གནའ་རབས་བོད་གྲིའི་སྐོར་མདོ་ཙམ་བརྗོད་པ།

ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་གངས་ཅན་ལྗོངས་སུ་མགོ་ནག་བོད་མི་བྱུང་བ་ནས་བཟུང་། གདོད་མའི་ཁོར་ཡུག་གི་འཚོ་བའི་དགོས་མཁོ་དང་བསྟུན་པའི་ཤེས་རིག་རེ་བྱུང་ཡོད་དེ། དང་པོ་རྡོ་དང་དབྱུག་པ་སོགས་ཀྱིས་ལག་ཆ་ཐབས་ཆག་ཙམ་བྱེད་པའི་བློ་ཐབས་རྙེད་པ་དང་རྣོ་འདོན་སྟངས་ཤེས་རྗེས་རིམ་བཞིན་རྡོ་གྲི་དང་རུས་གྲི་བྱུང་བ་དང་། དེ་ཕྱིས་ཀྱི་མངའ་མཛད་དགུའི་ཐོག་མ་གནོད་སྦྱིན་ནག་པོའི་དུས་ནས་བཟུང་དགྲ་འགོག་རང་སྲུང་གི་ནུས་པ་ཐོན་པའི་མཚོན་ཆའི་བྱེད་ཐབས་བཀོལ་རྒྱུའི་སྲོལ་བྱུང་ཡོད་ལ། ཐོག་མར་མདའ་གཞུ། སྟྭ་རེ། རྐང་ཤིང༌། ཆུ་གྲི། ཞགས་པ། འུར་རྡོ་སོགས་དར་བར་མངོན། སྟྭ་རེ་དང་ཆུ་གྲི་སོགས་དར་བར་གྲགས་པའི་ཤུགས་ནས་དཔྱད་ན་འདི་དུས་ནས་བོད་མི་རིགས་ལ་རྡོ་ལྕགས་བཞུ་སྦྱང་དང་ལྕགས་བཟོ་ལྕགས་མགར་གྱི་ལག་རྩལ་ཡོད་པར་མངོན། དེ་ལས་ཀྱང་རྡོ་ཆས་རྙིང་མའི་སྐབས་ཀྱི་རྡོ་གྲི་དང་རུས་གྲི་དག་ནི་བོད་ཀྱི་ཡུལ་གྲུ་སྟོད་སྨད་བར་གསུམ་ནས་ད་ལྟའང་མང་པོ་རྙེད་རྒྱུ་ཡོད་པ་མ་ཟད། འབྲེག་གཏུབ་ཀྱི་ལག་ཆ་མང་ཆེ་བ་ནི་བཟོ་དབྱིབས་ལེགས་ཤིང་ཞིབ་ཚགས་ཆེ་བར་མཐོང་། གངས་རིའི་ཡུལ་གྲུ་འདིར་འཚོ་བའི་བོད་རིགས་མི་དམངས་ལ་མཚོན་ན་དུས་ཡུན་རིང་མོར་འབྲོག་ལས་ཀྱིས་འཚོ་ཞིང་། ཤ་བཟའ་བ་དང་དགྲ་ཇག་འགོག་སྲུང་སོགས་གྲི་དང་འགྲོགས་པའི་དོན་སྙིང་གལ་ཆེན་ལྡན་ཡོད། ཡིན་ནའང་དུས་རབས་མང་པོ་སོང་རྗེས་དེ་རིམ་བཞིན་ཕྲ་རྒྱན་སོགས་མང་པོ་སྤྲས་ཏེ་རྒྱན་ཆར་གྱུར་བ་རེད། དེ་ལྟར་གནའ་བོའི་བོད་གྲི་འདི་ཉིད་ཀྱང་རིག་གནས་གཞན་དག་དང་འདྲ་བར་ཐོན་སྐྱེད་གོང་འཕེལ་གྱི་གོ་རིམ་ཁྲོད་བྱུང་ཞིང་ཐོན་སྐྱེད་འཕེལ་རྒྱས་ཀྱི་འཕོ་འགྱུར་ཁྲོད་རིམ་འགྱུར་བྱུང་བ་ཞིག་ཡིན། དེ་ནི་མིའི་རིགས་ཀྱིས་རང་བྱུང་ཁམས་ལ་ཁ་ལོ་བསྒྱུར་པའི་གོ་རིམ་ཁྲོད་ཀྱི་གསར་གཏོད་བླ་མེད་ཅིག་ཡིན་པར་མ་ཟད་མིའི་རིགས་ཀྱི་ཐོན་སྐྱེད་ལག་ཆ་འཕེལ་རྒྱས་སུ་སོང་བའི་མཚོན་རྟགས་གལ་ཆེན་ཞིག་ཀྱང་ཡིན། 

