ཀྲུང་གོ་བོད་ཀྱི་དྲ་བ།

གནའ་བོའི་བོད་ལྷམ་དེང་རབས་མིག་གི་བཅུད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཕག་གྲུ   སྤེལ་དུས། : 2020-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལྷམ་ནི་འགྲོ་བ་མིའི་རིགས་སྤྱི་ལ་དར་སྔ་ཞིང་མེད་དུ་མི་རུང་བའི་འཚོ་བའི་མཁོ་ཆས་ཤིག་ཡིན་པ་དང་། ཀོ་བ་དང་རས་སོགས་ཀྱི་བཟོས་པའི་རྐང་བ་སྐྱོབ་བྱེད་ཀྱི་གྱོན་ཆས་ཤིག་ཡིན་པས་བཟོ་བྱེད་ཀྱི་རྒྱུ་ཆ་སྤུས་ལེགས་ཤིང་དཔེ་དབྱིབས་ཀྱི་རྣམ་པ་དོན་དང་ལྡན་པ། མཛེས་སྤྲས་ཀྱི་རྒྱན་ཆ་ལ་རིན་ཐང་ཆེ་བར་བརྟེན་བརྩི་མཐོང་ཧ་ཅང་ཆེ། དེ་བཞིན་གནའ་བོའི་བོད་ལྷམ་ནི་རི་མཐོ་ཞིང་ཡུལ་གྲང་བའི་འཛམ་གླིང་ཡང་རྩེ་རུ་འཚོ་སྡོད་བྱས་པའི་བོད་རིགས་མི་དམངས་ཀྱི་འཚོ་རྟེན་ཁྲོད་མེད་དུ་མི་རུང་བའི་སྤྱོད་ཆས་ཤིག་ཡིན་ཞིང་། དུས་ཡུན་རིང་པོའི་འཕེལ་རིམ་བརྒྱུད་ཡོད་པས་མཛེས་ཤིང་སྤུས་ཀ་ལེགས་ལ། མགོ་ནག་བོད་པར་དམིགས་བསལ་གྱི་རང་བྱུང་ཁོར་ཡུག་གི་ཆ་རྐྱེན་འོག་ཐོན་སྐྱེད་དང་། འཚོ་བའི་དགོས་མཁོ་སོགས་ཕྱོགས་གང་ཐད་ནས་ཧ་ཅང་འཚམ་པོ་ཡོད་པ་ཞིག་རེད། གལ་ཏེ་བོད་ཀྱི་གྱོན་ཆས་ནི་ཚོན་མདངས་རྣམ་པར་བཀྲ་བའི་མེ་ཏོག་ཚོམ་བུ་ཞིག་ཡིན་པའི་དབང་དུ་བཏང་ན། གནའ་བོའི་བོད་ལྷམ་ནི་མཛེས་སྡུག་ཡིད་དབང་འཕྲོག་པའི་མེ་ཏོག་གངས་ལྷ་ཇི་བཞིན་གཞན་དྲིང་མི་འཇོག་པའི་ཁྱད་ཆོས་ལྡན་པ་མ་ཟད། གངས་ཅན་རིག་གནས་ཀྱི་དམིགས་བསལ་མཚོན་རྟགས་ཤིག་ཏུ་གྱུར་ཏེ་ཀུན་གྱི་བློ་ངོས་སུ་མཛེས་རིས་འགོད་པ་ལ་ཡིད་གཉིས་མ་མཆིས་སོ།།

