ཀྲུང་གོ་བོད་ཀྱི་དྲ་བ།

ཆང་གི་རྣམ་བཤད་རགས་རིམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཕག་གྲུ་ཡིས་སྒྲིག་རྩོམ་བྱས།   སྤེལ་དུས། : 2019-12-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྤྱིར་ཆང་ནི་བོད་ཀྱི་ཡུལ་གྲུ་འདིར་དར་སྔ་བའི་མྱོས་བྱེད་ཀྱི་བཏུང་བ་ཞིག་ཡིན་ལ། བོད་མི་རིགས་ཀྱི་ཟས་རིགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། དེ་ལ་སྐོམ་གྱི་ངལ་བ་སེལ་བའི་ནུས་པ་ལྡན་ཡོད་པ་དང་། ནང་སྒོས་སུ་མི་སྐྱའི་འཚོ་བའི་ཁྲོད་མེད་དུ་མི་རུང་ཞིང་། ཕྱི་ལས་ཏེ་ཁྱིམ་གཞིས་དང་ཐག་རིང་ཙམ་གྱི་སར་ངལ་རྩོལ་འགྲོ་སྐབས་དང་ཞིང་འབྲོག་ལས་བྲེལ་ཆེ་བའི་སྐབས་ཀྱི་སྟབས་བདེ་བའི་བཏུང་བྱ་ཞིག་ཡིན་ཕྱིར། གྲང་དུས་བསྲོས་ནས་བཏུང་ན་ལུས་ལ་དྲོད་སྐྱེད་པ་དང་། དགའ་སྤྲོའི་གླུ་དབྱངས་ལེན་དུས་སྐད་ཡོང་བ། སྐྱིད་དུས་ཞབས་བྲོ་འཁྲབ་དུས་ཉམས་ཐོན་པ། མྱ་ངན་གྱི་མུན་པ་སེལ་བའི་ཉི་མ་ལྟ་བུ། དགའ་བདེའི་བསིལ་བ་བསྐྱེད་པའི་ཟླ་བ་ལྟ་བུ། ཤེས་རབ་མེ་ལྕེ་འབར་བྱེད་ཀྱི་རླུང་ལྟ་བུ། སྨྲ་འདོད་རྣམས་ལ་སྤོབས་པའི་དཔལ་སྟེར་བ། སྡར་མ་འཕྲང་འགག་བགྲོད་པའི་སྐྱེལ་མ་ལྟ་བུ་སྟེ། མདོར་ན་ཆང་ནི་དགའ་བའི་དགའ་རོགས་དང་སྐྱོ་བའི་སྐྱོ་རོགས། དགའ་སྐྱོ་གང་འདྲ་བྱུང་ཡང་གྲོགས་ཀྱི་དམ་པ་ཡིན་པ་མ་ཟད། དེང་དུས་ཀྱི་ཚོང་ལས་དཔལ་འབྱོར་ཁྲོད་ཀྱང་གོ་གནས་གལ་ཆེན་ཟིན་ཡོད།

ཆང་ཞེས་བྱ་བའི་བཏུང་བྱ་དེ་དུས་ནམ་ཙམ་ལ་ཇི་ལྟར་དར་བ་རེད་ཅེ་ན། དེའི་སྐོར་གྱི་ཁུངས་བཙུན་ཡིག་ཆ་ཧ་ཅང་དཀོན་ན་ཡང་། བོད་བཙན་པོའི་དུས་ནས་ཆང་གི་བཟོ་རྩལ་དང་། ཆང་འཐུང་པའི་ལུགས་སྲོལ་དར་ནས་ཡོད་ཚུལ་སྐོར་ལོ་རྒྱུས་ཀྱི་ཡིག་ལམ་ནང་འཁོད་པ་མང་། དེའི་ཕྱིར་ཆང་དེ་བོད་ཡུལ་དུ་དར་ནས་མ་མཐའ་ཡང་ལོ་ངོ་སྟོང་ཡན་འདས་ཟིན་པ་དང་། ལྷག་དོན་དུ་བཙན་པོ་སྲོང་བཙན་སྒམ་པོའི་སྐབས་ནས་གཏན་ལ་ཕབ་པའི་ཁྲིམས་སྲོལ་གྱི་ནང་ཁྲིམས་ཆེན་བདུན་གྱི་ཡ་གྱལ་ཆང་ལ་ཚོད་ཟིན་རྒྱུའི་དོན་ཚན་གསལ་པོར་བཀོད་ཡོད་པ་དེས་ཀྱང་ཆང་བག་མེད་སྤྱོད་མི་རུང་བ་བསྟན་ཡོད། དེ་ནས་མྱོས་བྱེད་ཀྱི་བཏུང་བ་ཆང་ནི་བོད་བཙན་པོའི་རྒྱལ་རབས་ཀྱི་སྔ་རོལ་ནས་དར་ཁྱབ་ཡོད་པ་མ་ཟད། བོད་རིགས་མང་ཚོགས་ཀྱི་འཚོ་བའི་ནང་སྐྱིད་སྡུག་གང་ལའང་མེད་ཐབས་མེད་པའི་བཏུང་བ་ཞིག་ཏུ་གྱུར་ཡོད་དེ། དམངས་གཞས་ལས་ཀྱང་། ཆང་ནི་དགའ་བའི་དགའ་རོགས། །ཆང་ནི་སྐྱོ་བའི་སྐྱོ་རོགས། ། དགའ་སྐྱོ་གང་འདྲ་བྱུང་ཡང་། །ཆང་གིས་རོགས་པ་ཞུས་ཡོད། ། ཞེས་བྱུང་བ་ལྟར་རེད། ང་ཚོས་ཆང་གི་བེད་སྤྱོད་བྱ་ཡུལ་ལ་ཞིབ་ལྟ་ཞིག་བྱས་ན། ཆང་ལ་སྐོམ་ཞེས་པའི་མིང་དང་མཚུངས་པར་རྒྱུན་ལྡན་སྐོམ་གྱི་ངལ་བ་སེལ་ཆེད་དུ་བེད་སྤྱོད་པ་ཙམ་དུ་མ་ཟད། འཇིག་རྟེན་པའི་མཛད་སྒོ་མཐའ་དག་ལ་སྤྲོ་བ་འཕེལ་བའམ་གུས་ལུགས་མཚོན་ཆེད་ཆང་བེད་སྤྱོད་ལ། ཐ་ན་མཛད་སྒོ་མང་པོ་ཞིག་གི་མིང་ཡང་ཆང་དང་འབྲེལ་ནས་ཡོད་པ་ཚང་མས་ཤེས་གསལ་ལྟར་རེད།

ཆང་བསྙལ་བའི་ལག་རྩལ། བོད་རིགས་ཀྱི་ཆང་བསྙལ་བཟོ་བྱེད་པའི་ལག་རྩལ་ནི་མི་རབས་མང་པོའི་རིང་འཛིན་སྐྱོང་སྤེལ་གསུམ་གྱིས་ཆུ་ཐིགས་བསགས་པ་ལས་བྱུང་བ་ཞིག་ཡིན་གཤིས། ལག་རྩལ་དང་རྣམ་གྲངས་གང་གི་ཆ་ནས་ཀྱང་ཧ་ཅང་ཕུན་སུམ་ཚོགས་པ་ཞིག་ཡིན། ས་དེ་གང་ལ་སྐྱིད་པ། །ནམ་མཁའི་བྱ་ལ་དྲིས་དང་། །ཆུ་དེ་གང་ལ་བཟང་བ། །འབྲུ་ཆང་བསིལ་མས་བཤད་ཡོང་། ། ཟེར་བ་ལྟར། ཐོག་མཐའ་བར་གསུམ་དུ་ནས་བཟང་པོ་དང་ཆུ་གཙང་མ་ཤ་སྟག་གིས་བཙགས་དགོས་པ་ཡིན། 

