ཀྲུང་གོ་བོད་ཀྱི་དྲ་བ།

རིན་པོ་ཆེ་གཟི་བཤད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཕག་གྲུ   སྤེལ་དུས། : 2019-12-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

      འབད་པ་བརྒྱ་ཡིས་དོན་མི་བསྒྲུབ།།

ངལ་བ་སྟོང་གིས་ས་མི་ཆོད།།

 ནོར་བུ་ཐེ་བོང་ཙམ་ཞིག་གིས།།

             འདོད་པའི་དོན་ཀུན་འགྲུབ་པར་གསུངས།།

ཞེས་པའི་སྔོན་བསུས་ཏེ་དོན་དུ་བརྗོད་པར་བྱ་བ་ནི་སྤྱིར་རིན་པོ་ཆེ་གཟི་ནི་བོད་ཀྱི་ཡུལ་ཁོ་ནར་བྱུང་བའི་དངོས་པོ་ཁྱད་པར་ཅན་ཞིག་ཡིན་པས།བོད་པའི་རིག་གནས་ཀྱི་སྙིང་བཅུད་མཚོན་བྱེད་ལྟ་བུ་ནི་གཟི་ཡིན་པར་འདོད་ཅིང་།བོད་ཡུལ་དུ་དར་བའི་རིན་པོ་ཆེའི་རིགས་རྣམས་ཀྱི་ནང་ནས་གནའ་ནས་ད་བར་དུ་རིན་ཐང་ཆེ་ཤོས་སུ་བརྩི་བ་ནི་གཟིའི་རིགས་འདི་རྣམས་ཡིན་ལ།རིན་ཐང་ཆེ་བའི་རྒྱུ་མཚན་ཡང་།གཟིའི་རྒྱུ་དེ་རིན་པོ་ཆེའི་རིགས་དུ་མ་ལས་གྲུབ་པ་ཙམ་དུ་མ་ཟད།གང་ཟག་སོ་སོའི་ལུས་སུ་འཆང་ན་ནུས་མཐུ་ཁྱད་མཚར་ཅན་ཞིག་ཡོད་པ་དང་།དེང་དུས་བཟོ་འཕྲུལ་ཡར་རྒྱས་ཆེན་པོ་འདི་འདྲ་བའི་དུས་སུའང་གཟིའི་རིས་མོ་དེ་དག་རྫས་སྦྱོར་གང་འདྲ་ཞིག་ལ་བརྟེན་ནས་བཟོས་ཡོད་པ་རྟོགས་ཐུབ་ཀྱི་མེད།གཟི་དག་མ་ནི་སུས་ཀྱང་ལག་རྩལ་གང་རུང་ལ་བརྟེན་ནས་གསར་བཟོ་བྱེད་མི་ཤེས་ཤིང་།ཁ་ཅིག་གིས་རང་བྱུང་གི་གཏེར་དངོས་ཡིན་པར་ངོས་འཛིན་བྱེད་པ་དང་།ཁ་ཅིག་གིས་མི་མ་ཡིན་གྱི་རྫུ་འཕྲུལ་གྱི་མཐུ་ལས་བྱུང་བ་ཡིན་པར་ངོས་འཛིན་བྱེད་པ།ཁ་ཅིག་གིས་གནའ་བོའི་མིས་བཟོས་པ་ཡིན་པར་ངོས་འཛིན་བྱེད་པ།ཁ་ཅིག་གིས་གནམ་ནས་ལྷུང་བའི་སྐར་རྡོའི་བཟོས་པར་ངོས་འཛིན་པ་སོགས་བཤད་སྲོལ་མང་ཞིང་།དེང་དུས་འདིའི་འབྱུང་ཁུངས་ལ་ཞིབ་འཇུག་བྱེད་མཁན་མང་ཡང་།དོན་དངོས་འདི་ཡིན་ཞེས་པའི་ཁོ་ཐག་ཆོད་པ་ཞིག་ད་དུང་བྱུང་མེད།