གནའ་བོའི་བོད་ལྷམ་ནི་བོད་རིགས་ཀྱི་རྒྱན་གོས་མཚོན་པའི་ཁྱད་ཆོས་གལ་ཆེན་ཁྲོད་ཀྱི་ཚབ་མཚོན་ཞིག་ཡིན་པ་དང་། བོད་ལྷམ་འདེབས་པའི་ལག་རྩལ་ནི་ལོ་ངོ་སྟོང་ཕྲག་ལྷག་གི་ཡར་སྔོན་ནས་དར་བར་བཤད་ཅིང་། སྲོལ་རྒྱུན་གྱི་ལྷམ་འདེབས་ལག་རྩལ་ཤེས་པའི་གྲོང་ཚོ་ནི་ད་རུང་བོད་ཀྱི་ས་གནས་གང་སར་ཁྱབ་ཡོད་དེ། ཆབ་མདོ་དང་བྱང་ཐང་། ལྷོ་ཁ་དང་གཞིས་ཀ་རྩེ། ལྷ་ས་སོགས་ཀྱི་ལྷམ་འདེབས་སྟངས་རང་རང་གི་ཁྱད་ཆོས་ཡོད་པ་རེད། དེ་ལྟར་ས་འོག་ནས་ཐོན་པའི་རིག་དངོས་ལ་རྟོག་ཞིབ་བྱས་པ་ལས། སྔ་དུས་ཀྱི་རྡོ་ཆས་གསར་པའི་དུས་མཇུག་ཏུ། མཚོ་སྔོན་ཞིང་ཆེན་གྱི་གཏེར་ལམ་རྫོང་རྒྱུད་དུ་ཀོ་པའི་འཇུར་རྟ་ཡོད་པ་ཤེས་རྟོགས་བྱུང་ཞིང་། གདོད་མའི་འཇུར་རྟ་འདིའི་རིགས་ཀྱི་རྒྱུ་ཆ་ནི་ཀོ་བ་ཡིན་པ་དང་།  ཀོ་བ་ཅུང་མཐུག་པས་ལྷམ་མཐིལ་བཟོས་ཤིང་། ཅུང་སྲབ་པའི་ཀོ་བ་དེ་ངོས་བྱས་ཏེ་ལྷམ་མཐིལ་དང་ངོས་གཉིས་བཙེམ་པར་གནག་ཕྱུགས་དང་ལུག་གི་པགས་པ་བཀོལ་བ་དང་། ལྷམ་མགོའི་མདུན་སྣེར་ད་དུང་སྤུ་ལྡན་གྱི་ནོར་ལུག་གི་པགས་པས་བརྒྱན་ཡོད།  འཇུར་རྟ་འདིའི་རིགས་ནི་བོད་ལྷམ་གྱི་མེས་པོ་ཡིན་ཞེས་བཤད་ཀྱང་ཆོག ཡིན་ཡང་། དེའི་རྒྱུད་ཕྱི་མས་དུས་ཡུན་རིང་པོའི་འཕེལ་རིམ་བརྒྱུད་རྗེས་དེ་བས་སྤུས་ལེགས་པ་དང་། མཛེས་སྡུག་ལྡན་པ། བཀོལ་སྤྱོད་ཀྱི་རིན་ཐང་ལྡན་པར་གྱུར་ཏེ་བོད་རིགས་མང་ཚོགས་ཀྱིས་དམིགས་བསལ་གྱི་རང་བྱུང་ཁོར་ཡུག་གི་ཆ་རྐྱེན་འོག་ཐོན་སྐྱེད་དང་། འཚོ་བ་རོལ་བའི་དགོས་མཁོ་དང་འོས་མཐུན་བྱུང་སྟེ་དགའ་བསུ་ཆེན་པོ་ཐོབ།