99e78831e1e97fa6bf15081c72573d9.jpg

ཚགས་བཀྲོལ་ཕུལ་དུ་བྱུང་བའི་སྐེད་གྲི།

4843635fe282da8c8e400e7016e10ca.jpg

རྩིབ་གཤག

དང་པོ། བོད་གྲིའི་གོ་དོན་དང་རིགས་དབྱེ་ཐད་ནས་གཞལ་ན། སྤྱིར་གྲི་བྱ་བ་ནི་སྔ་དུས་ཀྱི་མཚོན་ཆ་ཞིག་སྟེ། སྤྱིར་བཏང་བཤད་ན་གཞོག་གཏུབ་གཅོད་གསུམ་བྱེད་པའི་ཡོ་བྱད་ལ་གོ་བ་ཤོས་ཆེ་ཞིང་། གྲིའི་རྒྱུ་ཆ་དང་གྲི་འདོགས་མཁན་གྱི་ཐོབ་གོ་སའི་དབང་གིས་བོད་ཀྱི་ལོ་རྒྱུས་ཐོག་གྲི་ལ་བྱེ་བྲག་གི་མིང་དུ་མ་ཞིག་བྱུང་ཡོད་དེ། དཔེར་ན། རལ་གྲི་དང་། རྩིབ་གཤག གློ་གྲི། རྐེད་གྲི། ཤང་ལང་། དཔའ་དམ། ཁ་གྲི། ཉག་གྲི། རྒྱལ་གྲི། དངུལ་གྲི། གྲི་ཁྲ། མདུང་རྩེ་མ་སོགས་མང་ཞིང་། བོད་གྲི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་གྲི་རྡུང་རྩལ་ཡང་བོད་རིགས་ས་ཁུལ་ཡོངས་སུ་རྒྱུན་འཛིན་ཐུབ་སྟེ། ས་གནས་ཁག་གི་ལྕགས་བཟོ་བས་ཡུལ་བབ་དང་བསྟུན་ནས་རང་སོ་སོའི་ཁྱད་ཆོས་ལྡན་ལ་ནུས་པ་མི་འདྲ་བའི་བོད་གྲི་རིགས་མང་པོ་ཞིག་བྱུང་ཡོད་པ་སྟེ། རྒྱལ་རོང་འབིག་ཚ་དང་། ཀོང་པོའི་རྟ་ཤན། གཙང་ཁུལ་གྱི་གྲི། ཕུ་མདོའི་བོད་གྲི། ཡིད་འོང་གི་གྲི། ཁམས་པའི་གྲི་སོགས་ཡོད་ཅིང་། དེ་དག་གི་བཟོ་རྩལ་དང་ཁྱད་ཆོས་སོགས་ཀྱང་མི་གཅིག་པ་མ་ཟད། བོད་གྲིའི་རིགས་སྣ་མང་པོ་ཡོད་པ་དེ་དག་ལས་བོད་གྲིའི་རིག་གནས་ལ་ནང་དོན་ཕུན་སུན་ཚོགས་པ་དང་གྱ་ནོམ་པ་ཞིག་ཡོད་པའང་ཤུགས་ནས་རྟོགས་ནུས་སོ།