གཟི་ཞེས་པའི་དོན་ནི་མཐོ་བ་དང་སྤ་དང་།སྟོབས་དང་སྤོབས་པ།རྒྱལ་བ་དང་བཙན་པ། བསོད་ནམས་དང་འབྱོར་བ་སོགས་གང་རུང་ལ་གོ་ཆོག་ཅིང་། ཆེས་སྔ་མའི་སྐབས་སུ་གཟི་ཞིག་ལག་ཏུ་ལོན་ཏེ་མཛེས་རྒྱན་ནམ་སྲུང་རྫས་ཀྱི་ཚབ་བྱེད་ཐུབ་ན་མི་དེ་ཡི་བསོད་ནམས་དང་རིན་ཐང་ཆེ་བ་མཚོན་ཐུབ་ཅིང་།དེང་དུས་ཀྱི་དངུལ་ལོ་ལྟར་རིན་ཐང་གཞལ་ཐུབ་པའི་དངོས་པོ་ཞིག་ཡིན་པ་ནི།དེ་དག་ཆུ་མིག་གི་གྲངས་མང་ཉུང་དང་།རི་མོའི་རྣམ་པ་མི་འདྲ་བ་མང་དུ་ཡོད་པ་ལས་ཤེས་ཐུབ།གཟིའི་རིགས་ཚང་མར་ཨི་ཁུང་ཡོད་སྟངས་ལ་བལྟས་ན།གཟི་དེ་དག་སྐུད་པར་བརྒྱུས་ཏེ།ལུས་ཀྱི་ཆ་གང་རུང་དུ་བཏགས་ནས་རྒྱན་ཆ་བྱས་པར་གདོན་ཟ་མི་དགོས་ཏེ།ཏྭ་པོའམ་དྭགས་པོ་དགོན་གྱི་ལྡེབས་རིས་ཁྲོད་ཀྱི་སྐུ་དྲག་གི་མི་སྣ་བཅོ་བརྒྱད་ཀྱིས་རི་བོ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཚབ་མཚོན་ལྡན་པའི་གྱོན་ཆས་དང་སྐྲ་རྒྱན།གཟིས་གྲུབ་པའི་རྒྱན་ཆ་སྣ་ཚོགས་བཏགས་ཡོད་པ་ལས།གཟི་ཡི་རིགས་འདིར་སྔོན་དུས་སུ་མགུལ་རྒྱན་དུ་བཀོལ་པ་ཁུངས་བཙུན་པར་མཐོང་བ་ཡིན།ཆེས་ཐོག་མའི་གཟི་རིན་པོ་ཆེ་འདི་གངས་རིས་བསྐོར་བ་ཞང་ཞུང་གི་ཡུལ་དུ་དར་ནས་རིམ་པར་བོད་སྤྱི་བྱིངས་སུ་ཁྱབ་པ་དང་།ཕལ་ཆེར་ལོ་ངོ་བཞི་སྟོང་ལྷག་གི་ལོ་རྒྱུས་ལྡན་ཡོད་ཅིང་།ལོ་ངོ་སྟོང་ཕྲག་གི་བརྒྱུད་རིམ་ནང་རིན་པོ་ཆེ་གཟི་འདིར་སྤུས་ཀ་ཇེ་ལེགས་དང་དགོས་པ་ཇེ་ཆེ།མཛེས་ཆ་ཇེ་བཟང་།བཟོ་དབྱིབས་ཇེ་མང་།རི་མོ་ཇེ་ཡག་གི་རྣམ་པ་རུ་འགྱུར་ཏེ།ཤིན་ཏུ་རྩིས་ཆེ་བ་རྙེད་དཀའ་བའི་རིན་པོ་ཆེ་དངོས་མ་ཞིག་ཏུ་ཆགས་ཡོད།འདི་བརྡུང་ནས་བཅག་འཕྲོར་བལྟས་ན་ཕྱིའི་ཁ་དོག་དང་རི་མོ་ནང་དུ་མེད་ཅིང་།ཅུང་ཁྲོབ་པས་བཏུལ་སླ་བ་ལ་བལྟས་ན་མིས་བཟོས་པ་ཞིག་ཡིན་པར་ངེས།འོན་ཀྱང་འགའ་རེ་ཞིག་ལ།རྡོག་པོ་གཅིག་ལ་སྣེ་གཅིག་ནས་གཟི་ཇི་མ་ཇི་བཞིན་ཡིན་པ་ལ།སྣེ་གཅིག་ནས་རང་བྱུང་གི་མཆོང་ནག་ཁྲ་ཡིན་པ་མ་ཟད།མཐུད་པ་དང་སྦྱར་བའི་ཤུལ་སོགས་ཡེ་ནས་མེད་པ་འདུག་པས།མིས་བཟོས་ཁོ་ན་ཡིན་པ་ལ་སོམ་ཉི་ཤོར་བ་ཞིག་ཀྱང་འདུག།