གནའ་ནས་ད་བར་དུ་བོད་རིགས་འཚོ་སྡོད་བྱས་པའི་ས་ཁོངས་རྒྱ་ཆེ་ཞིང་ས་ཁུལ་རེ་རེར་རང་ལུང་པའི་ལྷམ་རེ་ཡོད་ཅིང་། བོད་ཀྱི་ཕོ་ལྷམ་མོ་ལྷམ་གྱི་ཕྱི་ཚུལ་དེ་གར་སྟེགས་ཐོག་གི་གནའ་རབས་ཆས་ལུགས་ཟློས་གར་ཁྲོད་དུ་གྱོན་པའི་འཇུར་རྟ་དང་འདྲ་ཡང་། དེའི་ལྷམ་མཐིལ་ནི་ཀོ་བས་བཟོས་ཤིང་། ཞབས་ཀྱི་མཐོ་ཚད་ལ་ཚུན་གཉིས་ཡོད་པ་དང་། ལྷམ་གྱི་ཡུ་བ་རྐང་ངར་སྟེང་དུ་སླེབས་ཡོད། ལྷམ་ངོས་སུ་དམར་ལྗང་འདྲེས་མའི་རེ་སྣམ་གྱིས་བརྒྱན་ཡོད་པ་དང་། ཡུ་བར་ཐིག་རིས་དང་འཁྱུག་རིས་ཡོད་ལ།  ལྷམ་མགོ་ནི་ཚོས་གཞི་མི་འདྲ་བའི་དར་སྐུད་དམ་ཀོ་བ་དང་། སྣམ་ཕྲུག རྒྱ་གསེར་གྱིས་བཟོས་ནས་གྲུབ་པ་ཞིག་ཡིན་ཞིང་། མི་རྣམས་ཀྱིས་མི་ཞིག་གིས་གྱོན་པའི་ལྷམ་ལས་མི་དེའི་ལས་རིགས་དང་སྤྱི་ཚོགས་ཀྱི་རིམ་གྲས་ཁ་ཚོན་གཅོད་ཐུབ་ཀྱི་ཡོད།

གནའ་བོའི་བོད་ལྷམ་གྱི་རིགས་དབྱེ་ཧ་ཅང་མང་ཞིང་རྣམ་གྲངས་ཀྱང་མི་འདྲ་བ་མང་པོ་ཡོད་དེ། བཟོ་རྒྱུ་མི་འདྲ་བའི་སྒོ་ནས་ཕོ་ཟོམ། མོ་ཟོམ། རས་ཟོམ། ཀོ་ལྷམ། འཇའ་ཆེན། སག་ལྷམ། སྦལ་ཁ། ལྷམ་སྣེ་འཁྱིལ། རྒྱ་ལྷམ། ཕྱིང་འབོབ། ཐིག་འབོབ། ལྷམ་རྟ་ཟོན་མ། ལྷམ་སྤུ་མ། གཞན་ཡང་འཁོར་ལོས་བསྒྱུར་བའི་རྒྱལ་བོའི་ལྷམ་དུ་གྲགས་པའི་ལྷམ་ཉེ་བའི་རིན་པོ་ཆེ་སོགས་སོ།། ས་ཁུལ་སོ་སོའི་ཆ་རྐྱེན་མི་འདྲ་བ་དང་། བཀོལ་བའི་རྒྱུ་ཆ་མི་འདྲ་བའི་དབང་གིས། དེར་ཀོ་བ་རྐྱང་མའི་བོད་ལྷམ་དང་། སྤུ་ཤུར་གྱི་བོད་ལྷམ། མེ་ཏོག་ཅན་གྱི་ཡུ་བཅད་བོད་ལྷམ་ཞེས་སུ་དབྱེ་ཡོད་པ་དང་། བཟོ་ལྟའི་ཐད་ནས་ཡུ་རིང་དང་། ཡུ་ཐུང་ཞེས་སུ་བགར་ཡོད་པ། བཀོལ་སྤྱོད་ཀྱི་ཐད་ནས་རྐྱང་པ་དང་། བལ་གྱིས་བཟོས་པ་བཅས་མི་འདྲ་བ་ཡོད། དེ་མིན་ད་རུང་རྟ་ཞོན་དུས་སུ་གྱོན་པའི་འཇུར་རྟ་ཡུ་རིང་དང་། ཕྱིང་ལྷམ། བླ་མས་གྱོན་པའི་མདོང་ནང་རས་དམར་གྱི་ལྷམ་ཡུ་འབྲིང་སོགས་ཡོད། ཡུལ་ཤུལ་ས་ཁུལ་གྱིས“ལྷམ་པ”ཞེས་འབོད་པའི་བོད་ལྷམ་འཇོང་འཇོང་ལ་ཁྱད་ཆོས་ཆེན་པོ་ལྡན་ཏེ། རྒྱན་སྤྲོས་ཀྱི་ཉམས་དོད་པོ་ལྡན་ཞིང་། ལྷམ་ངོས་ནག་པོ་དཀྱིལ་ངོས་སུ་གསེར་མདོག་གི་ཐིག་རིས་ཡོད་ཅིང་། གཞོགས་གཉིས་སུ་ཆ་འགྲིག་པའི་ལེབ་མོ་དམར་པོའམ་སྨུག་མདོག་གིས་བརྒྱན་ཡོད་པ་དང་། ཡུ་མདོང་སྟེང་དུ་ཚོན་མདོག་གི་ཐིག་རིས་ཀྱིས་བརྒྱན་མེད། ལྷམ་མགོ་ཡར་གྱེན་དུ་རྩེན་པ་དེ་ནི་བཀོལ་སྤྱོད་ཀྱི་རིན་ཐང་ལྡན་པར་མ་ཟད་མིག་ལ་ཡང་མཛེས་པ་རེད།

