ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་སྡེ་ཨ་ཁུ་དགེ་འདུན་བསྟན་འཛིན་གྱི་གསུང་བསླབ་བྱ་བླང་དོར་གསལ་བའི་མེ་ལོང་བྱ་བ།

ཡོང་ཁུངས། : དྲ་རྒྱ་ལས་བཏུས།     སྤེལ་དུས། : 2019-12-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རིགས་གསུམ་སྒྱུ་འཕྲུལ་འཇམ་མགོན་བློ་བཟང་གྲགས། །

འཇམ་དཔལ་དབྱངས་དངོས་ཆོས་ཀྱི་རྒྱལ་མཚན་ཞབས། །

སྤྱན་རས་གཟིགས་དབང་སྐལ་ལྡན་རྒྱ་མཚོ་སྡེ། །

རྣམ་གསུམ་དབྱེར་མེད་ཞབས་པད་གཙུག་གིས་མཆོད། །

 དེ་ཡང་སྤྱན་རས་གཟིགས་དབང་འབྲོམ་སྟོན་ཆོས་ཀྱི་རྒྱལ་བོས། ང་ཐོས་དུས་ཙ་ན་བསམ་སྒོམ་བདོ། །ང་བསམ་དུས་ཙ་ན་ཐོས་སྒོམ་བདོ། །ང་སྒོམ་དུས་ཙ་ན་བསམ་སྒོམ་བདོ། །ང་སྒོམ་དུས་ཙ་ན་བསམ་སྒོམ་བདོ། །ང་བཀའ་གདམས་ཕྱོགས་ཆར་མ་ལྷུང་བ། །ཞེས་གསུངས་པ་ལྟར་རང་རེ་བཀའ་གདམས་གསར་རྙིང་གི་ལུགས་སྲོལ་འཛིན་པ་སུ་ཡིན་ཀྱང་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་ཉམས་སུ་ལེན་དགོས། དེ་ཡང་ཐོས་པ་གཙོ་བོར་བྱེད་པའི་སྐབས་དང། བསམ་པ་གཙོ་བོར་བྱེད་པའི་སྐབས་དང། སྒོམ་པ་གཙོ་བོར་བྱེད་པའི་སྐབས་གསུམ་མི་འདྲ་ཞིང། དེ་ལ་ཐོས་པ་དང་ཐོས་བྱུང། བསམ་པ་དང་བསམ་བྱུང། སྒོམ་པ་དང་སྒོམ་བྱུང་སོ་སོའི་ཁྱད་པར་ཤེས་དགོས་པས། དེ་དག་གི་ཁྱད་པར་ནི་བིས་པ་པཎྜིཏ་ངག་དབང་མི་ཕམ་ཟླ་བས། གཙོ་བོར་གསུང་རབ་ཀྱི་ཚིག་དོན་ཐོས་པའི་སྟོབས་ལས་བྱུང་བའི་ཤེས་རབ་དེ་ཐོས་བྱུང་གི་ཤེས་རབ་ཀྱི་ངོ་བོ། གཙོ་བོར་གསུང་རབ་ཀྱི་དོན་ལ་བསམ་པའི་སྟོབས་ལས་བྱུང་བའི་ཤེས་རབ་དེ། བསམ་བྱུང་གི་ཤེས་རབ་ཀྱི་ངོ་བོ། གཙོ་བོར་བསམ་གཏན་དང་བོའི་ཉེར་བསྡོགས་ཡན་ཆད་ཀྱི་ཏིང་ངེ་འཛིན་བསྒོམས་པའི་སྟོབས་ལས་བྱུང་བའི་ཤེས་རབ་དེ། སྒོམ་བྱུང་གི་ཤེས་རབ་ཀྱི་ངོ་བོའོ། །