སྤྱིར་གཟི་ལ་དབྱེ་ན་ཕོ་གཟི་དང་མོ་གཟི།མ་ནིང་གསུམ་ཡོད་དེ།གཟི་མེ་ཚིག་ནི་རྡོ་རྐང་རྨང་ནས་ཤི་ཟིན་པས་ཕྱིར་གསོ་ཐབས་མེད་ལ།གཟི་ས་ཚིག་ནི་ཕྱི་གཅིག་པུ་མ་གཏོགས་ཚིག་མེད་པས་ལོ་མང་རིང་སྐེ་རུ་བཏགས་ན་ཕྱིར་གསོ་ཐུབ།གཟི་ཆེ་ཆུང་ལ་ངེས་པ་མེད་པ་དང་།དབྱིབས་ཕལ་ཆེར་ཟླུམ་རིང་དང་།རྐེད་རྔ་འདྲ་བ།རིལ་མོ།སྒོང་གཟུགས་སོགས་ལ།ཁ་དོག་ནག་པོ་ལ་རི་མོ་དཀར་པོའི་འགྱུར་མིག ཆུ་རིས།རྐེད་དཀྲིས།ཁ་རིས་སྣ་ཚོགས་ཡོད།ཟླུམ་པོ་སྟག་ལོག རྐང་རིང་།ཁྲ་ཆུང་།ནག་ཁྲ།སེར་ཁྲ།ཁམ་ཁྲ།ཆུ་མིག་གཉིས་པ།གསུམ་པ་ནས་རིམ་བཞིན་བཅུ་གསུམ་བར་ཡོད་པ་སོགས་ཅི་རིགས་འབྱུང་བས།དབྱིབས་དང་།ཁ་དོག རི་མོ།ཆུ་མིག་མང་ཉུང་བཅས་ཀྱིས་མིང་དང་།དབྱེ་བ་མང་ཞིང་།ཚོང་རྫས་ཀྱི་ཐོབ་ཐང་དང་།རིན་ཐང་ཐད།སྤྱིར་བཏང་རྡོག་ཆེ་ཞིང་རིང་ལ་གཟི་ལྟོ་འགྲངས་པ།རི་མོ་ལེགས་པ།ཆུ་མིག་གསུམ་པ་དང་།ལྔ།བདུན།དགུ་སོགས་ལེགས་པར་རྩི།འོན་ཀྱང་ཡུལ་དང་དུས་སྐབས་སུ་ངོས་འཛིན་གྱི་ཁྱད་པར་དང་འགྱུར་ལྡོག་མང་།ཞིབ་པར་བལྟས་ན།མཆོང་སོགས་རིན་པོ་ཆེ་རིགས་གཞན་ལ་མེད་པའི་ཁ་སྤ་ཞེས་པའི་དམིགས་བསལ་གྱི་ཤ་རིས་སྒོར་ཞིབ་མང་པོ་མིག་གིས་སོད་ཙམ་ཞིག་ཡོད་ཅིང་།སྲ་ཚད་ཧྲེ་ཧྲི་ཏུའུ6.7-7ཡིན་པས།ཤེལ་རིགས་སྤྱིར་བཏང་པ་གཅོད་པར་ནུས་ཀྱང་།མཁྲེགས་ཚད་ཆུང་ཞིང་ཁྲོབ་པས་བརྡུང་ན་ཆག་སླ་བ།ཕྱིའི་ཁ་དོག་ཇི་ལྟར་ཡོད་མེད་ལ་མ་བལྟོས་པར་བཅག་ན་ཁ་ཁམ་སྐྱའམ་འོ་ཁ་ཡིན་པ།བསྡུར་ལྗིད་ཁེ2.6-2.8ཡོད་པ་བཅས་ཡོངས་གྲགས་སུ་ངོས་ཟིན་སླ།

ཕན་ནུས་སྐོར།

དེས་ན་གཟི་རིན་པོ་ཆེ་འདི་ཉིད་ལུས་ལ་འཆང་ན་ནད་གདོན་འགོག  བར་ཆད་བཟློག  བསོད་ནམས་འཕེལ།གཟི་བརྗིད་ལྡན། བཤད་སྲོལ་དུ་ཀླད་སྐྱོན་རྩ་དཀར་གྱི་ནད་རྣམས་སེལ་ཐུབ་པ་དང་།ནང་སྒོས་སུ་གཟི་བཏགས་ན་མགོ་ན་བ་དང་སོ་ན་བར་ཕན་པར་བཤད།ཤེལ་ཕྲེང་དུ།སྲུང་བའི་མཆོག་ནི་སྟག་ལོག་ཟླུམ་པོ་དང་།རྐང་རིང་འགྱུར་དགུ་ཡིན་ཞེས་གསུངས་ཡོད་ལ།རྣམ་པ་དང་རི་མོའི་སྟེང་ནས་གཟི་ཁྲབ་བམ་གཟི་སླེ་གྲུག་ནི་གོ་ཁྲབ་ནང་བཞིན་གདོན་བགེགས་ཀྱི་རིགས་འགོག་པའི་ནུས་པ་མངའ་ཞིང་།ཚེ་ཐག་རིང་བར་ཕན་ཡོན་ཡོད་པ་དང་།སྟག་རིས་ཅན་ནི་བུ་རབས་ཚ་རྒྱུད་འཕེལ་ཞིང་།སྐྱེས་བུ་ཁྱད་པར་བ་འབྱུང་བའི་རྟེན་འབྲེལ་ཡོད་པ་དང་།གཟི་དམར་ནི་གཡང་གཟིའི་ཚབ་ཡིན་པས་ཁྱིམ་ཚང་ལ་གཡང་ཆགས་ཤིང་སྙན་གྲགས་རྒྱས་པ་དང་།མཆོང་རིས་ནི་དགྲ་ལྷ་འཁོར་བ་དང་།དམུ་ཐག་རིས་ནི་ཐར་བའི་ལས་བརྙེས་པའི་རྟེན་འབྲེལ་གྱི་གནད་ཀ་ཡོད་པ་སོགས་ཤེས་དགོས་པ་ལས།གང་འདོད་དུ་གཟི་བཏགས་ན་སོ་སོའི་ལུས་ཁམས་དང་མཐུན་མི་མཐུན་ཡོད་ལ།དེ་ནི་གཙོ་བོ་གཤེད་གཟིའི་རིགས་ཐུག་ན་རླུང་རྟ་ཉམས་པ་དང་།ཆག་སྒོ་འབྱུང་བ་སོགས་ཀྱི་དོན་རྐྱེན་ཐེབས་སླ་བས་གཟབ་གཟབ་བྱ་དགོས།