བོད་ལྷམ་གྱི་ཡུ་བའི་རྒྱབ་ཏུ་ལི་སྨི10ལྷག་ཙམ་གྱི་ཁ་ཕྱེས་ཏེ་ལྷམ་གྱོན་པ་དང་མར་ཕུད་པར་ཡང་སྟབས་བདེ་བཟོས་ཡོད་པ་དང་། བོད་ལྷམ་གྱོན་དུས་ལྷམ་སྒྲོག་རྒྱག་དགོས། ལྷམ་སྒྲོག་ནི་ཧ་ཅང་མཛེས་ཤིང་དང་དོད་ཆེ་བའི་ལག་ཤེས་བཟོ་རྩལ་ཞིག་ཡིན། མང་ཆེ་བ་ཁུ་ལུ་ཕྲ་མོས་འཐགས་ཏེ་དེའི་སྟེང་དུ་རི་མོ་སྣ་ཚོགས་བཀོད་པ་དང་། སྣེ་གཉིས་སུ་ཚོན་མདོག་བཀྲ་བའི་ཚོན་སྙེ་བཞག་ཡོད་པས། དེ་དང་བོད་ལྷམ་གཉིས་མཉམ་དུ་བཞག་ཚེ་ཧ་ཅང་ལྟ་ན་སྡུག་པ་ཞིག་ཡིན། 

བོད་ལྷམ་ལ་ད་རུང་ཁྱད་ཆོས་ཤིག་ལྡན་པ་ནི་རྐང་པ་གཡས་གཡོན་མི་བགར་བ་དེ་ཡིན་ཞིང་། དེ་ནི་ཇི་ལྟར་བཟོ་བ་ཡིན་པ་དང་། ཇི་ལྟར་བྱས་ན་ད་གཟོད་རྐང་པ་གཡས་དང་གཡོན་མི་བགར་བ་ཡིན་ནམ་ཞེ་ན། དེ་ནི་འཚོ་བའི་ཁྲོད་ཀྱི་མི་ལ་ལའི་རྐང་པར་སྐྱོན་ཡོད་པ་དང་། ཡང་ལ་ལས་རྐང་པ་དྲུད་ནས་འགྲོ་བ་ཡིན་པས། ལ་ལས་ལྷམ་མཐིལ་གྱི་གཡོན་གཞོགས་ཟད་པ་མགྱོགས་པ་དང་། ལ་ལས་གཡས་གཞོགས་ཟད་པ་མགྱོགས་པ་ཡིན། བོད་ལྷམ་གྱི་བཟང་ཆ་ནི་ལྷམ་གྱི་ཕྱོགས་གང་རུང་ལ་ཟད་སྐྱོན་བྱུང་བ་ཤེས་ནས་ལྷམ་བརྗེས་ཏེ་དུས་ཡུན་རིང་པོ་ཞིག་ལ་མུ་མཐུད་དུ་གྱོན་ཆོག་པ་ཡིན་ནོ། ། 

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།