a5173469f88f99522a738c93004fd71.jpg

རིན་པོ་ཆེའི་ཕྲ་རྒྱན་ཅན་གྱི་གློ་གྲི།

009f21a6b012cbf507bc6fc6ba07630.jpg

བཟོ་རྩལ་ཁྱད་དུ་འཕགས་པའི་རྒྱལ་གྲི།

གཉིས་པ། བོད་མིས་གྲི་བཀོལ་སྤྱོད་བྱས་པའི་ལོ་རྒྱུས་དང་དཔྱད་སྒོ། བོད་གདོད་མ་མངའ་མཛད་དགུའི་དམར་འཇམ་ལྷ་ཡི་དུས་རབས་ནས་ཆུ་གྲི་བཀོལ་ནས་མིའི་ཚེ་སྲོག་ལ་འཚེ་བའི་གཅན་གཟན་གདུག་པ་ཅན་གྱི་གདོང་བླངས་པ་དང༌། ཁོར་ཡུག་གི་དགྲ་ཟླ་ལ་ཡ་ལན་སྤྲད་པ། རི་སྐྱེས་སྲོག་ཆགས་རྔོན་ནས་ཁ་ཚས་འཚོལ་སྒྲུབ་བྱས་ཡོད་པ་སོགས་ནི། 《ཆོས་འབྱུང་མཁས་པའི་དགའ་སྟོན》 ལས། དང་པོར་གནོད་སྤྱིན་ནག་པོས་དབང་བྱས་ཏེ།། ཡུལ་གྱི་མིང་ཡང་བཟང་ཡུལ་རྒྱན་མེད་ཟེར།། མཚོན་ཆ་མདའ་གཞུ་དེ་ཡི་དུས་སུ་བྱུང་།། དེ་ནས་རེ་ཏེ་མགོ་གཡག་བདུད་ཀྱིས་བྱས།། མིང་ཡང་བདུད་ཡུལ་ཁ་རག་རོང་དགུར་བཏགས།། སྟ་རེ་དགྲ་སྟ་དེ་ཡི་དུས་སུ་བྱུང་།། དེ་ནས་སྲིན་པོ་གཉའ་རིང་ཁྲག་མིག་བྱས།། ཡུལ་མིང་སྲིན་པོ་ནག་པོ་དགུ་ཡུལ་ཟེར།། སྲིན་མོའི་རྐང་དང་སྒྱོགས་གཉིས་ལག་ཆ་བྱུང་།། བཞི་པ་དམར་འཇམ་ལྷ་ཡིས་དབང་བྱས་ཏེ།། ལྷ་ཡུལ་གུང་ཐང་ལག་ཆ་ཆུ་གྲི་བྱུང་།། ཞེས་སོགས་བྱུང་བའི་ཤུགས་ལས་འདི་དུས་བོད་མི་རིགས་ལ་རྡོ་ལྕགས་བཞུ་སྦྱང་དང་ལྕགས་བཟོ་ལྕགས་འགར་གྱི་ལག་རྩལ་དར་ཡོད་པ་གཏོགས་ཐུབ་པ་དང་། བོད་ལ་མཚོན་ན། ལྕགས་ཆས་སྤྱོད་པའི་ལོ་རྒྱུས་ནི་འཛམ་གླིང་གི་རྒྱལ་ཁབ་གང་ལས་ཀྱང་སྔ་བ་གསལ་བོར་རེད། ལྷ་སའི་སེ་ར་དགོན་པའི་རྒྱབ་ལོག་གི་ཆུ་གོང་བྱ་བ་དེ་ནས་རྙེད་པའི་ས་འོག་གི་རྫ་ཆས་དང་ནང་སྒོས་སུ་ལི་ཡི་མེ་ལོང་དེའི་ཡུ་བ་ལྕགས་ཡིན་པ་དེ་ནི། ཉེ་ཆར་འཛམ་གླིང་གི་ལོ་རྒྱུས་ཐོག་ལྕགས་དངོས་སུ་བཞུས་པའི་ལག་རྩལ་བཟོ་ལས་ལ་མི་ལོ་སུམ་སྟོང་བརྒྱད་བརྒྱའི་ལོ་རྒྱུས་ཡོད་པ་བདེན་དཔང་བྱས་པ་རེད། བོད་གདོད་མའི་མེས་པོ་ཚོའི་བློ་རྩལ་དང་གསར་གཏོད་ནི་སྐབས་དེའི་འཛམ་གླིང་ལ་མཚོན་ན་འགྲན་ཟླ་མེད་པ་ཞིག་དང་ཆེས་སྔོན་ཐོན་ཡིན་པ་ཡང་ཤུགས་ནས་རྟོགས་ཐུབ་འདུག དེ་ནས་རིམ་བཞིན་སྤྱི་ལོའི་དུས་རབས་དང་པོའི་གཡས་གཡོན་དུ་བོད་དུ་ལྕགས་བཞུ་བཏུལ་གྱི་ལག་རྩལ་ནི་ཤིན་ཏུ་དར་ཡོད་པ་མ་ཟད། གྲི་བཟོ་ལ་མཁས་པ་ཟིམ་པོ་སྤུན་དགུ་ཟེར་བ་བྱུང་བ་དང་ཁོང་ཚོས་བརྡུངས་པའི་གྲི་ལ་དགུ་ཟི་ཞེས་མིང་ཐོགས་པར་གཞིགས་ན། བོད་དུ་ལྕགས་བཞུ་བཏུལ་གྱི་ལག་རྩལ་དར་ནས་གྲི་བཟོ་མཁས་པོ་བྱུང་ཡོད་པས་གྲི་གུམ་བཙན་པོ་ནས་བརྩིས་ན་ད་བར་ཉུང་མཐར་ཡང་མི་ལོ1600ཙམ་གྱི་ལོ་རྒྱུས་ཡོད་པ་ཤེས་ཐུབ། ལྷག་དོན་རྒྱལ་རབས་ཆོས་འབྱུང་མང་པོར། གནམ་གྱི་ཁྲི་བདུན་གྱི་མཐའ་མ་གྲི་གུམ་བཙན་པོའི་དུས་སུ་གོ་ཁྲབ་རལ་གྲི་ཐོག་མར་དར་ཞེས་འཁོད་པ་དང་ལོ་ངམ་རྟ་རྫིས་རལ་གྲི་ཀླད་ལ་བསྐོར་ནས་གྲི་གུམ་བཙན་པོ་དཀྲོངས་ཞེས་འཁོད་པར་གཞིགས་ན། བཙན་པོའི་གདུང་རབས་བརྒྱད་པའི་དུས་ནས་གྲིའི་བཟོ་རྩལ་ནི་དར་རྒྱས་ཆེན་པོ་བྱུང་ཡོད་པ་མ་ཟད། ཕྱིས་གྲིའི་བཟོ་རྩལ་དང་བེད་སྤྱོད་ཀྱི་རིན་ཐང་ཇེ་ཆེར་ཕྱིན་པས་བཙན་པོ་རིམ་བྱོན་གྱི་དུས་སུ་དགྲ་ལ་རྡེག་པའི་གོ་མཚོན་ཡིན་ལ་རང་ལ་སྤམ་པའི་རྒྱན་ཆའམ་དཔའ་ཆས་གཙོ་བོ་ཡང་ཡིན་པ་དེ་ཧ་ལམ་ལོ་རྒྱུས་ཡིག་ཆའི་ཤོག་ལྷེ་ཁ་ཕྱེ་མ་ཐག་མཐོང་རྒྱུ་ཡོད་པ་ལྟ་བུ་ཞིག་ཡིན། ལྷག་དོན་བཙན་པོ་སྲོང་བཙན་སྒམ་པོ་དང་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་ནང་ཆོས་རྒྱ་ཆེར་དར་སྐབས་ལྷ་ཁང་མང་པོ་བརྩིགས་པ་དང་ལྷ་སྐུ་ཕོན་ཆེན་བཞེངས་པའི་ཁྲོད་ཆོས་སྐྱོང་སྲུང་མ་སོགས་དྲག་པོ་དང་ཁྲོའི་སྐུ་མང་པོའི་བཞེངས་པའི་ཕྱག་མཚན་དུ་རལ་གྲི་ཐོགས་པ་མང་པོ་ཡོད་པ་མཐོང་ཆོས་ལྟར་ཡིན་པ་དང་། དེ་རྗེས་ཀྱང་དར་སོ་དང་སྤྱོད་གོར་ཉམས་རྒུད་མ་བྱུང་བས་ཡོན་རྒྱལ་རབས་ཀྱི་ལོ་རྒྱུས་ཡིག་ཆ་དང་མིང་རྒྱལ་རབས་ཡུང་ལོའི་དུས་ཀྱི་ལོ་རྒྱུས་ཡིག་ཆའི་ནང་དུ་ཡང་བོད་གྲི་བཟོ་བའི་རྒྱུ་ཆ་དང་། བཟོ་ཐབས། རྣམ་གྲངས་བཅས་ཞིབ་ཕྲ་བཀོད་ཡོད་པ་རེད། དེ་རྗེས་ཀྱི་ལོ་རྒྱུས་དུས་ཡུན་རིང་པོ་ཞིག་གི་ནང་དམག་དོན་དང་། ཐོན་སྐྱེད་འཚོ་བ། དཔའ་ཆས་སོགས་ཀྱི་དགོས་མཁོ་རྒྱ་ཆེར་ཕྱིན་པ་དང་སྦྲགས། བོད་གྲིའི་བཟོ་རྩལ་ཀྱང་ཇེ་ལེགས་སུ་ཕྱིན་ནས་ད་ཆ་འཛམ་གླིང་གི་སྐྱེ་བོ་ཚོས་མིག་གིས་མཐོང་བ་ཙམ་གྱིས་དངངས་འདར་རྒྱག་པའི་སྒྱུ་རྩལ་དངོས་པོ་དེ་ཐོན་པ་རེད།།