བརྟག་ཐབས་སྐོར།

གཟི་དག་མ་ཟེར་བ་ནི་རྙིང་བ་ཁོ་ན་ཡིན་ཞིང་།མཚོ་གཟི་དང་མཚོ་པད་མའི་གཟི་ཟེར་བ་ནི་གཟི་དག་མ་ཡིན།གོ་གཟི་དང་ཤེལ་གཟི།ཐེ་གཟི་ཟེར་བ་བཅས་ནི་གཟི་གསར་རམ་གཟི་རྫུན་མ་ཡིན་མོད།གཟིའི་བརྟག་ཐབས་སུ་གཙོ་སྣུམ་དང་རྡོ་རྒྱུ་ལ་བལྟ་དགོས་པ་ལས་རི་མོ་དང་ཁ་དོག་ལ་དེ་འདྲ་བལྟ་རྒྱུ་མེད།ད་ལྟའི་དུས་སུ་གཟི་རིགས་རྫུན་མ་ཤིན་ཏུ་མང་བས།ངེས་པར་དུ་བརྟག་ཐབས་འདི་དག་བློ་ལ་ངེས་དགོས།

གཅིག གཏེར་རྒྱུ་ཡིན་མིན་ལ་བརྟག་དགོས།གལ་ཏེ་གཟི་བཟོ་བྱེད་ཀྱི་རྒྱུ་དེ་གཏེར་རྒྱུ་ངོ་མ་ལས་གྲུབ་པ་ཞིག་ཡིན་ན།དེའི་ཁྲ་རིས་ཀྱི་མདོག་རྣམས་འོ་མའི་མདོག་དང་འདྲ།

གཉིས།ཚོན་མདངས་ལ་བརྟག་དགོས།གཟི་མདོག་དཀར་ནག་སྤེལ་མ་དང་། ཁམ་ནག་དང་བ་སོའི་མདོག་སྤེལ་མ།ཁམ་མདོག་དང་འོ་མའི་མདོག་སྤེལ་མ་སོགས་རིགས་མི་འདྲ་བ་བཞི་ཙམ་ཡོད།མང་ཆེ་བས་དཀར་ནག་སྤེལ་མར་དགའ་རུང་། ཁམ་ནག་དང་བ་སོའི་མདོག་སྤེལ་མར་གྲུབ་པའི་ཐའེ་ཝན་ནས་འདྲ་བཟོ་བྱས་པའི་གཟི་གསར་ལ་དགའ་མཁན་ཡང་མང་པོ་ཡོད།

གསུམ།འོད་མདངས་ལ་བརྟག་དགོས།དངོས་པོའི་འོད་མདངས་ལ་ཤེལ་འོད།སྣུམ་འོད།ཚིལ་འོད་ལ་སོགས་མང་རུང་།གཟི་ཡི་འོད་མདངས་ནི་སྣུམ་བྱུག་པའི་འོད་དང་འདྲ།

བཞི།ཁམས་དྭངས་ཚད་ལ་བརྟག་དགོས།ཁམས་དྭངས་ཚད་ལ་ཞེས་པ་ནི་ཐུག་ཚད་ཧའོ་སྨི་གཉིས་དང་ལྡན་པའི་དངོས་པོ་གང་རུང་ཞིག་གློག་འོད་ཀྱི་མདུན་དུ་བཞག་ནས་བལྟས་ཚེ།གློག་འོད་རྣམས་ཕྱི་གསལ་ནང་གསལ་ཐུབ་ན། དེ་ཁམས་དྭངས་བའི་དངོས་པོ་ཡིན་པ་དང་།ཕྱེད་ཙམ་གསལ་ན་དེ་ཕྱེད་ཁམས་དྭངས་ཀྱི་དངོས་པོ་ཡིན་ལ།མི་གསལ་བའི་རིགས་དེ་ཁམས་མི་དྭངས་བའི་དངོས་པོ་ཡིན་པའི་ངོས་འཛིན་ཡོད།གློག་འོད་ཕྱི་གསལ་ནང་གསལ་དང་ཕྱེད་ཙམ་གསལ་བའི་གཟི་རྣམས་སྤུས་ལེགས།