    དེ་ཡང་གཞུང་གང་ཡིན་པ་དེ་དང་པོར་གཞན་ལས་ཉན་པའམ། རང་གིས་བལྟས་པས་ཚིག་དོན་བློ་ལ་ཟིན་པ་ཙམ་ནི་ཐོས་པ་ཡིན་ལ། དོན་དེ་ལ་སྒྲོ་འདོགས་མ་ཆོད་པར་ཡིད་དཔྱོད་ཀྱིས་ངེས་པ་ནི་ཐོས་བྱུང་གི་ཤེས་རབ་དང། ཤེས་རབ་དེ་ཉིད་ཀྱིས་ཐོས་པའི་དོན་ལ་ལྐོག་གྱུར་གྱི་ཆ་རྣམས་དངོས་སྟོབས་ཀྱི་རིག་པ་དང་ཤིན་ཏུ་ལྐོག་གྱུར་དག་ཡིད་ཆེས་ཀྱི་ལུང་གིས་བསྒྲུབས་ཏེ་ལེགས་པར་དཔྱོད་པ་བསམ་པ་ཡིན་ལ། དཔྱད་མཐར་སྒྲོ་འདོགས་ཆོད་པའི་ངེས་ཤེས་སྐྱེས་པ་ནི། བསམ་བྱུང་གི་ཤེས་རབ་དང། དེ་ལྟར་ངེས་པའི་དོན་མི་བརྗེད་པའི་དྲན་ཤེས་བསྟེན་ཏེ་བློ་ལ་ཡང་ཡང་འདྲིས་པར་བྱེད་པ་ནི་སྒོམ་བྱུང་ཡིན་ལ། དེ་ལས་བྱིང་རྒོད་དང་བྲལ་བར་དཔྱད་པ་བྱས་རེས་ཀྱིས་ཤིན་སྦྱངས་སྐྱེས་པ་ནི། སྒོམ་བྱུང་གི་ཤེས་རབ་སྟེ། ལམ་རིམ་ལས། དེས་ན་གང་ཉམས་སུ་བླང་རྒྱུ་དེ་དང་བོར་གཞན་ལས་ཉན་ནས་གཞན་སྟོབས་ཀྱིས་ངེས་པར་བྱེད། དེ་ནས་ཐོས་པའི་དོན་དེ་རང་གིས་ལུང་དང་རིགས་པས་ཚུལ་བཞིན་དུ་བསམས་ཏེ་རང་སྟོབས་ཀྱི་ངེས་པར་བྱེད། དེ་ལྟར་ཐོས་བསམ་གྱིས་ངེས་པར་བྱས་ཏེ་ཐེ་ཚོམ་དང་བྲལ་བ་ན་ཡང་དང་ཡང་དུ་འདྲིས་པར་བྱེད་པ་ལ་སྒོམ་པ་ཞེས་ཟེར་ཞེས་དང། དེ་ཡང་ཐོས་བྱུང་གི་ཤེས་རབ་ཀྱི་སྔོན་དུ་ཐོས་པ་དང། བསམ་བྱུང་གི་ཤེས་རབ་ཀྱི་སྔོན་དུ་བསམ་པ་འགྲོ་དགོས་པ་ལྟར་སྒོམ་བྱུང་གི་ཤེས་རབ་ཀྱི་སྔོན་དུའང་སྒོམ་པ་འགྲོ་དགོས་ཏེ་ཤེས་རབ་དེ་ནི་བསྒོམས་པ་ལས་བྱུང་བའི་ཕྱིར་རོ།།

  དེ་ལྟར་བྱས་ན་སྒོམ་བྱུང་གི་ཤེས་རབ་ཀྱི་སྔོན་དུ་འགྲོ་བའི་སྒོམ་པ་དེ་བསམ་བྱུང་གི་ཤེས་རབ་ཀྱིས་ངེས་པར་བྱས་པ་དེ་ཉིད་གོམས་པར་བྱེད་པ་ཡིན་པས། ཞེས་དང། རྒྱལ་ཚབ་ཆོས་རྗེའི་ཕར་ཕྱིན་ལམ་སྒྲིག་ལས་ཀྱང་གོ་རིམ་དེ་ཁོ་ན་ལྟར་གསུངས་པའི་ཕྱིར་རོ། །གནད་འདི་དག་གིས་དཔགས་ན་མཁས་པའི་དབང་པོ་སེ་ར་རྗེ་བཙུན་པའི་ཡིག་ཆ་ལས་སློབ་པའི་རྒྱུད་ཀྱི་སེམས་བསྐྱེད་དང་སྙིང་རྗེས་ཀྱང་རང་ཡུལ་རྟོགས་པར་གསུངས་པ་རྗེ་ཡབ་སྲས་ཀྱི་དགོངས་པ་དྲི་མ་མེད་པ་སྟེ། རྣམ་དཔྱོད་དང་ལྡན་པ་དག་ལ་གཏམ་དུ་བྱས་པའོ། །ཞེས་གསུངས་སོ། །

  དེ་ལྟར་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་བྱེད་ཚུལ་དང། ཐོས་པ་གཙོ་བོར་བྱེད་སྐབས་བསམ་པ་དང་སྒོམ་པ་གཉིས་ཚང་དུ་འཇུག་ཚུལ་ཇི་ཡིན་ཞེ་ན། གཞུང་གང་ཡང་རུང་བ་ཞིག་དང་པོར་དགེ་བའི་བཤེས་གཉེན་གྱི་མདུན་ནས་མཉན། དེ་ནས་རང་གི་དཔེ་ཆར་བལྟས་ཏེ་ཚིག་དོན