9978983ecd884c46d43b9cf31690ac8.jpg

རལ་གྲི།

69cd80655493049f409711b9c619884.jpg

རྐེད་གྲི།

གསུམ་པ།  བོད་གྲིའི་རྒྱུ་ཆ་དང་གྲི་ཤུབས། དེ་མིན་བཟོ་རིམ་སོགས་ཀྱི་ཐད་ནས་རྗེས་བློས་གཞལ་ན། བོད་གྲི་བཟོ་བའི་རྒྱུ་ཆ་གཙོ་བོ་དངུལ་དང་། ཟངས(ཏུང་ཚག་དང་། རག ཟངས་དམར)དང་། ལྕགས། ཉ་ཆེན་ཧྲ་ཡུས།  གླང་རྭ།  མཱ་ནོ།  འགྱུར་མེད་རྫ་མོ་སོགས་ཡོད་ཅིང་། བོད་གྲིའི་མཛེས་འཆོས་གཙོ་བོ་ནི་གྲི་ཤུབས་ལས་མངོན་ཞིང་། གྲི་ཤུབས་ནི་སྤྱིར་ན་ཤིང་དང་། ཀོ་བ། ཟངས་ལྕགས། དངུལ་སོགས་ཡིན་ལ་བོད་ཤར་ཁུལ་དུ་གཅན་གཟན་གྱི་རྐང་པའི་ལྤགས་པས་བཏུམས་སྲོལ་ཡང་ཡོད་པ་དང་ཐ་ན་ལ་ལར་སྡེར་མོ་ཡང་མཉམ་དུ་ཡོད་པ་རེད། གྲི་ཤུབས་ཀྱི་ངོས་སུ་སྟག་སེང་ཁྱུང་འབྲུག་དང་མེ་ཏོག་སོགས་ཀྱི་རི་མོ་རྒྱག་སྲོལ་ཡོད་ལ། མཚོན་སྟངས་འབུར་རིས་དང་། ཚགས་དཀྲོལ་དང་དེ་བཞིན་གཡུ་བྱུར་དང་མུ་ཏིག་སོགས་ཀྱིས་བརྒྱན་སྲོལ་ཡོད་པ་ནི་བོད་གྲིའི་ཐུན་མིན་གྱི་ཁྱད་ཆོས་དེ་ཡིན། ད་དུང་གྲི་ཆེ་རིགས་ལ་རྒྱུ་སི་ཤན་དང་དར་གོས་སོགས་སྤྱད་དེ་བསླས་པའི་དཔའ་ལུང་ཞེས་གྲི་ཡུར་འདོགས་བྱེད་ཀྱི་ལུང་ཐག་ཅིག་ཡོད་པ་དེར་ཡང་དང་དོད་ཆེན་པོ་བྱེད་ངེས། ལས་སྣོན་བཟོ་རྩལ་ལ་བརྒྱུད་རིམ་འདི་དག་ཡོད་དེ།   ལྕགས་བཞུ་བ་དང་། བཟོ་ལྟ་འདོན་པ། ངར་བླུ་བ། རྣོ་འདོན་པ། ཚགས་རྒྱག་པ། ཚ་ལ་བརྒྱབ་ནས་བརྟན་དུ་གཏོང་བ། འཇམ་ཤ་འདོན་པ་བཅས་ཡིན་པ་དང་ཞིབ་ཕྲའི་བཟོ་རིམ་ནི་རང་ངོས་ཀྱི་བཟོ་རྩལ་ཁྱད་ཆོས་ལ་བསྟུན་དགོས་པ་དང་ཇི་ཙམ་དང་དོད་བྱས་ན་དེ་ཙམ་གྱིས་བཟོ་རིམ་རྙོག་དྲ་ཆེ་བ་ཡོད་ལ་ཁག་གཅིག་གིས་གྲི་ལ་ངར་འདོན་སྐབས་མར་བྱུག་པ་དང་གཙོད་ཁྲག་གཏོར་བ་བཅས་ཀྱི་གསང་ཐབས་ལག་རྩལ་ཡང་སྤྱོད་ཀྱི་ཡོད་པ་རེད། གང་ལྟར་སྔོན་རབས་ཀྱི་ལྕགས་བཟོ་མཁས་པ་རྣམས་ཀྱིས་གྲི་དང་མདུང་སོགས་མཚོན་ཆ་སྤུས་ལེགས་བརྡུང་སྐབས་ཆེད་དུ་ལྕགས་རིགས་མང་པོ་ཞུན་སྦྱར་གཏོང་བའི་བྱ་ཐབས་སྤྱད་པ་དེས་གྲི་མདུང་དང་བོད་མདའ་སོགས་ཀྱི་ངོས་ལ་མ་བཟོས་རང་བྱུང་དུ་གྲུབ་པ་ལྟ་བུའི་བཀྲ་རིས་འདྲ་མིན་སྣ་ཚོགས་འཆར་བ་ཞིག་བཟོ་ཐུབ་པ་མ་ཟད། དེ་ལས་གལ་ཆེ་བ་ནི། ལྕགས་རིགས་ངར་མཉེན་དང་སྲ་སྙི་སྣ་ཚོགས་བང་རིམ་ལྟར་སྦྱར་ཡོད་སྟབས་རྣོ་ཞིང་མཉེན་པ་དང་། ངར་ཞིང་ལྡེམ་པ། མཁྲེགས་ཤིང་འཇམ་པ། དཀར་ཞིང་འོད་འཚེར་བ་བཅས་ཀྱི་ཁྱད་ཆོས་ངོ་མཚར་བ་མང་པོ་འབྱུང་བ་ཡིན་ནོ། དེ་ལ་བརྟེན་ནས་དེ་དག་གི་ཐོན་ཁུངས་དང་རི་མོ་སོགས་ཀྱི་ཁྱད་ཆོས་དང་བསྟུན་ནས་གྲི་མཚོན་མེ་མདའ་བཅས་ལ་མིང་མང་པོ་བཏགས་ཡོད། དེ་བཞིན་དུ་གྲི་བཤད་ལ་ལར། ལྟག་པ་སྐྱ་རེངས་ཤར་འདྲ།། སོ་ཁ་མུན་པ་རུབ་འདྲ།། གྲི་རྩེ་མེ་ལྕེ་འབར་འདྲ།། གྲི་རྔུ་སྨུག་པ་འཁྲིགས་འདྲ།། ཁྲ་ཆེན་རྒྱ་མཚོ་འཁྱིལ་འདྲ།། ཁྲ་ཆུང་ཆུ་བོ་བབས་འདྲ།། ཁྲ་ཕུང་མེ་ཏོག་བཀྲག་འདྲ།། ཁྲ་ཞིབ་མེ་སྟག་འཚུབ་འདྲ།། ཁྲ་སྣ་ལྷོ་སྤྲིན་འཁྲིགས་འདྲ།། ཟེར་བ་སོགས་ཀྱི་བཤད་སྲོལ་མང་པོ་ཡོད་པ་དེ་དག་ནི། བཤད་བཟོ་དང་སྒྲོ་འདོགས་ཙམ་མ་ཡིན་པར་དོན་དངོས་ཐོག་མཐོང་རྒྱུ་ཡོད་པ་ཞིག་ཡིན་ཏེ། ལྕགས་རིགས་སྣ་ཚོགས་ཞུན་ལེགས་པར་སྦྱར་ཐོག་འཐར་རྡུང་མཁས་པོ་བྱུང་ན་བཀྲ་རིས་འདྲ་མིན་གང་འདོད་ལྟར་བཟོ་ཆོག་པ་ཡིན་ནོ།།

