འདོགས་ཆ་གའུ་ཁྱད་མཚར་ཅན།

微信图片_202007301019396.bmp

དགོན་པའི་ཀུན་དགའ་ར་བའི་ནང་གི་གའུ།

བོད་གངས་ཅན་ལྗོངས་འདི་ལ་གནའ་སྔ་མོ་ནས་མི་རིགས་གཞན་ལ་འགྲམ་ཆུ་ལྡང་མི་དགོས་པའི་རྒྱན་ཆས་རིག་གནས་ཁྱད་འཕགས་འཐུས་སྒོ་ཚང་བ་ཞིག་ཡོད་པ་ནི་ལྟ་ཅི་སྨོས། མེས་པོ་རིམ་བྱོན་དེ་དག་གིས་རང་ཉིད་ཀྱི་འཚོ་བར་ཕན་དུ་གདགས་པའི་འདོགས་ཆ་མང་བོ་ཞིག་བློ་དང་རིག་པས་གསར་དུ་བསྐྲུན་ཏེ་བཟོ་རྩལ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་ཡུན་རིང་བོ་ཞིག་འགོར་བའི་དེ་རིང་གི་སྐབས་སུ་མི་རིགས་ཤིག་གམ་ཡུལ་སྡེ་ཞིག་གི་ཚབ་མཚོན་དུ་གྱུར་ཡོད་པའང་གང་མང་མང་རེད། དེ་དག་ལས་ཀྱང་བཟོ་རྩལ་ཁྱད་དུ་འཕགས་པའི་སྲུང་འཁོར་དང་རྒྱན་ཆའི་བདག་ཉིད་གཅིག་པའི་གའུ་ལས་བོད་མི་རིགས་ཀྱི་རྒྱུན་རིང་ཞིང་རྫོངས་སྟུག་པའི་བཟོ་ལས་རིག་གནས་རྟོགས་ཐུབ་པར་མ་ཟད། བོད་མི་རིགས་ཀྱི་འབྱམས་ཀླས་པའི་ཆོས་ལུགས་རིག་གནས་ཀྱིས་རྒྱན་ཆས་རིག་གནས་སོགས་བོད་མིའི་འཚོ་བ་ལ་ཤན་ཞུགས་པ་ཡང་རྟོགས་ཐུབ་བོ། །

微信图片_202007301019395.bmp

སྐག་ཏུ་འདོགས་པའི་གའུ།

微信图片_20200730102135.jpg

གསེར་དངུལ་ལས་བཟོས་པའི་གའུ།

སྤྱིར་གའུ་ནི་གསེར་དང་དངུལ་ལམ་ཡང་ན་ཟངས་སོགས་ཀྱིས་བཟོས་པའི་སྒྲོམ་ཆུང་ཞིག་ཡིན་ཞིང་། དེའི་ཕྱི་ངོས་སུ་གཡུ་དང་བྱུ་རུ། མུ་ཏིག་སོགས་རིན་པོ་ཆེ་ཡིས་ཤན་འདུག་ལ། ནང་དུ་ལྷ་སྐུ་ཆུང་ཆུང་དང་། གཟུངས་སྔགས་སོགས་ཀྱི་རྟེན་བཞག་ནས་རྐྱེན་ངན་དང་བར་ཆད་བཟློག་པར་བྱེད་པའི་དངོས་པོ་བྱིན་རླབས་ཅན་ཞིག་ཡིན། 《དུང་དཀར་ཚིག་མཛོད་ཆེན་མོ།》ལས། གའུ་ནི་བོད་ས་གནས་སུ་སྐྱེས་པ་ཚོས་གདོན་འདྲེའི་གནོད་པ་དང་མཚོན་ཆ་སོགས་སྲུང་བའི་སྐུ་འདྲ་བྱིན་ཅན་དང་། སྲུང་མདུད། རིལ་བུ་བཅས་འཇུག་སྣོད་གའུའི་དབྱིབས་ཟེའུ་ལྷ་ཁང་གི་སྒོ་ཁྱིམ་དང་དྲ་བ་ལ། རྒྱུ་ཆ་ཟངས་དང་། རག གསེ་དངུལ་སྤེལ་མའམ། དངུལ་རྐྱང་གསེར་རྐྱང་ལས་བཟོས་པ་དང་། བུད་མེད་ཀྱི་རྒྱན་ཆའི་གའུ་ཟུར་བཞི་མ་དང་ཟུར་བརྒྱད་མ། སྒོར་དབྱིབས་བཅས་སྣ་ཚོགས་ཡོད་ཅེས་གསལ་བོར་འགྲེལ་ཡོད།