ལྔ།ཆག་སྐྱོན་ཡོད་མེད་བརྟག་དགོས།གཟི་ཡི་རིགས་ཆག་སྐྱོན་མེད་ན་རིན་ཐང་ཆེ།འོན་ཀྱང་གནའ་བོའི་གཟི་རྩ་ཆེན་རྣམས་ཡུན་རིང་ལུས་ལ་བཏགས་སྟབས།ཟུར་གཉིས་ཟད་ནས་ཤུར་ཐོན་པའི་རིགས་མང་བས།དེ་རིགས་ཉོས་ཀྱང་ཆོག དེང་གི་གཟི་གསར་རྣམས་ལ་དེ་ལྟའི་ཤུར་རྫུན་བཟོ་བྱས་རོགས་ཡོད་པས། ལེགས་པར་བརྟག་དགོས་བསམ།

དྲུག ཟད་རིས་ལ་བརྟག་དགོས།གཟི་རྙིང་པའི་རིགས་ལ་ཟད་ཤུལ་མང་བས་མ་ཚད།དེ་རིགས་ཚང་མར་འདྲ་སའི་ཆ་ཉུང་བས།ཆེ་ཤེལ་ལ་བརྟེན་ནས་ལེགས་པར་བརྟག་དགོས། 

བདུན།གཟི་རྫུན་མའི་བུ་ག་དག་འཕྲུལ་ཆས་ཀྱིས་ཕུག་པས་ན་སྨྱུག་འཕྲེང་ཕལ་ཆེར་དྲང་མོ་ཡིན་པ་དང་།སྨྱུག་འཕྲེང་དྲང་མོར་མེད་པར་འཁྱོག་ནས་ཡོད་པའམ་གཡོན་ནས་འདུག་པ་ནི་གཟི་རྙིང་ངམ་གཟི་དག་མ་ཡིན།

བརྒྱད།མཚལ་ཐིག་ཡོད་མེད་བརྟག་དགོས།གཟི་རྙིང་གྲས་རྣམས་ལ་ནང་ནས་ཕྱིར་གསལ་བའི་དམར་ཐིག་ཆུང་ཆུང་གི་རིགས་མང་པོ་ཡོད།འོན་ཀྱང་དམར་ཐིག་ཡོད་པའི་གཟི་ཚང་མ་ཡག་པོ་ཡིན་པའི་ཁྱབ་པ་མེད།དེ་གཙོ་བོ་གསར་རྙིང་བརྟག་པར་བྱེད་པའི་མཚོན་རྟགས་ཙམ་རེད།དམར་ཐིག་དེ་རིགས་ཐོག་མར་གཟི་ལ་མེད་རུང་།མི་ཡི་ལུས་ལ་ཡུན་རིང་ལ་ཡུན་རིང་བཏགས་པའི་རྗེས། ལུས་ཁྲག་རིམ་པས་གཟི་ལ་སིམ་པ་ལས་བྱུང་བར་གྲགས།

དགུ།འབྱར་དངོས་ཡོད་མེད་བརྟག་དགོས།འདིར་འབྱར་དངོས་ཞེས་པ་ནི་དྲེག་པ་མ་ཡིན་པར།གཟི་ངོས་ལ་མཆིམ་པའི་འབྱར་དངོས་ནི་སྐྱུར་དང་བུལ་གྱི་ཁམས་རྒྱུ་དང་གཟི་དེ་ཉིད་ལས་ཐོན་པའི་ཟགས་དངོས་མཉམ་དུ་འདྲེས་པ་ལས་བྱུང་བ་ཞིག་ཡིན་པས་བཀྲུས་ཀྱང་མི་འདགརང་བཞིན་དུ་བྱུང་བའི་འབྱར་དངོས་དང་མིས་བཟོས་པའི་འབྱར་དངོས་གཉིས་མི་འདྲ་སྟེ།རང་བཞིན་དུ་བྱུང་བའི་འབྱར་དངོས་དེར་འཇམ་དང་འོད་མདངས་ཡོད་ལ་གཞན་པར་མེད།གཞན་ཡང་རྫས་འགྱུར་དང་དངོས་ཁམས་རིག་པའི་ཐབས་ལ་བརྟེན་ནས་བརྟག་ཐབས་དང་།ཆོས་ལུགས་ཐོག་ནས་བརྟག་ཐབས་ལ་སོགས་མང་པོ་ཡོད།།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།