69303a6fb23abcb4bb2d064c9566bcb.jpg

ཟ་ཁ་ཡར་འཁྱིལ།

5936b7bb21da8ecbfcca52747766b62.jpg

ཀོང་པོའི་རྟ་ཤན།

ad34238117e39ba9751bd67f6dde824.jpg

མདུང་རྩེ་མ།

བཞི་བ། བོད་གྲིའི་བྱེད་ནུས་དང་རིན་ཐང་ནི། གྲི་ལ་བརྟེན་ནས་བོད་གདོད་མའི་དུས་རབས་མང་པོ་ཞིག་གི་རིང་ནས་བཟུང་རིམ་རྒྱུད་དུ་དང་པོ་རང་བྱུང་ཁོར་ཡུག་ནས་མི་དང་མཉམ་དུ་འཚར་ལོངས་བྱུང་བའི་གཅན་གཟན་གྱི་རིགས་ལ་འགོག་རྒོལ་བྱས་ཡོད་པ་དང༌། བར་སྐབས་ཤིག་ནས་མི་རིགས་དང་མི་རིགས་བར་གྱི་འགལ་ཟླ་དང་འགྲན་རྩོད་གཡུལ་ལས་ཀྱི་རྒྱུད་རིམ་ཁྲོད། དགྲ་ཡ་འགོག་འདུལ་སོགས་དྲག་ཆས་ལག་ཆ་ཕུལ་བྱུང་གི་བྱེད་ནུས་དང་རིན་ཐང་གི་གོ་གནས་བཟུང་ཚུལ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་བཅས་ཡོད་པ་དང༌། དེ་བཞིན་དུ་བོད་བཙན་པོའི་དུས་སུ་བོད་གྲི་དར་ཆེ་བར་མ་ཟད་བྱང་ཆ་ཆེར་ལྡན་པ་གསལ་བཤད་བྱེད་ཐུབ་ལ། སྐབས་ཐོག་དེའི་ནུས་པ་ནི་ལྟོ་གོས་ཙམ་མ་ཡིན་པར་མངའ་ཁོངས་བདག་འཛིན་དང་རྒྱ་བསྐྱེད་པའི་ལག་ཆ་ཡིན་པ་དང་ཆེ་བ་བརྗོད་བྱེད་ཀྱི་མཚོན་རྟགས་ཤིག་ཡིན་པ་ར་སྤྲོད་བྱས་ཡོད། ནུས་པ་དེ་ལྟ་བུ་ཞིག་ལྡན་པས་རིམ་བཞིན་ལྷ་སྐུ་སོགས་ཀྱི་ཕྱག་མཚན་ལ་རལ་གྲི་བྱུང་བ་དང་། རིམ་གྱིས་གྲིའི་རིག་གནས་དེ་མི་ཆོས་དང་ལྷ་ཆོས་ཀུན་ལ་ཐིམ། སྤྱི་ཚོགས་དང་ཐོན་སྐྱེད་འཕེལ་རྒྱུས་སུ་སོང་བའི་དབང་གིས་དེང་གི་ཆར་དུས་སྐབས་སྔོན་མ་དག་གི་ནུས་པ་མང་པོ་ཡལ་ནས་རྒྱན་ཆའི་རྣམ་པ་ཅན་དུ་གྱུར་ཡོད་ནའང་། ལྷའི་ཕྱག་མཚན་དུ་འགོད་པ་སོགས་ཆོས་ལུགས་ཆོ་གའི་ཕྱོགས་ཀྱི་ནུས་པ་དེ་ད་དུང་མ་ཉམས་པར་ཡོད། གང་ལྟར་བསྐལ་པ་ཡ་ཐོག་ནས་བཟུང་མཚོ་བོད་མཐོ་སྒང་གི་ཐོན་སྐྱེད་དང་འཚོ་བ་གང་སར་གྲིའི་ལོ་རྒྱུས་ཀྱིས་ཁྱབ་ཅིང་། དེ་སྔའི་རང་སྲུང་གི་མཚོན་ཆ་གཙོ་བོ་ཞིག་ཡིན་ལ་རྒྱན་ཆ་ཡང་ཡིན་པས་གྲི་ལེགས་གྲས་ཤིག་ལུས་ལ་བཏགས་ན་མིའི་གནས་བབ་མཚོན་ལ་ཁྱིམ་ཚང་གི་རྒྱུ་སྟོབས་ཡང་མཚོན། ལྷག་དོན་བོད་དུ་ཚད་ལྡན་གྱི་རྒྱན་ཆའི་རྣམ་གྲངས་དྲངས་སྐབས་རྒྱ་གྲི་ཕོར་ཤུབས་ཞེས་པ་དམིགས་སུ་བཤད་ཡོད་ལ་ཁམས་ཁུལ་དང་འབྲོག་ཁུལ་དུ་དེ་བས་ཀྱང་གྲིའི་སྤྱོད་གོ་ཆེ་ལ་གནས་ཐང་ཆེ་བ་ནི་སྨོས་མེད་ཁར། ཐ་ན་བུད་མེད་ཚོས་ཀྱང་རྒྱན་སྤྲོས་སྣ་ཚོགས་བྱས་པའི་གྲི་ཆུང་འདོགས་པ་དེ་རྒྱན་ཆར་བརྩིས་ནས་དང་དོད་བྱེད་ཀྱི་ཡོད་པ་རེད། །

