ཀྲུང་གོ་བོད་ཀྱི་དྲ་བ།

གླུ་མ་མེ་ཏོག་སྐྱིད་ཀྱི་མི་ཚེའི་ལོ་རྒྱུས་ལས་འཕྲོས་པའི་མྱོང་སྣང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : (མཚོ་ལྷོ)གདུགས་དཀར་རྒྱལ།   སྤེལ་དུས། : 2022-12-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 གླུ་མ་མེ་ཏོག་སྐྱིད་ཀྱི་མི་ཚེའི་ལོ་རྒྱུས་ལས་འཕྲོས་པའི་མྱོང་སྣང་།


               ( མཚོ་ལྷོ ) གདུགས་དཀར་རྒྱལ།


       རང་དཔེ་གཞན་སྟོན་གྱི་འབྲས་བུ་སྨིན་སའི་ཞིང་ས། །

       སྲོལ་ངན་གཤིས་རྩུབ་ཀྱི་ཚེ་སྲོག་འཇོམས་པའི་སྟ་རེ། །

       སློབ་གསོའི་ཉིང་བཅུད་ཀྱི་མར་ལོ་འབྱུང་སའི་འོ་མ། །

        ཁྲེལ་མེད་འགྱུར་ལྡོག་གི་རྩྭ་སྐྱ་སྲེག་པའི་མེ་ལྕེ། །

སྤྱི་ལོ2022ལོའི་ཟླ11པའི་ཟླ་སྨད་དུ། ཀན་ལྷོ་རྒྱང་སྒྲོག་ཁང་གི་བོད་སྐད་ལེ་ཚན་ལས་བཏང་བའི་མེ་ཏོག་སྐྱིད་ཀྱི་འཚོ་བའི་དངོས་བྱུང་གཏམ་རྒྱུད་ལ་བལྟས་རྗེས། ཁོ་མོ་ནི་དཀའ་སྡུག་གི་འཚོ་བར་གདོང་གཏོད་ཕོད་ཅིང་འགྱུར་མེད་ཀྱི་དམ་ཚིག་བྲག་ལ་བརྐོས་པའི་ཕྱི་ཐག་ཅན་ཞིག་རེད་ཨང་སྙམ་བྱུང་། དེང་གི་དུས་སུ་འདི་ལྟ་བུའི་བུད་མེད་ཅི་ཙམ་ཡོད་དམ་བསམས་པའི་དྲི་བའང་སེམས་སུ་ཤར། ཁོ་མོའི་མི་ཚེའི་གཏམ་རྒྱུད་ལས་དཀའ་སྡུག་ལ་གདོང་གཏོད་ཕོད་པ་དང་། ཁྲེལ་དང་ཕྱི་ཐག་རིང་བ། རང་དཔེ་གཞན་སྟོན་བྱེད་པ་བཅས་ནི་ཀུན་གྱིས་བསྔགས་པའི་ཡུལ་དུ་གཟུང་རུང་ངོ་། །

དང་པོ། དཀའ་སྡུག་ལ་གདོང་གཏད་ཕོད་པ།

གླུ་མ་མེ་ཏོག་སྐྱིད་ཀྱིས་རང་གི་སྐད་ངག་ལ་འབྲེལ་བའི་སྒྱུ་རྩལ་གྱི་ལས་ཀ་མཐའ་དག་བསྐྱུར་ཏེ་ཁྱིམ་གྱི་བྱ་བའི་ཁུར་ལྕི་མོ་ཕྲག་ཏུ་བླངས་པ་དང་། ལྷག་པར་མི་ལོ་བཅུ་གཉིས་ཀྱི་རིང་ལ་མིག་ཟུང་ལོང་བར་གྱུར་པའི་ཁྱོ་ག་བརྩེ་བས་གཉོར་ནས། གཞན་ལས་དངུལ་སྒོར་ཁྲི་ཉི་ཤུ་ལྷག་བསྐྱིས་ཏེ་སྨན་ཁང་གང་མང་ལ་ཁྲིད་ཅིང་གསོ་བཅོས་ཀྱང་མང་དུ་བྱས། རྒྱུན་པར་རྒྱ་སྲང་དུ་འགྲོ་དུས་ཁྱོ་ག་ལག་མགོར་ཁྲིད་དེ་འགྲོ་བ་དང་། ལོ་བརྒྱད་ཅུར་སོན་པའི་སྒྱུག་མོ་སེམས་ཀྱིས་གཉོར་ཚུལ་སོགས་ལས་ཁོ་མོ་ནི་དཀའ་བ་ལ་ཅི་མི་སྙམ་པའི་བུད་མེད་སྙིང་སྟོབས་ཅན་ཞིག་ཡིན་པ་ཤེས་ནུས།