微信图片_202007301019394.bmp

སྐྱེས་པའི་རལ་བར་འདོགས་པའི་གའུ།

微信图片_202007301019393.bmp

གཞིས་རྩེའི་ཡུལ་གྱི་བུད་མེད་ཀྱིས་འདོགས་པའི་གའུ།

གའུ་འདོགས་པ་ནི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་ཞིག་ཡིན་པ་རེད།  སྔ་མོ་བུད་མེད་ཚོས་བྲང་ཁར་འདོགས་པའི་གའུ་ཡི་བཟོ་ལྟ་ནི་སྤྱིར་ན་གྲུ་བཞི་ཡིན་རུང་ཕྱིས་ཟུར་དྲུག་དང་ཟུར་བརྒྱད་སོགས་བཟོ་རྩལ་ལེགས་སུ་སོང་བའི་གའུ་འདོགས་སྲོལ་དར་བ་མ་ཟད།  རྒྱན་བཟང་མའི་ཆས་གོས་ནང་བྲང་ཁར་གའུ་ཆེ་བ་གཅིག་གི་ཐོག་ད་དུང་གའུ་གསུམ་སྒྲོམ་ཞེས་དེའི་གཤམ་གྱི་གྲོད་པའི་ཐད་དུ་གཅིག་དང་གཡས་གཡོན་གཉིས་སུ་རེ་རེ་དག་རིན་ཆེན་སྣ་ཚོགས་ཀྱིས་བརྒྱན་པའི་ལུང་ཐག་དང་བཅས་འདོགས་སྲོལ་ཡོད་པ་དང་།  ཉེ་རབས་སུ་ད་དུང་གའུ་རྫུས་ཞེས་མེ་ཏོག་དང་ཕྱེ་མ་ལེབ་ཀྱི་གཟུགས་སོགས་དབྱིབས་ངེས་མེད་ཀྱིས་རང་མོས་ལྟར་གསར་གཏོད་བྱས་པ་ཡང་མཐོང་རྒྱུ་ཡོད།  ཡང་སྐྱེས་པ་ཚོས་དབྱིབས་གྲུ་བཞི་དང་གྲུ་བཞི་ནར་མོ་ཡིན་པའི་གའུ་འབྲལ་སྤང་ཞེས་པ་ཞིག་འདོགས་སྲོལ་ཡོད་རུང་དེ་ནི་བྲང་དུ་མི་འདོགས་པར་གློ་གཡས་སུ་འདོགས་ཀྱི་ཡོད་པ་དང་གའུ་ཡི་མཐའ་སྣེར་རི་དྭགས་དང་བཀྲ་ཤིས་རྟགས་བརྒྱད་སོགས་ཀྱི་རི་མོས་བརྒྱན་ཡོད་པ་རེད། གའུ་ཡི་རྒྱུ་ཆ་ལེགས་ལ་བཟོ་ལྟ་མཛེས་པ་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་ཁྲ་བཏབ་པ་མ་ཟད། བུད་མེད་ཚོའི་གའུ་ཡི་ལུང་ཐག་ཀྱང་གཡུ་བྱུར་དང་གཟི།  སྤོས་ཤེལ།  མུ་ཏིག་སོགས་སྟར་ལ་བརྒྱུས་པའི་ཐོག་ལུང་ཐག་གི་དབུས་སུ་ཡང་གསེར་སྒོར་མོ་སོགས་རིན་པོ་ཆེའི་རིགས་ཀྱིས་འདོམས་བརྒྱབ་ནས་རིན་ཐང་ཧ་ཅང་ཆེན་པོ་ཡོད་པས་གའུ་ནི་གནས་ཐང་ཆེ་ལ་མིག་ལ་མཛེས་པའི་རྒྱན་ཆ་རྩེ་གྲ་ཞིག་ཡིན་པ་སྨོས་མེད་རེད།  འོན་ཀྱང་གའུ་ཡི་དོན་སྙིང་ནི་དེ་ཙམ་ག་ལ་ཡིན།  གའུ་ཕལ་ཆེ་བའི་ནང་ངོས་སུ་སྲུང་བ་འཇུག་ས་ཡོད་ལ་སྐྱེས་པའི་གའུ་ནང་དེ་བས་ཤོང་ཆེ་བ་ཡོད་པས་རྒྱབ་ངོས་ནས་ཁེབས་ཕྱེ་ནས་སྲུང་བ་བླུགས་རྗེས་ཁ་ལྟེམ་དགོས། 