169267793929a1f1f3316b2317c4f04.jpg

གྲི་ཁྲ།

77b9b7c15b4899cfe2b8450df025d4a.jpg

མཛེས་སྡུག་ལྡན་པའི་རང་བྱུང་གི་རི་མོས་བརྒྱན་པའི་བོད་གྲི།

5ca2ad718bf8d0f6f60fbcbec055822.jpg

ཁ་གྲི་དངུལ་ཤན་མ།

ལྔ་བ། བཟོ་རྒྱུན་གྱི་བཟོ་རྩལ་མ་ཉམས་པའི་ས་གནས་སོ་སོའི་བོད་གྲིའི་ཁྱད་ཆོས་སྐོར་ཅུང་ཙམ་སྤྲོས་ན། དེ་ཡང་བོད་ཁུལ་གྱི་གྲིའི་ཐོན་ཡུལ་གྱི་དབང་དུ་བྱས་ན་གཞིས་རྩེ་དང་། ལྷ་ས། ཀོང་པོ། ཨ་མདོ། ཁམས་ཁུལ་བཅས་ཀྱི་དབྱེ་བ་ཁ་ཤས་ཕྱེ་སྲོལ་ཡོད་པ་དེ་དག་ལ་ཐུན་མོང་གི་ཁྱད་ཆོས་ཡོད་ལ་སྤྱོད་གོ་མི་འདྲ་བ་དང་གོམས་སྲོལ་མི་གཅིག་པས་དམིགས་བསལ་གྱི་ཁྱད་ཆོས་ཅུང་ཟད་རེའང་ཡོད་པ་རེད། དབུས་དང་གཙང་ཁུལ་གྱི་གྲིའི་སྤྱོད་གོ་ནི་སྣམ་བུ་སོགས་དྲས་གཏུབ་བྱེད་པ་དང་ཤ་གཏུབ་རྒྱུ་སོགས་ལ་སྤྱོད་པས་གློ་གྲི་དང་ཨམ་གྲི་སྤྱོད་ཤུགས་ཆེ་བ་ཡོད་པ་མངོན་གྱི་ཡོད། འབྲོག་ཁུལ་གྱི་མི་ཚོས་གྲི་བེད་སྤྱོད་ཀྱིས་ཕྱུགས་རིགས་བཤའ་བ་སོགས་བྱེད་པས་རྣམ་ཀུན་སྐེད་གྲི་འདོགས་མཁན་མང་ཙམ་ཡོད། བོད་ཤར་ཁུལ་གྱི་ཀོང་པོ་ཁུལ་གྱི་མི་ཚོས་གུག་ཆ་ལྡན་པའི་གྲི་རིང་འཁྱེར་གྱི་ཡོད་པ་ནི་གཅན་གཟན་གྱི་གནོད་འཚེ་འགོག་པ་དང་ཤིང་ནགས་ཁྲོད་དུ་ལམ་བཤངས་བྱེད་ཡས་ལའང་མཁོ་པོ་ཡོད། ལྷག་དོན་ལོ་རྒྱུས་ཐོག་ཀོང་པོ་ཁུལ་གྱི་གྲིའི་བཟོ་རྩལ་ལེགས་པོ་ཡོད་པས། ཀོང་པོ་བས་ཁོང་ཚོའི་ཡུལ་ནས་ཐོན་པའི་གྲི་བེད་སྤྱོད་ཀྱིས་དབྱིན་འགོག་དམག་འཁྲུག་ནང་བྱས་རྗེས་ཆེན་པོ་བཞག་པ་མ་ཟད། ཀོང་དམག་གི་དམག་དཔོན་ཉི་མ་གྲགས་པ་ཞེས་པས་གྲི་འཕྱར་ནས་དཔའ་ངར་ཆེན་པོས་དམར་འཛིང་བྱས་རུང་མཐར་མང་སྣེ་ཉུང་གིས་མ་བརྟེན་པར་རང་སྲོག་ཤོར་བས་མི་རྣམས་ཀྱིས་ཁོང་གི་མཛད་རྗེས་ལ་དྲན་གསོ་ཞུ་ཆེད་ཁོང་གི་མེ་ཏོག་ཅེས་པའི་གྲི་དེ་ཕྱིས་གནས་རྙིང་དགོན་པའི་ནང་ཉར་ཚགས་བྱས་པར་གྲགས། ད་དུང་ཨ་མདོ་དང་ཁམས་ཁུལ་དུ་སྐེད་གྲི་འདོགས་མཁན་མང་ཙམ་ཡོད་པ་དང་གྲི་ཤུབས་ལ་དང་དོད་དེ་བས་ཆེ་བ་ཡོད། གཙང་ཁུལ་དང་ལྷ་ས་རྒྱུད་དུ་ལྷ་རྩེའི་གྲི་ནི་གྲགས་པ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་ཞིང་། ད་ལྟ་གཟུགས་འདས་ཤུལ་བཞག་རིག་གནས་ཡིན་པའི་གཞིས་རྩེ་ས་ཁུལ་ལྷ་རྩེ་རྫོང་གི་གྲི་ལ་ལོ་ངོ1000ཙམ་གྱི་ལོ་རྒྱུས་ཡོད་པ་དང་ལྕགས་ཀྱི་སྤུས་ཚད་ལེགས་པ་དང་། རྣོ་ངར་འཛོམས་པ། སྲ་བ། བརྐོས་ཚགས་ལེགས་པ། བརྡར་ཤེད་ཆེ་ལ་ཁུངས་ཐུབ་པ་དང་། མེ་ཆ་ལེན་པ། ཁབ་ལེན་གྱི་འཐེན་ཤུགས་ཆེ་བ་བཅས་ཡོད་པས་དེ་སྔ་བོད་ཀྱི་མིང་གྲགས་ལྡན་པའི་གྲི་དགུའི་ཡ་གྱལ་ཞིག་ཡིན་ཞིང་། སྤྱི་ལོ2001ལོར་བོད་ལྗོངས་གཞིས་རྩེ་ས་ཁུལ་གྱི་ཕུལ་བྱུང་ཐོན་རྫས་སུ་བདམས་པ་དང་སྤྱི་ལོ1990ལོར་བོད་རང་སྐྱོང་ལྗོངས་ཀྱི་ཡང་བའི་བཟོ་ལས་ཀྱི་ཐོ་བཀོད་ལག་ཁྱེར་ཐོབ་པ་མ་ཟད། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་གཞུང་ནང་ཚུད་པ་རེད། དེ་མིན་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གི་ཕུ་མདོའི་གྲི་ལ་ཡང་ལོ་ངོ་ཧ་ཅང་རིང་བའི་ལོ་རྒྱུས་ཡོད་པ་དང་གྲི་རྡུང་སྟངས་ཧ་ཅང་སྟབས་བདེ་པོ་ཡོད་རུང་བཟོ་རྩལ་ལེགས་ལ་སྤུས་ཚད་མཐོ་བ་དང་བེད་སྤྱོད་ཀྱི་རིན་ཐང་མཐོ་བས་དགའ་ཕྱོགས་སྣ་ཚོགས་ཀྱི་འཛད་སྤྱོད་པའི་ཁྲོད