འཇིག་རྟེན་དཀར་ངོགས་མི་མཐོང་བའི་ཁྱོ་བོ་ཉིད་དུས་ཡུན་ཐུང་ཐུང་ཞིག་མ་ཡིན་པར་ཏག་ཏག་མི་ལོ་བཅུ་གཉིས་ལ་གཉོར་བའི་ཚུལ་ནི། ཁོ་མོའི་སྐྲ་ཡི་ཁ་དོག་དཀའ་སྡུག་གི་དངུལ་ཆུས་བརླན་པ་དང་། གདོང་ལ་སེམས་ཚེགས་ཀྱི་གཉེར་མ་བབས་པ། འབྱུང་བཞིའི་ལྷུ་དྲུག་ཁྱིམ་ལས་མང་པོས་སྒུར་དུ་བཅུག་ཡོད་པ་བཅས་ལས་གསལ་བོར་ཤེས་ཡོང་། དུས་དེ་ནས་བཟུང་། ཁོ་མོས་ཕོ་ལས་མོ་ལས་གཉི་ཀ་བགྱི་དགོས་པར་གྱུར།

ཁོ་མོ་ནི་དཀའ་ངལ་དང་དུ་ལེན་པའི་སྤོབས་སེམས་དང་ལྡན་པ་ཞིག་རེད་དེ། སྨན་པ་ཞིག་གིས་ཁོ་མོའི་ཁྱོ་ག་ལ“ཁྱོའི་མིག་ཞར་ཡང་སེམས་ཞར་མི་འདུག”ཅེས་དང་། “ཁྱོ་ག་གཉོར་ཏེ་སྡུག་ག་འདྲ་མྱང་རུང་སྐྱོན་མི་འདུག”ཅེས་པ་སོགས་ནི་མི་སེམས་སྐྱོམ་པར་བྱེད་པའི་གཏམ་འབའ་ཞིག་གོ །

སྐབས་འདིར་རུས་པའི་རྐང་ལ་ཐིམ་པའི་སྣུམ་ཐིགས་དང་། སྙིང་གི་དབུས་ལ་རྒྱུ་བའི་ཁྲག་ཐིགས་སུ་གྱུར་པ་ནི། བསམ་པ་དཀར་པོ་དུང་དང་། ཡིད་སེམས་དྲང་མོ་མདའ། སྲོག་དམར་པོ་ཤོར་ཡང་འགྱོད་པ་མེད། ལུས་ན་ཚ་བྱས་ཀྱང་སྡུག་བསྔལ་མེད། མིག་ཁྲ་ཆུང་སྐྱོ་བས་མཆི་མས་བཀང་། སེམས་གངས་དཀར་མི་སྐྱིད་སྡུག་གིས་ཁེངས། ཤ་སྐྱི་མོ་ཟད་ནས་རུས་པར་ཐུག་ཅེས་པ་ལ་སོགས་པའི་གཏམ་དཔེ་འདི་རྣམས་ཡིན་ནོ། །

གཉིས་པ། ཁྲེལ་ཕྱི་ཐག་རིང་བ།

ཐོག་མར་བརྩེ་དུང་གི་མདུད་པ་དམ་པོར་བྱས་ཤིང་། བར་དུ་དཀའ་སྡུག་གི་ངལ་བ་དང་དུ་བླངས། ཐ་མར་ཉམ་ཆུང་བའི་ཁྱིམ་ཚང་གི་གདུང་མ་འདེགས་པའི་ཀ་བ་ལྟ་བུར་གནས་ཐུབ་པ་ནི་མི་ཡུལ་གྱི་ཡིད་སེམས་རབ་ཏུ་འགུལ་བའི་གཏམ་རྒྱུད་ཅིག་རེད།