་བློ་ལ་ཟིན་པ་ཙམ་ནི་ཐོས་པ་ཡིན་ལ། དོན་དེ་ལ་སྒྲོ་འདོགས་མ་ཆོད་པར་འོལ་སྤྱི་ཙམ་གྱི་ངེས་པ་རྙེད་པ་ན་ཐོས་བྱུང་གི་ཤེས་རབ་སྐྱེས། ཐོས་བྱུང་གི་ཤེས་རབ་ཀྱིས་ཐོས་པའི་དོན་ལ་ལུང་དང་རིགས་པས་ཡང་དང་ཡང་དུ་ལེགས་པར་དཔྱོད་པ་ནི་བསམ་པ་ཡིན་ལ། དེ་ལྟར་ཡང་དང་ཡང་དུ་དཔྱད་པའི་མཐར་དོན་དེ་ལ་སྒྲོ་འདོགས་ཆོད་པའི་རྗེས་དཔག་ཚད་མ་སྐྱེས་པ་ནི། བསམ་བྱུང་གི་ཤེས་རབ་སྐྱེས་པ་ཡིན་ནོ། །དེ་འདྲའི་རྗེས་དཔག་ཚད་མའམ་བསམ་བྱུང་གི་ཤེས་རབ་ཀྱིས་ངེས་པའི་དོན་དེ་ལ་མི་བརྗེད་པའི་དྲན་ཤེས་བསྟེན་ཏེ་བློ་ལ་ཡང་དང་ཡང་དུ་འདྲིས་པར་བྱེད་པ་ནི་སྒོམ་པ་ཡིན་པས། ཐོས་པ་གཙོ་བོར་བྱེད་པའི་སྐབས་སུ་བསམ་པ་དང་སྒོམ་པ་གཉིས་ཀྱང་ཚང་བར་བྱ་ཚུལ་དེ་ལྟར་ཡིན་ལ། དེས་ཅིག་ཤོས་གཉིས་ལའང་རིགས་བསྒྲེ་བར་བྱའོ།།

  དེས་ན་རང་ཅག་རྣམས་ཀྱིས་ཐོས་པ་གཙོ་བོར་བྱེད་དགོས། དེ་ཡང་རང་གི་དགེ་རྒན་གྱི་མདུན་དུ་དཔེ་ཁྲིད་ལ་འགྲོ་བ་དང། རྒྱུན་དུ་དཔེ་ཆ་ལ་བལྟ་བ་གལ་ཆེ། དེ་ལ་ཡང། ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོས། དང་པོར་གཞུང་ལུགས་གང་ལའང་ཐོས་བསམ་གྱིས། །འཇུག་ཚེ་འདི་དོན་ཁོང་དུ་ལེགས་ཆུད་ནས། །ནམ་ཞིག་ཉམས་སུ་ལེན་པའི་འདུན་པ་ལ། །རྟག་ཏུ་གནས་པ་ཡིད་ལ་བཅང་བར་འཚལ། །ཞེས་གསུངས་པ་ལྟར། སྤྱིར་དགེ་སྦྱོར་གང་བྱེད་ཀྱང་ཀུན་སློང་བཟང་བ་གལ་ཆེ་བ་ནི། རྗེ་ཐམས་ཅད་མཁྱེན་པས། བསམ་པ་བཟང་ན་ས་དང་ལམ་ཡང་བཟང། །བསམ་པ་ངན་ན་ས་དང་ལམ་ཡང་ངན། །ཐམས་ཅད་བསམ་པ་དག་ལ་རག་ལས་པས། །ཞེས་དང། ཡབ་རྗེ་སྐལ་ལྡན་རྒྱ་མཚོས། བསམ་པ་བཟང་ན་ཅི་བྱས་ཆོས་སུ་འགྲོ། །འདི་ལ་ནན་ཏན་གྱིས་དང་རི་ཁྲོད་པ། །ཞེས་གསུངས་པ་ལྟར། ཐེག་པ་ཆེ་ཆུང་དང། སྐྱེས་བུ་གསུམ་གྱི་ལམ་གྱི་བཟང་ངན་ཡང་བསམ་པའི་དབང་གིས་བཞག་པས་སོ། །