་དུ་ཤུགས་རྐྱེན་ཆེན་པོ་ཡོད་པ་རེད། ལྷུན་གྲུབ་རྫོང་ཐང་མགོ་ཡུལ་ཚོ་བཅོམ་མདོ་གྲོང་ཚོར་དར་ཁྱབ་བྱུང་བའི་ཕོ་མདོའི་གྲི་རྡུང་སྐབས་ཚ་ལ་རྒྱག་པ་དང་། ངར་བླུ་བ། གྲི་ཤུབས་བཟོ་རྒྱུ་སོགས་སྲོལ་རྒྱུན་གྱི་ལག་རྩལ་ཁོ་ནར་བརྟེན་ནས་བཟོ་བཞིན་ཡོད་པས་ལོ་ངོ་དུ་མའི་ནང་བཟོ་རྩལ་གྱི་བརྒྱུད་རིམ་ལ་སྤྱིར་ན་འགྱུར་བ་ཕྱིན་མེད་པ་རེད། ཕུ་མདོའི་གྲི་ནི་བོད་གྲི་ཕལ་ཆེ་བ་དང་མི་འདྲ་བར་བཟོ་རིམ་ལ་འགྱུར་ལྡོག་ཉུང་ལ། གྲི་ཡུ་དང་། གྲི་དངོ་། གྲི་ཤུབས་སོགས་ལ་རྒྱན་སྤྲོས་བྱས་མེད་པའི་ཐོག རྙོག་འཛིང་ཆེ་བའི་རི་མོ་ཡང་བརྐོས་མེད་པ་དང་གཡུ་བྱུར་སོགས་ཀྱི་རྒྱན་སྤྲོས་གང་ཡང་བྱས་མེད་རུང་སྤྱོད་ཤན་ཆེ་ལ་གནའ་ཉམས་དོད་པ་ཞིག་ཡོད། བོད་དུ་ལྷ་རྩེ་དང་ཕུ་མདོའི་གྲི་ཕུད་པའི་སྐད་གྲགས་ཅན་གཞན་ཞིག་ནི་ཡིད་འོང་གི་སྤུ་གྲི་རྒྱ་མོ་ཞེས་པའི་གྲིའི་རིགས་དེ་ཡིན་ཞིང་། ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་ཡིད་འོང་ཡུལ་ཚོ་ནས་ཐོན་པའི་གྲི་བཟོའི་ལག་རྒྱུན་དེར་ལོ་ངོ400ཙམ་གྱི་ལོ་རྒྱུས་ཡོད་ཅིང་། གྲི་དེར་སྐད་གྲགས་ཆོད་དོན་ནི་གྲི་བཟོ་བྱེད་ཀྱི་ལྕགས་རྒྱུ་ས་གནས་དེ་རང་ནས་ཐོན་པའི་གཏེར་ལྕགས་རིགས་གསུམ་ལས་བཟོས་པས་ཤིན་ཏུ་རྣོ་ངར་ལྡན་པ་དང་གྲི་ཤུབས་ཀྱང་ཉ་ཡི་ལྤགས་པ་ཡིན། ཡིད་འོང་གི་གྲི་ནི་སྤྱིར་ན་རིང་ལ་ཕྲ་བ་ཞིག་ཡོད་པ་དང་དམིགས་བསལ་གྱི་ལག་ཐབས་སྤྱད་པས་མཁྲེགས་ལ་རྣོ་ངར་ཆེ་བ་དང་བཙའ་མི་རྒྱག་པས་དེ་སྔ་ཆེད་མངགས་མཐོ་རིམ་སྤྱི་ཚོགས་ཀྱི་མི་གྲགས་ལ་མཁོ་འདོན་བྱེད་ཀྱི་ཡོད་པ་རེད། ཡིད་འོང་གྲིའི་ཁྱད་ཆོས་གཞན་ཞིག་ནི་མཛེས་སྡུག་ལྡན་པའི་རང་བྱུང་རི་མོས་བརྒྱན་ཡོད་པ་རེད། འོན་ཀྱང་རི་མོ་དེ་དག་ནི་རང་དགར་མི་ཐོན་པར་གཏེར་ལྕགས་དག་བཞུ་གཏུལ་ཡང་ཡང་བྱེད་དགོས་པ་དང་དེ་རྗེས་མེའི་ནང་བཙོ་སྦྱངས་བྱས་རྗེས་ཚྭ་ཆུ་བྱུག་ན་གཞི་ནས་རི་མོ་དེ་དག་ཕྱིར་མངོན་གྱི་ཡོད་པ་རེད། བོད་གྲིའི་ཁྲོམ་རའི་ཐོག་ད་དུང་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་རྒྱལ་ཐང་རྫོང་ནས་ཐོན་པའི་གྲི་ཡང་ཡོད་པ་རེད། གནས་དེར་གྲི་རྡུང་མཁན་གྱི་ཁྱིམ་རྒྱུད་མང་པོ་ཡོད་པའི་ཁྲོད་ནས་ཁ་བ་དང་མཁའ་འགྲོ་ཞེས་པའི་ཁྱིམ་རྒྱུད་གཉིས་སྐད་གྲགས་ཆེ་ཤོས་ཡིན་རུང་དུས་འགྱུར་ཆེ་བ་དང་རྒྱུན་འཛིན་གྱི་རྩ་དོན་ནན་དྲགས་པས་བར་སྐབས་ཤིག་རིང་བཟོ་རྒྱུན་ཆད་རུང་རྒན་རབས་ཁག་གཅིག་གི་དྲན་ཤེས་ལ་བརྟེན་ནས་བཟོ་རྒྱུན་སླར་གསོ་ཐུབ་ཙམ་བྱུང་བས་ད་གཟོད་ལོ་ངོ200ཡི་ལོ་རྒྱུས་ལྡན་ཞིང་། རྣོ་ལྕགས་ཀྱང་གཅོད་ཐུབ་པར་གྲགས་པའི་ཁ་བའི་གྲིའི་བཟོ་རྩལ་དེ་མི་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་ཐུབ་པ་བྱུང་ཡོད། ད་དུང་གཙང་ཕྱོགས་ཀྱི་རྣམ་གླིང་གི་གྲི་དང་། བཞད་མཐོང་སྨོན་གྱི་མཁར་ཁ་ནང་མའི་གྲི། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་གྱི་ཁམས་པའི་བོད་གྲི་བཅས་ལ་བཟོ་རྒྱུན་གྱི་ལོ་རྒྱུས་རིང་ཞིང་བཟོ་རྩལ་ལེགས་པའི་གྲགས་པ་ཐོབ་ཡོད་པ་རེད། མདོར་ན་བོད་གྲི་ནི་སྤྱོད་གོ་ཆེ་ཞིང་ཡང་ལ་འཁྱེར་བདེ་བ་དང་མཛེས་རྩལ་གྱི་རིན་ཐང་མཐོ་བས་སྔར་བཞིན་བོད་རིགས་མང་ཚོགས་ཚོའི་དཔའ་ཆས་ཡིན་ལ་མཛེས་ཆས་ཤིག་ཀྱང་ཡིན་ནོ།།