བཅར་འདྲིའི་སྐབས་སུ་ཁོ་མོས“ངས་གཉོར་ནས་ཉིན་ཁར་མཚན་དང་། ལོ་ཁར་ཟླ་བཞག་ནས་མང་པོ་ཞིག་འགོར་སོང་། ངས་ངོ་མ་ཁོ་སྙིང་རྗེ་བསམས་བྱུང་། ཉིན་རེ་ཞག་རེ་འགོར་དུས་ངས་ཁོ་སྙིང་ཇེ་རྗེ་ནས་ཇེ་རྗེ་རེད། ད་དུང་ངས་ཁོ་ཁྲིད་ནས་འགྲོ་དོན་ནི་བཤད་མ་བཤད་མི་འདུག བཤད་ཀྱང་ཁྱེད་ཚོས་ཤེས་རྒྱུ་མ་རེད”ཅེས་རང་སེམས་གསོ་བྱེད་ཀྱི་སྐད་ཆ་ཡིད་འགུགས་པ་ཏག་ཏག་སྨྲ་བར་བྱེད། ཁོ་མོའི་ཁྱོ་གས“མོས་ཐེངས་གཅིག་ལ་ང་ཡི་སེམས་ཁམས་གཙེས་མ་མྱོང་། རྒྱ་སྲང་ནས་དངོས་པོ་ཉོ་སྐབས་ངའི་ལག་ཏུ་བཞག་ནས་རྒྱུ་སྤུས་སྐོར་འདྲི”ཟེར། དེ་ནི་མི་སེམས་ལ་རེ་བ་སྦྱིན་པར་བྱེད་པའི་སྐད་ཆ་སྟེ། ལས་དང་རྒྱུ་འབྲས་རྒྱུད་ན་ཡོད་ཅིང་ཡ་རབས་ཀྱི་གུས་སྲོལ་ལྡན་པའི་དཔེ་མཚོན་གསོན་པ་རེད།

ལོ་ཟླ་བ་མཛུབ་མོ་བཀུགས་བཀུགས་དང་། ཞག་ཉི་མ་དུང་ཙེ་བརྩེགས་བརྩེགས་ཀྱིས་མིག་ཟུང་ལོང་བར་གྱུར་པའི་ཁྱོ་ག་དང་བཅས་པའི་བཟའ་མི་ཚང་མར་བྱམས་ཤིང་བརྩེ་བ་འདི་ལས་འཚོ་བ་རབ་ཏུ་དགའ་བའི་མཛངས་མའི་ཁྱད་གཤིས་ཡིད་ལ་འཁོར་འོངས།

རྟ་ར་རའི་སྤུ་མདོག་འགྱུར་མ་མྱོང་། གསེར་སེར་པོའི་ཁ་དོག་ཡལ་མ་མྱོང་། བྱ་རྒོད་གཅིག་ལ་ཐོགས་པའི་གཤོག་པ། ལག་མགོ་གཅིག་ལ་ཐོགས་པའི་མཛུབ་གུ། ཁྱོད་དང་ང་མེད། རྟ་དང་སྒ་མེད། སྐྱིད་སྡུག་ཤ་བོ་རྭ་གཤིབ་གཤིབ།    འགྲོ་འདུག་ཡུ་མོ་རྐང་གཤིབ་གཤིབ། ཟས་ཞིམ་པོ་ཡོད་ན་མཉམ་བཟའ། གོས་ཁ་གང་ཡོད་ན་མཉམ་གོན། སྐྱིད་ལ་ཁའི་ཉི་མར་ཟུར་ལྟ། སྡུག་ནག་ཆུ་ཁོལ་མ་མཉམ་འཐུང་སོགས་འཇིག་རྟེན་སྲིད་པའི་གཏམ་དཔེ་འདི་རྣམས་ལ་འགྲེལ་བ་ཞིབ་མོ་ཞིག་བྱ་དགོས་ན། གླུ་མ་མེ་ཏོག་སྐྱིད་ཀྱི་མི་ཚེའི་ལོ་རྒྱུས་ནི་དཔེ་གསོན་པོ་ཞིག་རེད་དོ། །

