྐོར་བས་ཉོ་སྒྲུབ་བྱས་ཏེ་ཚོང་ལམ་ཡངས་ཤིང་རྒྱ་ཆེ་བ་ཞིག་ཡོད་པས་ཀོ་ཆས་ཀྱི་འཚོ་བའི་སྤྱོད་གོར་ཉམས་རྒུད་བྱུང་རུང་སྒྱུ་རྩལ་ཐོན་རྫས་ཀྱི་ཁྲོམ་རར་གསོན་ཤུགས་ཀྱི་དཔལ་འབར་བཞིན་ཡོད་པས། ཀོ་ལྤགས་རིགས་འདྲ་མིན་སྣ་ཚོགས་གསར་བཟོ་བྱས་ནས་བཟོ་རྩལ་དེ་ཁྲོམ་རྭའི་ནང་རྐང་པ་ཚུགས་ཤིང་ཚོང་སྒོ་འཕེལ་རྒྱས་ཡོང་བའི་ཁོར་ཡུག་གསར་པ་སྐྲུན་ཐུབ་པ་བྱེད་དགོས། མདོར་ན་རྒྱུན་འཛིན་གྱི་ཁྲོད་དུ་གསར་གཏོད་དང་། རྒྱུན་འཛིན་གྱི་ཁྲོད་དུ་འཕེལ་རྒྱས། རྒྱུན་འཛིན་གྱི་ཁྲོད་དུ་དར་རྒྱས་གཏོང་རྒྱུའི་ལྟ་བ་ནི་ཀོ་བཟོའི་ལག་ཤེས་བཟོ་རྩལ་མི་ཉམས་གོང་འཕེལ་དང་རྒྱུན་མཐུད་འཕེལ་རྒྱས་ཡོང་བའི་འགག་གནད་ཅིག་ཡིན།

9.jpg

པགས་སྩག སློག་པ།     

 ད་ཆ་སྤྱི་དམངས་ཀྱི་འཚོ་བའི་ནང་ཀོ་བཟོའི་དགོས་མཁོ་ཆེན་པོ་མེད་རུང་། རིག་གནས་ཀྱི་སྣང་ཚུལ་གཞན་ཞིག་གི་ངོས་ནས་ཀོ་བཟོའི་དགོས་མཁོ་སྔར་བཞིན་ཆེན་པོ་ཡོད་པ་རེད། དེ་ཡང་ལྷ་བབ་དང་མོ་བའི་རྔ་དང་། ལྷོ་ཁའི་བྲོ་སོགས་ཀྱི་སྐེད་རྔ་དང་། ཆབ་མདོ་སོགས་ཀྱི་བྲོ་པའི་ལག་རྔ། ཆོས་རྔ་སོགས་ནི་སྔར་བཞིན་དགོས་མཁོ་ཆེན་པོ་ཡོད་ལ་ད་ཆ་ཚབ་བྱེད་ཀྱི་དངོས་པོ་ཡང་ཐོན་མེད་པ་རེད། དགོན་པའི་ནང་རྒྱུན་དུ་བེད་སྤྱོད་གཏོང་བའི་རྔ་ནི་ཧ་ཅང་ཆེན་པོ་ཡོད་པ་དང་། བཀྲ་ཤིས་རྟེན་འབྲེལ་སོགས་ཀྱི་སྐབས་ཕྱིར་འཁྱེར་རྒྱུའི་ལག་རྔ་ནི་ཅུང་ཆུང་བ་ཡོད། ད་དུང་ཊ་མ་རུ་དང་ཐུན་དམ་ཞེས་པའི་ཌ་རུའི་རིགས་ཆེ་ཆུང་གཉིས་ཡོད་པ་རེད། རྔ་ལ་གཡོག་རྒྱུའི་པགས་པ་ནི་སྤྱིར་ན་ར་ལྤགས་ཡིན་པ་ལས་འབྲི་གཡག་གི་ཀོ་བ་སྤྱོད་སྲོལ་མེད་པ་རེད། རྔའི་རིགས་ནི་སྒྱུ་རྩལ་དངོས་པོ་ཙམ་མིན་པར་རིག་གནས་ཐོན་རྫས་ཤིག་ཡིན་ལ་རིམ་པ་ཁག་གི་གཟུགས་འདས་ཤུལ་བཞག་རིག་གནས་ཤིག་ཀྱང་ཡིན་པ་མ་ཟད། ཆོས་ལུགས་རིག་གནས་ཀྱི་ཁྱབ་ཁོངས་སུ་པགས་པའི་སྒྱུ་རྩལ་དངོས་པོ་དེ་རིགས་སྔར་བཞིན་དགོས་མཁོ་ཆེན་པོ་ཡོད་པ་རེད།

10.jpg

པགས་ལྷམ།

མཇུག་བསྡུ་བ། མདོར་ན། ད་ལྟ་རྒྱལ་ཁབ་དང་མི་རིགས་གང་ཡིན་ཡང་རང་མི་རིགས་ཀྱི་རིག་གནས་དར་སྤེལ་དང་གཅེས་འཛིན་བྱ་དགོས་ན། སྐད་དང་ཡི་གེ་བཀོལ་སྤྱོད་བྱེད་པ་ཁོ་ན་ཙམ་མ་ཡིན་པར་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་སམ་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་། ལྷག་པར་དམངས་ཁྲོད་དུ་ཡུན་རིང་བག་ལ་ཞ་བའི་ཀོ་བཟོའི་ལས་རིགས་ལ་མཚོན་ན་ཐོན་ཁུངས་རྒྱུ་ཆ་བོད་ཡུལ་ན་མོད་པ་དང་ཐོན་རྫས་ཀྱི་སྤུས་ཀ་ལེགས་པའི་ལས་རིགས་ཤིག་ཡིན་ལ། ཕ་མེས་ཡང་མེས་ནས་ཉམས་མྱོང་བསགས་ནས་མི་རབས་ནས་མི་རབས་བརྒྱུད་ཅིང་ས་གནས་དང་མི་རིགས་ལ་སྨན་པའི་ཀོ་བཟོའི་བཟོ་རྩལ་འདིར་ཀུན་གྱིས་ཡི་རངས་དང་མ་ཉམས་དར་སྤེལ་བཏང་ན་མི་རིགས་ཀྱི་རིག་གནས་འཕེལ་རྒྱས་ཐད་ལའང་གྲུབ་འབྲས་མི་དམན་པ་ཞིག་འབྱུང་ངེས་སོ། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།