微信图片_202007301019392.bmp

ལྷ་སར་རྒྱུན་མཐོང་གི་གའུ།

གའུ་ཡི་བྱུང་ཚུལ་སྐོར་ལ་ལོ་རྒྱུས་ཡིག་ཆ་ངེས་གསལ་མ་རྙེད་རུང་རིགས་གཅིག་མཁས་པའི་བཞེད་པ་ལྟར་ན།  བོད་དུ་ཐང་ག་སོགས་ཀྱི་འབྲི་སྲོལ་མ་དར་སྔོན་ནས་ཚ་ཚ་རྒྱག་སྲོལ་དར་བ་དང་ཚ་ཚས་སྲུང་བ་བྱེད་སྲོལ་ཡང་དར།  དེ་ལྟར་ཡིན་སྟབས་ཆོས་ལ་དད་གུས་ཆེ་བའི་བོད་མི་རིགས་ཀྱི་ངོས་ནས་བཤད་ན་སྐུ་རྟེན་ཐད་ཀར་རང་གཟུགས་ལ་སྦྱར་བ་ནི་ཉེས་དམིགས་བསགས་པ་ཞིག་ཡིན་པའི་ངོས་འཛིན་གྱིས་གའུ་ཡི་དགོས་པ་བྱུང་བའི་ངོས་འཛིན་བྱེད་ཀྱི་ཡོད།  འོན་ཀྱང་དུས་རབས་འཕེལ་རྒྱས་ཀྱི་གོམ་སྟབས་ཁྲོད་དུ་གའུ་ཡི་རྒྱུ་ཆ་དང་བཟོ་ལྟར་འགྱུར་ལྡོག་ཆེན་པོ་བྱུང་བ་ནི་ཟུར་བལྟས་ལེབ་མཐོང་ཞིག་རེད།  གང་ལྟར་དུས་ད་ཆ་ཡང་གའུ་ཡི་ནང་དུ་སྲུང་བ་དམ་རྫས་བླུགས་སྲོལ་ནི་སྔར་བཞིན་གནས་ཡོད་ཅིང་།  སྲུང་བའི་བྱེ་བྲག་ནི་རིང་བསྲེལ་དང་།  བདུད་རྩི་རིལ་བུ།  དམ་རྫས་མྱོང་གྲོལ།  སྐྱེས་བུ་དམ་པའི་གདུང་ཐལ།  དབུ་སྐྲ་དང་ན་བཟའ།  དེ་བཞིན་སྐུ་འདྲ་ཆུང་ངུ་བཅས་བླུགས་ཀྱི་ཡོད་ལ་ལྷག་དོན་སྐྱེས་པའི་གའུ་ལ་ལའི་ངོས་སུ་ཆེད་མངགས་ཤེལ་སྒོ་ཆུང་ངུ་སྒྲིག་ནས་གནས་དང་དུས་ལ་མ་བལྟོས་པར་སྐུའི་བཞིན་རས་མཇལ་ས་ཡོད་པ་བཟོས་ཏེ་བྱིན་རླབས་དང་ལུས་སྲུང་གཉིས་ཀའི་གོ་ཆོད་པ་བྱེད་སྲོལ་ཡོད། 