གསུམ་པ། རང་དཔེ་གཞན་སྟོན།

དེང་གི་དུས་ནི་ཆ་འཕྲིན་ལག་རྩལ་དར་ཆེ་བ་དང་། མིའི་སེམས་ཀྱི་འགྱུར་བའང་རྒོད་དྲགས་པའི་དུས་ཤིག་ཡིན་པས། བཟའ་ཚང་ཁ་ཐོར་དུ་འགྲོ་བ་དང་། དེ་ལ་བརྟེན་ནས་བྱིས་པ་རྣམས་མ་རབས་ཐ་ཤལ་དུ་འགྱུར་བ་ཡང་ཤིན་ཏུ་མང་། ཐ་ན་རང་གི་གཅེས་པའི་སྲོག་གཅོད་པར་ཡང་ཐེ་ཚོམ་མེད་པའི་སྐྱེ་བོ་མང་དུ་འབྱུང་བ་ནི་རྒུད་པ་ཀུན་གྱི་སྒོ་ཡིན། དེའི་ཕྱིར། ཁྱིམ་ཚང་སློབ་གསོ་ནི་འགངས་ཆེ་བ་ཡིན་ཏེ། རླངས་ཚང་བསོད་ནམས་རྡོ་རྗེ་ལགས་ཀྱིས“ཁྱིམ་ཚང་སློབ་གསོ་ནི་སློབ་གསོ་ཡོད་ཚད་ཀྱི་རྩ་བར་གྱུར་ཡོད་པས་བཟའ་ཚང་འཆམ་མཐུན་གྱིས་འཚོ་དགོས། སྤྱི་ཚོགས་ཡོངས་ཀྱི་སློབ་གསོ་འཁྱོངས་དགོས་ན་ཁྱིམ་ཚང་སློབ་གསོ་འཁྱོངས་དགོས། ཁྱིམ་ཚང་སློབ་གསོ་འཁྱོངས་དགོས་ན་ཕ་མ་གཉིས་ཀ་འཁྱོངས་དགོས། ཕ་མ་གཉིས་ཀ་འཁྱོངས་ན་ད་གཟོད་བྱིས་པ་དག་ཀྱང་འཁྱོངས་ངེས་པའི་ཆོས་ཉིད་ནི་ལྡོག་ཏུ་མེད”ཅེས་བཤད་པ་བཞིན་ཡིན་ལ། འཇིག་རྟེན་གྱི་དཔེ་ལའང“ཕ་མ་ངན་པའི་བུ་ཕྲུག་དང་། དགེ་རྒན་ངན་པའི་དགེ་ཕྲུག”ཅེས་ཕ་མ་ནི་བུ་ཕྲུག་རྣམས་ལེགས་པའི་ལམ་དུ་འཇུག་པའི་དགེ་རྒན་གྱི་ཐོག་མ་ཡིན། དེ་བཞིན“ཕ་བཟང་པོའི་བུ་དང་། གཡག་བཟང་པོའི་ཀོ”ཞེས་པ་སོགས་ཀྱང་ཟུར་འདི་ནས་བསམས་ན་གོ་རྒྱུ་ཆེན་པོ་ཡོད།

གླུ་མ་མེ་ཏོག་སྐྱིད་ནི་རྡུལ་གྱི་དྲི་མ་དང་བྲལ་བའི་མེ་ལོང་དྭངས་མོ་ཞིག་དང་། རང་དཔེ་གཞན་སྟོན་གྱི་དཔེ་གཞི་གསོན་པོ་ཞིག་ཡིན་པ་མི་ཚེའི་ལོ་རྒྱུས་ལས་ཤིན་ཏུ་གསལ། ཁོ་མོས“རང་གི་བྱིས་པ་འདི་གཉིས་ཀྱི་མི་གཞི་མི་འགྱུར་བར་བྱམས་སྙིང་དང་། ལས་རྒྱུ་འབྲས་རྒྱུད་ལ་ཨེ་ཞོགས་བསམས་བྱུང་། ཕྱོགས་གང་ཡིན་ཡང་ལེགས་པོ་རེ་ཨེ་ཡོང་བསམས་ཏེ་དུས་ད་རག་བར་དུ་ཤུ་རེ་དགུ་རེ་བྱས་ནས་རྒྱུན་བསྐྱངས་པ་ཡིན”ཞེས་དང་། སྒྱུག་མོས“ངེད་ཚང་གི་མནའ་མ་འདིས་བསྒྲུབ་མི་ནུས་པ་གཅིག་ཀྱང་མེད། མོ་ལ་གཤིས་ཀ་བཟང་པོ་ཞིག་ཡོད་པས་རྗེས་སུ་བུ་ཕྲུག་ཚོར་འདི་ལྟ་བུའི་གཤིས་ཀ་རེ་ཡོད་ན་ལེགས”ཞེས་པ་རྣམས་ལས་ཁོ་མོ་ནི་སྲོལ་རྒྱུན་གྱི་གོམས་གཤིས་ཡག་པོ་རྒྱུད་ནས་མ་བོར་བའི་བོད་མོ་མཛངས་མ་ཞིག་ཡིན་པ་ཤེས་ཐུབ། དེ་བས། ང་ཚོས་ཀྱང་ཁྱིམ་ཚང་དང་སློབ་གྲྭ སྤྱི་ཚོགས་བཅས་སུ་བྱིས་པའི་ལམ་སྣ་ལེགས་པོར་འདྲེན་པ་ལ་ཕ་མས་ནུས་པ་གལ་ཆེན་ཐོན་པའི་ཚུལ་ཡིད་ལ་ངེས་པར་བྱེད་དགོས།