ཕབས་བསྙལ་བྱེད་ཚུལ། ཐོག་མར་གྲོའམ་ནས་སམ། ཡང་ན་སོ་བ། བྲ་བོ། བུད་ཙེ༼ ནས་སོགས་བཏགས་རྗེས་ཕྱེ་བླངས་པའི་ཤུན་ལྤགས ༽ སོགས་བསྲེས་ཏེ་བཏགས། དེ་ནས་ཕྱེའི་སུམ་ཆའི་ཕབས་རྟ་ཞིབ་ཏུ་བརྡུང་། ཆུ་དྲོ་འཇམ་དུ་ཕྱེ་དང་ཕབས་རྟ་བསྲེས་ཏེ་སྐྱུར་སྒྲུང་། དྲོ་ས་ནས་དབབ་ཏུ་གཞུག ཚད་ནི་སོབ་སོབ་ཏུ་འགྱུར་བ་ཡིན། དེ་ཡང་སྐྱུར་གྱི་ནང་དུ་གོང་གི་ཕྱེ་སྣ་ལྔ་བོ་བསྲེས་པ་ཆུ་དྲོ་འཇམ་གྱིས་བརྫི་དགོས། བརྫིས་རྗེས་གོ་རེ་ལྟ་བུ་ལེབ་མོ་མཐུག་པོ་དཀྱུལ་དུ་ཁུང་བུ་ཡོད་པ་བཅའ། དབྱར་དུས་ཁྱམས་ཡིན་ཡང་ཆོག དགུན་དུས་སུ་ཚ་ཐབ་དྲོ་ས་ནས་ཞབས་སུ་གྲོའི་རྩྭ་སྐྱའི་གདན་གཙང་མ་བཏིངས་ཏེ་འཇོག སྙི་ན་ཕུབ་མའི་སྟེང་ནས་སྟེང་འོག་ཐེངས་གཉིས་གསུམ་རེ་ལ་བརྗེས་ཏེ་ཕུབ་མ་འབྱར་དུ་གཞུག རྩྭ་སྐྱ་རུ་བསྙལ་དུས་ཕབས་རིམ་པ་རེའི་སྟེང་དུ་རྩྭ་སྐྱ་སྲབ་མོ་རེ་བཏིངས། རིམ་པ་གསུམ་རེ་བརྩིགས་ན་ཆོག  སྟེང་དུའང་རྩྭ་སྐྱ་མཐུག་པོ་བཀབ་སྟེ་བསྙལ། དེ་ནས་ཟླ་གཅིག་ལྷག་འགོར་ཚེ། སིལ་དྲིའམ་ཆང་དྲི་འཐུལ་ཅིང་ཕབས་ཀྱི་ཐོག་ཏུ་བལ་ལྟ་བུ་ཆགས་ཡོད་ན། གདུང་མའི་སྟེང་དུ་འཇོག་པའམ། ཡང་ན་བཅུ་ཕྲག་གཅིག་གཉིས་རེ་ཐ་གུ་ལ་བརྒྱུས་ཏེ་གདུང་མར་འདོགས། དེ་ནི་སྐེམ་རྒྱུའི་ཆེད་དམ་ཙི་གུས་མི་ཟ་བའི་ཆེད་ཡིན། དེ་ལྟར་ཟླ་གཅིག་གཉིས་རེ་ལ་བཞག་ན་ཆོག རང་ལ་མི་མཁོ་ན་ཅི་ཙམ་བཞག་ཀྱང་རུང་།

ཆང་འདེབས་ཚུལ(གླུམ་བསྙལ་ཚུལ)། ཟངས་ང་ལ་གཡིས་ཀྱི་གཡའ་སྣུམ་ཡང་ཡང་བཏང་། ཆང་རྒྱུ་ནས་ཀྱི་ནང་གི་ས་རྡོ་རྩྭ་སྙིགས་སོགས་བསལ་བ་དང་། དེ་ནས་ཆུ་གཙང་གིས་ཐེངས་མང་བཀྲུ། ནས་བཙོ་ཐེངས་གཅིག་ལ་ནས་རྒྱ་མ་བཞི་བཅུ་བཙོ་དགོས། ནས་བཙོ་སྐབས་འཚིག་མི་རུང་ཞིང་ནས་ཀྱི་ཉིས་ཆའི་ཕབས་བཏབ་སྟེ་དཀྲུགས་པ་དང་ནས་དང་ཕབས་གཉིས་འདྲེས་པར་བྱ། ཚོས་རྗེས་དཀྲུགས་ཏེ་ཉིན་གཅིག་གི་རིང་འཁྱག་ཏུ་གཞུག དེ་ནས་དྲོ་འཇམ་དེ་རྫ་མ་གཙང་མ་ཞིག་ཏུ་བླུགས། གར་ན་ཆུ་ཁོལ་དྲོ་འཇམ་རྒྱ་མ་བཞི་ནས་ལྔ་དང་། ཆང་རྒྱ་མ་གང་རེའི་སྙིང་ཁུ་བརྒྱབ། རྫ་མའི་ཁར་ཕྱེ་བརྫིས་ནས་སྦྱར་བའི་སྟེང་ཁ་ལེབ་བམ་ཁ་གཅོད་བཀབ་རྗེས། དངོས་པོ་ལྕི་མོ་ཞིག་གིས་ཁ་ལེབ་མནན་ཏེ་དབུགས་མི་འགྲོ་བར་བྱེད། ཡང་ན་ར་ལྤགས་སྐྱི་ཐེར་རློམ་པ་ཁུང་བུ་མེད་པ་ཞིག་གིས་རྫ་མའི་ཁ་བཏུམས། དགུན་སླག་པ་སོགས་ཀྱིས་བཏུམས་ནས་དྲོན་མོ་བྱེད། དབྱར་དེ་ལྟར་མ་བཏུམས་ཀྱང་རུང་། དེ་ནས་ཟླ་གཅིག་གམ་གཉིས་ལ་འཇོག རྣ་བས་ཉན་ན་སག་སྒྲ་གྲག་སྐབས་ཆང་བཙགས་ཆོག 

ཆང་བཙགས་ཚུལ། ཟངས་རྒན་ནང་དུ་གཡིས་ཀྱི་གཡའ་སྣུམ་བཏང་། དེ་རུ་ཆུ་ལྕགས་ཟེའུ་དོ་བླུགས་ཏེ་ཁོལ་ལ་ཁད་དུ་རྫ་མའི་ནང་གི་གླུམ་ཕྱེད་ཀ་བླུགས། ལག་པ་གཙང་མར་བཀྲུས་ཏེ་གླུམ་རྣམས་བཙིར་ཏེ་ཁོག་སྟོང་བྱེད་པ་དང་། ཡང་ཡང་དཀྲུགས་ནས་འདུར་དུ་གཞུག མ་ཆུ་མཐོ་ན་འཕྱུར་བས་མང་ཉུང་རན་པར་བྱ། ཟངས་ངའི་ཁ་ལེབ་ཕྱེད་གཅིག་བག་ཕྱེ་བརྫིས་ཏེ་སྔོན་ལ་སྦྱར། གླུམ་ཁོལ་རྗེས་ཁ་ལེབ་ཕྱེད་ཀ་དེ་མགྱོགས་མྱུར་གྱིས་སྦྱར་རྗེས་སྦངས་སྐམ་གྱི་མེ་འབུད། མེ་བཙན་ན་སྦངས་མ་འཚིག་ནས་ཆང་ལ་འཚིག་དྲི་དྲོ་བས་མེ་ཚད་དང་རན་པ་ངང་རིང་གིས་འབུད། ར་ཤན་གྱི་མགོ་རྔ་གཉིས་ཁ་ལེབ་ཀྱི་ཁུང་བུ་དང་བཙགས་རྫའི་ཁུང་བུ་ལ་སྤྲད། བཙགས་རྫའི་ནང་དུ་ཆབ་རོམ་འཇོག དབྱར་དུས་སུ་ཆུ་འཁྱག་ལྡུག དེ་ལྟར་བྱས་ན་བཙགས་རྫའི་ནང་གི་རླངས་པ་ཆང་ལ་གྱུར་ཏེ་ཝ་མཆུ་ལས་ཆང་ཡོང་། ཆང་མགོ་མ་ལ་སྣ་ཁུ་དང་། དེའི་རྗེས་ལ་ཆང་མང་། དེའི་རྗེས་མ་ལ་གཞུག་ཆུ་ཟེར།

ཆང་གི་རིགས་དབྱེ་སྟངས། ཆང་གི་རིགས་ལ་རྒྱུ་ཆའི་སྒོ་ནས་དབྱེ་ན་ནས་ལས་བཙོས་པའི་ནས་ཆང་དང་། གྲོ་ལས་བཙོས་པའི་གྲོ་ཆང་། འབྲས་ལས་བཙོས་པའི་འབྲས་ཆང་དང་། བཟོ་སྟངས་ལག་རྩལ་གྱི་སྒོ་ནས་དབྱེ་ན། ལོ་ལ་བཙོས་པའི་ལོ་ཆང་ཡོད། །ལོ་ཆང་ལོ་ཡག་ཁམ་པ་ཡོད། །ཟླ་ལ་བཙོས་པའི་ཟླ་ཆང་ཡོད། །ཟླ་ཆང་ཟིལ་མངར་ལྡན་པ་ཡོད། །ཞག་ལ་བཙོས་པའི་ཞགས་ཆང་ཡོད། །ཞག་ཆང་ཞག་པོ་མེ་འབར་ཡོད། ། ཅེས་པ་ལྟར། ལོ་ཆང་དང་ཟླ་ཆང་། ཞག་ཆང་། དེ་བཞིན་བོད་རག་དང་། དེ་སློག  རློན་རྩམ། བུ་ཆང་། རུས་ཆང་། ཟན་ཆང་། ཆང་བསྐོལ་སོགས་ཆང་རིགས་དང་ཆང་ལས་བཟོས་པའི་ཟས་རིགས་མང་པོ་ཞིག་བསྙལ་བཟོ་བྱེད་པའི་ལག་རྩལ་ཡོད།