8afc2fbd637e17667528da5d1e11c14.jpg

ཤང་ལང་།

34bf34c1a43fbdb0edad53f3e1b34f2.jpg

དཔའ་དམ།

0ebbb3dce2fe40d17004427b80e40a1.jpg

དངུལ་གྲི།

མཇུག་བསྡུ་བའི་གཏམ། གནའ་བོའི་བོད་གྲི་དག་ནི་ཕ་མེས་ཡང་མེས་ཀྱི་སྙིང་སྟོབས་དང་ཤེས་རབ་མཚོན་བྱེད་ཀྱི་དྲན་རྟེན་ཞིག་དང་། ཡང་ན་དུས་ཡུན་རིང་བོར་བོད་རིགས་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་ནང་མེད་དུ་མི་རུང་བའི་ལག་ཆ་ཞིག་ཡིན་ཞིང་། དེའི་བཟོ་ལྟ་དང་བཟོ་རྩལ་ཚང་མར་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་ཁར་རྒྱལ་ཁབ་ཕྱི་ནང་དུའང་སྐད་གྲགས་ཆེན་པོ་ཡོད་ཕྱིར། ད་ཆར་ཨ་རི་ན《བོད་ཀྱི་དམག་ཆས་བཤམས་སྟོན་ཁང》བྱ་བ་ཞིག་ཀྱང་བཙུགས་ཡོད་ལ། དེ་ནང་གི་དམག་ཆས་དག་ནི་འཛམ་གླིང་གི་དམག་ཆས་གྲས་ནས་ཆེས་ཕུལ་དུ་བྱུང་བ་ཡིན་པར་བཤད། ད་ལྟའི་དུས་སྐབས་སུ་བོད་གྲི་ལ་ལོ་རྒྱུས་ཀྱི་རིན་ཐང་དང༌། གནའ་རྫས་ཀྱི་རིན་ཐང༌། དཔྱད་སྒོའི་རིན་ཐང༌། ཤེས་རིག་ལག་རྩལ་གྱི་རིན་ཐང་ཡོད་པ་འདིའི་ཤུགས་ནས་གཞལ་ན། བོད་ཀྱི་གདོད་མའི་མི་རིགས་དང་མེས་པོ་གོང་མ་ཚོས་ཤེས་རིག་དང༌། སྒྱུ་རྩལ་ལྟ་ཚུལ། ལག་རྩལ་འགྲན་བསྡུར་གྱིས་དངོས་ཆས་གསར་གཏོད་སོགས་དུས་སྐབས་རེ་རེའི་ཐད་ཀ་ནས་འཛམ་གླིང་མི་རིགས་སོ་སོའི་མིག་ལྟོས་བྱེད་ཡུལ་དང༌། མིའི་འཚོ་སྡོད་ཐད་ཀྱི་སྲོལ་དང་གོམས་གཤིས་ཆེས་མང་པོ་ཞིག་གི་འབྱུང་ཁུངས་ཀྱང་ཡིན་པར་གདོད་མི་ཟ།  དེས་ན་ང་ཚོས་ཀྱང་རང་རེའི་འཚོ་བའི་ཁྲོད་ནས་ཡུན་རིང་དར་བའི་གནའ་བོའི་དཔའ་ཆས་རྣམས་ལ་དམིགས་བསལ་གྱིས་སྲུང་སྐྱོབ་དང་ཉར་ཚགས་བྱ་དགོས་ཤིང་། དེ་དག་ལ་ཆེད་མངགས་ཀྱིས་ཞིབ་འཇུག་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེའོ་སྙམ། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།