  ཐོས་བསམ་བྱེད་པའི་ཚེ་ན་ཡང་གཞུང་འདིའི་དོན་ལེགས་པར་ཁོང་དུ་ཆུད་ནས་ཚུལ་བཞིན་དུ་ཉམས་སུ་ལེན་ནུས་པ་ཞིག་བྱུང་ན་ཅི་མ་རུང་ཉམས་སུ་ལེན་པར་ཤོག་ཅིག་སྙམ་པའི་ཀུན་སློང་གལ་ཆེ། ཐོས་བསམ་བྱེད་པ་ལ་ཐོས་བསམ་བྱེད་པའི་འདུན་པ་སྐྱེ་དགོས། འདུན་པ་སྐྱེ་བ་དེ་ཐོས་པའི་ཕན་ཡོན་ཤེས་པ་ལ་རག་ལས་པས། ཇི་སྐད་དུ། ཐོས་པའི་ཚོམས་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་བྱེད། །ཐོས་པས་དོན་མ་ཡིན་པ་སྤོང། །ཐོས་པས་མྱ་ངན་འདས་པ་འཐོབ། །ཅེས་དང། སྐྱེས་རབས་ལས་ཀྱང། གང་ཞིག་ཐོས་པས་ཡིད་ནི་དད་གྱུར་ནས། །ལེགས་པར་དགའ་ལ་བརྟན་པ་ཉིད་དུ་འགྱུར། །ཤེས་རབ་སྐྱེ་ཞིང་གཏི་མུག་མེད་པར་འགྱུར། །རང་གི་ཤས་ཀྱང་དེ་ནི་ཉོ་བའི་རིགས། །ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་ལ་སོགས་མི་འཁྱེར་ནོར་གྱི་མཆོག །ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། །ཐབས་ཚུལ་མན་ངག་སྟོན་པས་གྲོགས་ཀྱི་མཆོག །ཕོངས་པར་གྱུར་ཀྱང་མི་འགྱུར་མཛའ་བོ་ཡིན། །གནོད་པ་མེད་པ་མྱ་ངན་ནད་ཀྱི་སྨན། །ཉེས་པ་ཆེན་པོའི་དཔུང་འཇོམས་དཔུང་གི་མཆོག །གྲགས་དང་དཔལ་དང་གཏེར་གྱི་མཆོག་ཀྱང་ཡིན། །ཡ་རབས་རྣམས་དང་ཕྲད་ན་སྐྱེས་ཀྱི་མཆོག །ཚོགས་ཀྱི་ནང་ན་མཁས་པ་མགུ་བར་འགྱུར། །ཞེས་དང། ཐོས་པའི་རྗེས་འཇུག་སྒྲུབ་པ་སྙིང་པར་བྱེད། །སྐྱེ་བའི་རྫོང་ལས་ཚེགས་ཆུང་ཐར་བར་འགྱུར། །ཞེས་གསུངས་པ་ལྟར་ཐོས་པའི་ཕན་ཡོན་ཞིབ་ཏུ་བསམས་ནས་ཐོས་བསམ་བྱེད་འདོད་ཀྱི་འདུན་པ་སྐྱེད་དགོས་པར་མ་ཟད། ཐོས་བསམ་གནད་དུ་འགྲོ་བའི་ཐབས་ལ་ཡང་འབད་དགོས་ལ། ཐོས་བསམ་གནད་དུ་སོང་ན་དེའི་ལག་རྗེས་ལ་སྐྱེ་བའི་རྟེན་འབྲེལ་གྱིས་མཚོན་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་རྫོང་ལས་ཚེགས་ཆུང་ངུས་ཐར་བར་འགྱུར་ཞིང། ཐོས་བསམ་གནད་དུ་མ་སོང་བར་ཁ་ཕྱིར་ལྟོས་ཁོ་ནར་སོང་ན་རང་གཞན་གང་ལ་ཡང་མི་ཕན་པར་མ་ཟད་རྒྱུད་ཇེ་གྱོང་ཇེ་གྱོང་དུ་སོང་ན་སེམས་ལ་མི་དྲན་དགུ་དྲན། ཁ་ནས་མི་བཤད་དགུ་བཤད་ལག་ནས་མི་ལས་དགུ་ལས་སོགས་མི་དགེ་བའི་གཏེར་དུ་གྱུར་བ་ཞིག་འོང་ངོ་། །

   ཐོས་བསམ་གནད་དུ་འགྲོ་མི་འགྲོ་ནི་ཀུན་སློང་ལ་རག་ལས་པས་ཐོས་པ་བྱེད་རེས་ཀྱིས་ཡབ་རྗེ་བླ་མས་གསུངས་པ་ལྟར་ཀུན་སློང་བཅའ་བ་གལ་ཆེའོ། །  