གོང་སྨོས་ལྟར་ཆང་དེ་བོད་ཀྱི་ཡུལ་དུ་དར་ནས་བགྲང་བྱ་སྟོང་ཡན་འདས་ཟིན་པ་དང་། ལོ་མང་འགོར་བའི་ཆང་རྙིང་དག་ནི་གནའ་རྫས་སུ་བགྲང་ཆོག་ཆོག་ཡིན་ལ། ནད་རིགས་མང་པོར་ཕན་པ་ཆེན་པོ་ཡོད་ཚུལ་བཤད་སྲོལ་ཡོད། ནང་སྒོས་སུ་བོད་རིགས་ཀྱི་འཇིག་རྟེན་མཛད་སྒོ་དུ་མའི་སྤྲོ་བ་འཕེལ་བྱེད་ལ་མཁོ་བ་ཞིག་ཡིན་པས་ཆང་དང་འབྲེལ་བའི་རིག་རྩེད་བྱེད་སྒོ་མང་པོ་ཞིག་བོད་ཡུལ་དུ་དར་ནས་ཡོད། དེ་ཡང་། ཀ་བཞི་ར་བའི་ནང་དུ། །ཕྱོགས་བཞིའི་གྲོགས་པོ་འཛོམས་སོང་། །དགའ་བའི་མཆོད་ཆང་མཆོད་སོང་། །སྙན་པའི་གླུ་དབྱངས་ལེན་སོང་། ། ཞེས་པའི་ཆང་གཞས་དང་། རྔ་དང་བསྟུན་ནས་བྲོ་འཁྲབ། །གཞས་དང་བསྟུན་ནས་ཆང་ཐུངས། ། ཞེས་པའི་གཏམ་དཔེ་ལྟར། ཆང་དང་གཞས་གཉིས་ཁ་འབྲལ་མི་ཐུབ་པ་ཞིག་ཏུ་ཆགས་ནས་ཆང་ལ་རོལ་སྐབས་གླུ་གཞས་ལེན་པ་ནི་རང་རེ་ཁ་བ་རི་བའི་རྟེན་འབྲེལ་བྱེད་སྒོའི་ཁྱད་ཆོས་ཆེ་ཤོས་སུ་ངེས་སོ། ། ཡིན་ནའང་མིག་སྔར་བོད་རང་ལ་ཆང་གི་ཁྱད་ཆོས་ཐད་ནས་ཇུས་འགོད་འཇོན་མི་དང་། མིང་དོན་མཚུངས་པའི་དབུ་ཁྲིད་ཁེ་ལས་བཅས་དེ་འདྲ་འཛོམས་པོ་ཞིག་མེད་པས། མི་རིགས་ཀྱི་ཐོན་རྫས་རིག་གནས་ལ་དོ་ཁུར་བྱེད་བཞིན་པའི་བླ་དཔོན་ནམ་ཡང་ན་མཁས་པ། ཚོང་པ་བཅས་སུ་དང་སུ་ཡིན་རུང་དེའི་ཐད་ནས་འཇོན་མི་སྐྱེད་སྲིང་བྱེད་རྒྱུ་དང་། ཁྱིམ་ཚང་དང་ཡང་ན་མི་སྒེར་གང་རུང་གིས་མཐུན་རྐྱེན་གང་ལེགས་སྦྱར་ནས་ལྷད་མེད་པའི་བོད་ཆང་གཙང་མ་དག་རྒྱལ་སྤྱིའི་ཚོང་རར་ཁ་གཏད་ཚེ། ད་གཟོད་བོད་ཆང་ལ་སྔར་བས་ཡངས་ཤིང་ཡིད་དུ་འོང་བའི་མདུན་ལམ་ཞིག་ཡོད་པ་གདོན་མི་ཟའོ། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།