微信图片_202007301019391.bmp

དཀར་མཛེས་རྒྱལ་རོང་གི་གའུ།

微信图片_20200730101939.bmp

བུད་མེད་ཀྱིས་འདོགས་པའི་གའུ།

གའུ་ནི་རིན་ཆེན་སྣ་ཚོགས་ལས་གྲུབ་པའི་རྩ་ཆེའི་དངོས་པོ་ཞིག་ཡིན་པས་སྔར་ནས་བཟུང་རིན་གོང་མཐོ་བའི་རྒྱན་ཆའི་གྲས་ཤིག་ཡིན་པའི་ཁར།  དེང་སང་དཔལ་འབྱོར་གྱི་ཆུ་ཚད་གོང་མཐོར་སོང་བ་དང་རང་བྱུང་ལྷན་སྐྱེས་ཀྱི་རིན་པོ་ཆེའི་རིགས་ཇེ་དཀོན་དུ་གྱུར་སྟབས་དཀོན་པ་ཙམ་གྱི་རིན་ཐང་ཞེས་པ་ལྟར་ད་ཆ་གའུ་ཡི་གནས་ཐང་དེ་བས་ཇེ་ཆེར་འགྲོ་བཞིན་ཡོད་སྟབས་དེང་སང་རྩ་ཆེའི་དངོས་པོ་ཉར་ཚགས་བྱེད་མཁན་མང་པོ་ཞིག་གིས་ཀྱང་གའུ་ཉར་ཚགས་བྱེད་པའི་ཚ་རླབས་ཤིག་འཕྱུར་ཡོད་པ་རེད།  ལོ་ཤས་གོང་ད་དུང་གའུ་ཉར་ཚགས་བྱེད་མཁན་ཞིག་གིས་རྒྱལ་སྤྱིའི་ཧབ་ཚོང་ཁྲོམ་རའི་ཐོག་ཆིང་རྒྱལ་རབས་དུས་ཀྱི་དངུལ་གྱི་གའུ་རྙིང་པ་ཞིག་ལ་རིན་གོང་མི་དམངས་ཤོག་སྒོར་ཁྲི་བརྒྱ་བྱིན་ཡོད་པ་རེད།  ཉར་ཚགས་བྱེད་མཁན་ཚོས་གའུ་ཡི་རིན་ཐང་ལ་དཔྱད་སྐབས་རྒྱུ་ཆ་དང་བཟོ་ལྟར་ལྟ་བའི་ཐོག་དེའི་ལོ་རབས་དང་།  བཟོ་རྩལ།  དེ་བཞིན་དམ་རྫས་སྲུང་བ་དང་བཅས་པ་ཡོད་ན་སྲུང་བའི་རྩ་ཆེའི་རང་བཞིན་ལའང་དེ་བས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད།  དེང་སང་རིགས་གཅིག་མཁས་ཅན་མང་པོས་གསེར་དངུལ་ལས་བཟོས་པའི་བོད་ཀྱི་གའུ་ཡི་སྤུས་ཚད་ལེགས་པོ་མི་འདུག་ཅེས་ཤོད་ཀྱི་ཡོད་རུང་།  དེ་ནི་གནའ་བོའི་མི་རྣམས་ལྐུགས་དྲགས་པ་དང་ཡང་ན་རྒྱུ་ཆར་སེར་སྣ་བྱས་པ་ཞིག་གཏན་ནས་མིན་པར་གའུ་ཡི་ངོས་སུ་སྦྱར་བའི་རིན་པོ་ཆེ་རྣམས་བརྟན་པོར་གནས་པའི་ཆེད་དུ་ཡིན་པ་རེད། 

微信图片_20200730101939.jpg

བུད་མེད་ཀྱི་འདོགས་པའི་གའུ།

གའུ་ནི་བོད་མི་རིགས་ཀྱི་ངོ་མཚར་ཆེ་བའི་བཟོ་རྩལ་དངོས་པོ་ཞིག་ཡིན་ལ་བླ་ན་མེད་པའི་དད་སེམས་གནས་ས་ཞིག་ཀྱང་ཡིན་པས།  མི་ལ་རྒྱུ་དགོས། རྒྱུ་ལ་བདག་པོ་དགོས།  ཞེས་པའི་དཔེ་ལྟར།  གའུ་ཉར་ཚགས་བྱེད་མཁན་ཡིན་ཀྱང་འདྲ།  ཡང་ན་ཕ་མེས་ཡང་མེས་ཀྱི་ཤུལ་འཛིན་པ་གང་ཞིག་ཡིན་རུང་གའུ་ཉར་ཚགས་གཟབ་ནན་བྱེད་དགོས་པ་མ་ཟད།  གའུ་ཡི་ངོས་སུ་མར་བྱུག་རྒྱུ་ནི་སྐམ་ཤས་ཆེ་བའི་ས་མཐོར་གའུ་ཡི་སྣུམ་ཞག་སྲུང་འཛིན་བྱེད་པ་དང་འོད་མདངས་མི་ཡལ་བའི་ཐབས་དམ་པ་ཞིག་ཡིན་ནོ།།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།