   དེ་ནས་དགེ་རྒན་ལ་དཔེ་ཁྲིད་ཞུ་བ་དང་རང་གིས་དཔེ་ཆ་བལྟ་བ་ཟུང་འབྲེལ་དུ་བྱ་ཞིང། ཁྱད་པར་དུ་རང་གིས་དཔེ་ཆ་བལྟ་བ་གཙོ་བོར་བྱས་ནས་རྒྱུན་དུ་དཔེ་ཆ་བལྟ་བ་དགེ་སྦྱོར་གྱི་གཙོ་བོར་བྱ་དགོས་ཏེ། མཉམ་མེད་ཇོ་བོ་ཆེན་པོས། ཁྱེད་བོད་ན་གསུང་རབ་བལྟ་རྒྱུ་མེད་པས་ངའི་རྒྱུད་ཀྱི་དད་པ་ཉམས་སོང་གསུངས་པ་རེད་ཅེས་དམ་པ་གོང་མའི་གསུང་རྒྱུན་ལ་འདུག ཇོ་བོ་ཆེན་པོ་ལྟ་བུའི་ས་ཆེན་པོ་ལ་གནས་པའི་སེམས་དཔའི་རྒྱུད་ཀྱི་དད་པ་ཉམས་པ་ནི་གནས་མེད་ཅིང་གོ་སྐབས་མེད་དོ། །འོན་ཀྱང་ཕྱིས་ཀྱི་གདུལ་བྱ་ལ་དགོངས་ནས་དེ་ལྟར་གསུངས། ས་སྐྱ་པཎ་ཆེན་གྱིས། རིག་པ་ནངས་པར་འཆི་ཡང་སློབས། །ཚེ་འདིར་མཁས་པར་མ་གྱུར་ཀྱང། །སྐྱེ་བ་ཕྱི་མར་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་དང་མཚུངས། །ཞེས་དང། ཤིན་ཏུ་རྒས་པར་གྱུར་ཚེ་ཡང། །ཐོས་པ་མང་དུ་བསག་པར་བྱ། །ཕྱི་མར་ཐོས་པས་ཕན་པ་ཙམ། །སྦྱིན་པ་ཡིས་ཀྱང་ག་ལ་ཕན། །ཞེས་དང། རྗེ་ཐམས་ཅད་མཁྱེན་པས། རང་དང་གཞན་ལ་ཕན་པའི་ཕྱིར། །ཐོས་པས་ངོམས་པར་མི་བྱ་སྟེ། །ས་གསུམ་བརྙེས་པའི་འཕགས་པ་ཡང། །ཐོས་པས་ངོམས་པ་མེད་ལ་ལྟོས། །དགེ་བའི་བཤེས་གཉེན་ཕུ་ཆུང་བའི་ཞལ་ནས། བཀའ་པོད་ཞལ་ཕྱེ་བ་སྔས་ལ་བཞག་ནས་ཁོ་བོ་ཅག་ནི་སློབ་པ་བྱ་བ་ཡིན་པས་ལྟ་བ་མ་བྱུང་ཡང་འདི་ཀུན་ལ་ཞེ་བསྔགས་བྱེད་པ་ལགས། ཞེས་དང། གངས་ཅན་གྱི་རིགས་པའི་ཤིང་རྟ་བ་ཆེན་པོ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོས། ང་དཔེ་ཆ་བལྟ་བ་ལ་ནུས་རབ་ཡོད། གཞན་ཁ་འདོན་ཆེས་མེད། ཅེས་དང། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེས་ཀྱང། བླ་མ་ཉི་ཐང་བ་ལ། ཁྱེད་ཀྱི་ཐུགས་དམ་གང་ལ་མཛད་ཞུས་པས་བླ་མའི་ཞལ་ནས། ཐུགས་དམ་ཟེར་བ་ཟུར་བ་ཅི་ཡོད། ཞོགས་པ་ནམ་ལངས་པ་ནས་མཚན་མོ་བར་དང། མཚན་མོ་ཡང་གང་ལྕོགས་ཀྱི་བར་གསུང་རབ་ལ་བལྟས། དེ་ནས་འཛམ་བུའི་གླིང་བ་གཉིད་ལ་ཡང་བརྟེན་དགོས་པས། ཉལ་ཁར་དེ་རིང་གསུང་རབ་ལ་ཐོས་བསམ་འདི་འདྲ་བྱས། བློ་སྐྱེད་འདི་དང་འདི་བྱུང་བས་བསོད་ནམས་ཆེའོ་སྙམ་དུ་ཡིད་ལ་དྲན་པར་བྱས། དེ་ནས་དགེ་བ་ཡང་བསྟན་འགྲོའི་དོན་དུ་བསྔོས་ནས། ང་ཡང་གཉིད་ཀྱིས་ལུས་འདི་ཅུང་ཟད་གསོས། སང་ཉིན་ཡང་གསུང་རབ་ལ་དཔྱད་དོ་ཞེས་འཕེན་པ་བཏང་ནས། ཕྱི་ཉིན་ཡང་དེ་ལྟར་བྱེད་པ་ཡིན་གསུངས་པས། དད་པ་ཟླ་མེད་འཁྲུངས་ཏེ། ཕྱིས་སུ་ཡང་རང་གི་བླ་མ་ཉི་ཐང་བས་འདི་འདྲ་གསུངས། བྱེད་ལུགས་འདི་ཁོ་ན་བཟང། ངའི་བླ་མ་དེ་དག་གི་ནང་ནས་ཁོ་རང་རྟོགས་པ་མཐོ་བ་ཡོད་ཅེས་གསུང་རྒྱུན་ལ་མཛད་པ་དང། རང་ཅག་རྣམས་ཀྱི་འདྲེན་མཆོག་བླ་ན་མ་མཆིས་པ་རྡོ་རྗེ་འཆང་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་དཔལ་བཟང་བོས། རང་རེ་ལ་ལྟོས་ཏེ་དལ་འབྱོར་ལ་སྙིང་བོ་ལེན་པའི་མཆོག་གཞུང་ལུགས་ཆེན་མོར་ལྟ་རྟོག་དང་དཔྱད་པ་མི་འབྲལ་བ་ལས་ལྷག་མེད་པས་དེ་དོན་ཐུགས་ལ་ཟུངས། ཞེས་དང། ཞང་སྟོན་བསྟན་པ་རྒྱ་མཚོས། ཁ་ཏོན་མག་མིག་གཅིག་འདོན་རྒྱུ་ལས་དཔེ་ཆར་བལྟ་བ་གཙོ་བོར་གྱིས། དཔེ་ཆར་བལྟ་བ་ལ་ཚོགས་གསོག་སྒྲིབ་སྦྱོང་ཐམས་ཅད་ཀྱི་གནད་འདུག་པས་གལ་ཆེན་གྱིས་ཞེས་གསུངས་པ་རྣམས་ཀྱང་གནད་ཆེ་བ་ཡིན་ནོ། །རྣམ་འདྲེན་བླ་མ་སྐལ་ལྡན་རྒྱ་མཚོ་དཔལ་བཟང་བོ་ཡང། རོང་བོའི་ཆོས་སྡེ་འདིར་བཞུགས་ཀྱང་རུང། བྲག་ཕུག་སོགས་དབེན་པ་ན་བཞུགས་ཀྱང། རྒྱུན་དུ་དཔེ་གཟིགས་གནང་བ་གཙོ་བོར་མཛད་པ་ཡིན་ཏེ། ཡབ་རྗེ་བླ་མ་ཉིད་ཀྱི་ཞལ་ནས། དུས་ཁོར་ཡུག་དཔེ་ཆ་མང་པོ་ལ། །བློས་དཔྱད་ཅིང་ཞིབ་ཏུ་བལྟས་པའི་མཐུས། །སྔོན་དབུས་སུ་སློབ་གཉེར་བྱས་པ་ལས། །དོན་གོ་བ་སུམ་འགྱུར་བས་ཀྱང་ལྷག །ཅེས་གསུངས་པས་སོ། །

ཡང་བླ་མ་རྡོ་རྗེ་འཆང་འཇིགས་མེད་ཞབས་ནས་རྒྱུན་དུ་བསླབ་བྱ་འདི་ལྟར་གནང་སྟེ། རྒྱུན་དུ་ཉིན་རེ་བཞིན་དཔེ་ཆར་བལྟ་བ་མ་ཆག་པ་གལ་ཆེ། ཁ་ཏོན་འདོན་པ་ལས་དཔེ་ཆ་བལྟ་བ་བཟང། ཁ་ཏོན་འདོན་སྐབས་སེམས་འཁྱམས་འགྲོ། དཔེར་ན། སྔགས་གྲངས་རེ་བགྲང་ཚེ་མདོ་འཛིན་ནས་ལག་པས་བཟུང་སྟེ་སྔགས་བགྲང་ནས་ཕྱིར་མདོ་འཛིན་གྱི་རྩར་མ་བསླེབ་བར་སེམས་འཁྱམས་འགྲོ་བ་མྱོང་བས་གྲུབ། དེ་བཞིན་དུ་སྒྲོལ་བསྟོད་སོགས་ཁ་བཏོན་བྱས་པའི་ཚེ་ཡང་དེ་ལྟར་ཡིན། དཔེ་ཆར་བལྟས་ན་སེམས་དཔེ་ཆའི་སྟེང་དུ་འདུག་པས། དཔེ་ཆ་བལྟ་རྒྱུ་ཆག་པ་ལས་ཁ་ཏོན་འདོན་རྒྱུ་ཆག་སོང་ན་སྐྱོན་མེད་ང་ལ་ནད་གཞན་ཅི་བྱུང་ན་ཡང་མིག་ཞར་མི་ཉན། མིག་ཞར་བ་ལས་མཛེ་