དམངས་ཀྱི་བདེ་སྡུག་རེ་སའི་དབང་ཐང་ཅན་གྱི་དཔོན་པོས་བྱམས་སེམས་སྙིང་རྗེ་རྒྱུད་ནས་མི་འབོར་བར་མེ་ཏོག་སྐྱིད་ཀྱི་བརྩེ་བའི་འོད་སྣང་དེ་ཡིད་ལ་བསྒོམ་རོགས། ལོ་ཆུང་གཞོན་ནུ་སྐྱོང་བའི་ཤེས་ཡོན་ཅན་གྱི་དགེ་རྒན་གྱིས་རང་དཔེ་གཞན་སྟོན་ཁ་ཕྱོགས་ནོར་བ་མེད་པར་མེ་ཏོག་སྐྱིད་ཀྱི་ལག་ལེན་གསེར་ཐིགས་ངག་ལས་བསྒྲགས་རོགས། ཁྱིམ་ཚང་བདག་པོར་གྱུར་པའི་ད་ལྟའི་དུས་ཀྱི་བཟའ་ཟླ་ཟུང་གི་སེམས་ལ་གཡོ་བ་མེད་པར་མེ་ཏོག་སྐྱིད་ཀྱི་ཁྲེལ་གཞུང་གོ་ཁྲབ་ལུས་ལ་གྱོན་རོགས། རྒན་རྒོན་ཕ་མ་གཉོར་བའི་ཁྱིམ་འཛིན་མནའ་མ་མག་པས་རང་དོན་སྒེར་སེམས་བཞག་ནས་མེ་ཏོག་སྐྱིད་ཀྱི་གཤིས་སྤྱོད་ཕྱིང་ལྭ་རྒྱབ་ཏུ་ལེན་རོགས། བྱིས་པའི་ལམ་སྣ་འདྲེན་པའི་དྲིན་ཅན་ཕ་མ་ཟུང་གིས་ཁྱིམ་གྱི་གོམས་སྲོལ་ལེགས་པོ་འཆོལ་བ་མེད་པར་མེ་ཏོག་སྐྱིད་ཀྱི་ཀུན་སྤྱོད་མར་ལོ་སེམས་ལ་བསྒོ་རོགས།


     མིག་ཟུང་ལོང་བར་གྱུར་པའི་ཁྱོ་གའི་ལག་རྟེན་བཀན་མོ། །

    བརྒྱད་ཅུའི་གཉའ་ནས་མནན་པའི་སྒྱུག་མོའི་སེམས་རྟེན་ཀ་བ། །

    དཀའ་སྡུག་ཁུར་བོ་ལྕི་ཡང་ཁྱིམ་གྱི་གདུང་མ་བརྟན་པོ། །

    བྱིས་པ་གཉིས་ཀྱི་མིག་དཔེ་བལྟ་སའི་རྡུལ་བྲལ་མེ་ལོང་། །


    སོང་ན་བསྡད་ན་ཁྱོ་ག་མིག་གིས་འཚོ་བའི་རྫི་བོ། །

   སྐྱིད་ན་སྡུག་ན་གཞིས་ཁྱིམ་འགན་དུ་བླངས་བའི་བདག་མོ། །

   ཉལ་ན་ལངས་ན་གཞན་ཕན་དོན་ལ་འབད་པའི་སེམས་དཔའ། །

   དཀའ་ན་མེད་ན་གདུང་སེམས་སྤོབས་པར་བསྒྱུར་བའི་དཔའ་མོ། །


  ཀྭ་ཡེ་གངས་རིའི་ཞིང་གི་ན་ཆུང་བུ་མོའི་ཚོགས་སུ། །

  བྱམས་དང་སྙིང་རྗེ་རྒྱུད་ལ་འཇོག་པའི་མེ་ཏོག་དཀར་པོ། །

  མཛའ་བརྩེ་གསེར་ཟམ་བརྟན་པོ་དུས་བཞིར་འཇིགས་པ་མེད་པར། །

  ཁ་བའི་ལྗོངས་ཀྱི་མཛངས་མ་ཁྱེད་ཀྱི་བསམ་དོན་འགྲུབ་ཤོག །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།