ནད་བྱུང་ན་བྱུང། ཞེས་བཀའ་ཆོས་ཀྱི་སྐབས་སུ་དངོས་སུ་གསུངས། ཁོང་རང་ཉིད་ཀྱི་གཟིགས་དཔེ་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་གྱི་དཔེ་ཆའི་སྣེ་མོ་རལ་འདུག་ཟེར། ཁོང་གིས་གསེར་ཕྲེང་ཚར་བཅུ་བདུན་ལྟོས་པ་ཡིན་ཞེས་ཁོང་ཉིད་ཀྱི་ཞལ་ནས་གསུངས། གཞན་ཡང་སྐབས་དེར་དྷི་ཚ་ན་གསེར་ཕྲེང་ཚར་བཅུ་བལྟས་པའི་དཔེ་ཆ་བ་འདུག་ཅེས་ཁོང་ཉིད་ཀྱི་ཞལ་ནས་གསུངས་པ་ཁོ་བོས་དངོས་སུ་ཐོས། གཞན་ཡང་བདག་གི་དང་བོའི་དགེ་རྒན་རིན་པོ་ཆེ་མཚན་ཡོངས་གྲགས་ཉ་ལུང་ཨ་ལགས་བསེ་ཞེས་ཞུ་བ་མཚན་དངོས་ཨ་ཁུ་དགེ་འདུན་རྒྱལ་མཚན་ཞེས་པ་རོང་བོའི་དགེ་བཤེས་རྩེར་སོན་རྗེ་ཨ་རོལ་རིན་པོ་ཆེ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་དང་འཛིན་གྲྭ་གཅིག་པ་དེ་ཉིད་ཀྱིས་ཀྱང། ནམ་ལངས་པ་ནས་བཟུང་ས་མ་རུབ་ཀྱི་བར་དུ་དཔེ་གཟིགས་རྒྱུན་མ་ཆད་པ་གནང་སྟེ་སྐུ་ཚེ་གང་བོ་ལ་དེ་ལྟར་བཞུགས། ཉིད་ཀྱི་ཞལ་ནས་ཀྱང། དགེ་ཕྲུག་རྣམས་ལ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར་གསུངས་ཏེ་རྒྱུན་དུ་དཔེ་ཆར་བལྟ་དགོས་པར་སྐུལ་མ་ཡང་ཡང་མཛད་པ་ཞིག་ཡོད། དེ་ལྟར་ཚེ་སྟོད་ལ་རྒྱུན་དུ་དཔེ་ཆར་བལྟས་ཏེ་སློབ་གཉེར་ལ་འབད་དགོས་པར་མ་ཟད། ཚེ་སྨད་ལ་ཡང་དེ་ལྟར་འབད་པ་དང། ལྷག་པར་འཆི་ཁར་སློབ་གཉེར་གྱི་བག་ཆགས་དང་འགྲོགས་ནས་ཕྱི་མར་འགྲོ་ཐུབ་པ་ཤིན་ཏུ་གལ་ཆེ་སྟེ། ཡབ་རྗེ་སྐལ་ལྡན་རས་པས། ངས་ལོ་བཅུ་གཅིག་བཅུ་གཉིས་ནས་བཟུང་བདུན་ཅུའི་བར་ལོ་དྲུག་ཅུའི་རིང་ལ་སློབ་གཉེར་དང་མ་བྲལ་བར་བྱས་པས་ད་བཟོད་རྒྱལ་བའི་གསུང་རབ་ཀྱི་དོན་གོ་བ་ཞིག་བྱུང། ཚེ་སྟོད་ལ་སློབ་གཉེར་བྱས་པ་གཅིག་བུས་མི་ཆོག་ཚེ་སྨད་ལ་ཡང་དགོས་པ་ཡིན། ལྷག་པར་འཆི་ཁར་སློབ་གཉེར་གྱི་བག་ཆགས་དང་འགྲོགས་ནས་སོང་ན་ཕྱི་མའི་སློབ་གཉེར་དང་བསྲེ་ཐུབ་པ་འབྱུང། ཞེས་དང་། ས་སྐྱའི་ལེགས་བཤད་ལས་ཀྱང། བླུན་པོ་སློབ་པ་ངོ་མཚར་འཛིན། །མཁས་རྣམས་མ་བསླབ་ངོ་མཚར་འཛིན། །དེས་ན་མཁས་རྣམས་རྒས་གྱུར་ཀྱང། །ཕྱི་མའི་དོན་དུ་རིག་པ་སློབ། །ཤེས་རབ་མེད་པའི་རྒྱུ་མཚན་གྱིས། །བླུན་པོ་ཡོན་ཏན་མི་སློབ་ལོ། །བརྟགས་ན་ཤེས་རབ་མེད་ཉིད་ཀྱིས། །བླུན་པོས་འབད་པ་ལྷག་པར་དགོས། །སྐྱེ་བ་སྔ་མར་མ་བསླབས་པས། །ཚེ་འདིར་བླུན་པོར་མཐོང་ནས་ནི། །ཕྱི་མར་བླུན་པོར་སྐྱེ་དོགས་པས། །ཚེ་འདིར་དཀའ་ཡང་འབད་དེ་མཉན། །བསྒོམ་ན་ཐོས་པ་མི་དགོས་ཞེས། །བླུན་པོ་བློ་རྒྱ་ཆུང་ངུ་སྨྲ། །ཐོས་པ་མེད་པར་བསྒོམ་པ་ཙམ། །འབད་ཀྱང་དུད་འགྲོའི་སྒྲུབ་ཐབས་ཡིན། །རྒྱུ་འབྲས་བསླུ་བ་མེད་པ་འདི། །ཐམས་ཅད་མཁྱེན་པའི་ཁྱད་ཆོས་ཡིན། །མ་བསླབས་པ་ལ་ཀུན་མཁྱེན་དུ། །འགྲོ་ན་རྒྱུ་འབྲས་ག་ལ་བདེན། །ཞེས་དང། འཇམ་དབྱངས་ཁ་ཆེ་པཎ་ཆེན་གྱིས། ཀུན་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པ་ལ། །རྒྱ་ཆེན་ཤེས་བྱ་ཀུན་ལ་མཁས་པར་འཚལ། །ལུང་རིགས་ཉན་བཤད་སློབ་གཉེར་འགོག་པ་རྣམས། །ཆོས་སྤོང་སྡིག་པ་མ་གསོག་སྙིང་བཏམ་ཡིན། །ཞེས་དང། མགོན་པོ་ཀླུ་སྒྲུབ་ཀྱིས་ཀྱང། །སྐྲ་དཀར་གཉེར་མ་ལྷགས་དུས་སུའང། །ཐོས་པ་མང་དུ་བསག་བྱ་སྟེ། །གང་དུ་ཐོས་མང་འགྲོ་གྱུར་བ། །དེར་ནི་ཕུང་བོ་འགྲོ་མི་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །

དེ་ཡང་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ཡོངས་སུ་རྫོགས་པ་ལ་ཐོས་པ་རྒྱ་ཆེན་པོ་ཞིག་བྱེད་པ་ལ། བཤད་གྲྭ་ཆེན་པོ་ཞིག་གི་ཆོས་སྒོར་ཞུགས་ཏེ་ཚོགས་ཆོས་གྲྭ་རྒྱུན་དུ་འགྲིམས་ནས་ཡོངས་སུ་རྫོགས་པའི་དགེ་བའི་བཤེས་གཉེན་ཆེན་པོ་ཞིག་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ཏེ་སྦྱངས་པ་མཐའ་ཆོད་པ་ཞིག་བྱེད་དགོས། དེ་ལ་ཐོག་མར་བསྡུས་སྦྱོར་གྱི་རིགས་པ་ལ་ཕུ་ཐག་ཆོད་པ་ཞིག་སྦྱང་དགོས་ཏེ། དེ་ལ་སྦྱངས་ན་གཞུང་རབ་འབྱམས་ལ་དཔྱོད་པའི་སྒོ་འབྱེད་ཅིང། གཞུང་དོན་ཕྲ་མོ་ནས་མ་འདྲེས་པར་དཔྱིས་ཕྱིན་པར་རིགས་ལམ་ནས་དྲངས་ཏེ་གོ་བ་ནི། ཕྲ་ཞིང་མཛངས་ལ་ཞིབ་པའི་བློ་གྲོས་ཀྱིས། །རིགས་པའི་རྗེས་འབྲངས་རྒྱལ་བའི་གསུང་རབ་དོན། །མ་ལུས་ཁོང་དུ་ཆུད་ནས། ཞེས་གསུངས་པའི་ཕྱིར། དེ་སྐད་དུ་ཡང་ཡབ་རྗེ་སྐལ་ལྡན་རྒྱ་མཚོས། དཔལ་མཚན་ཉིད་གྲྭ་ཚང་ཐམས་ཅད་དུ། །ལུང་རིགས་པར་སྦྱངས་པའི་ཕྱག་སྲོལ་གནས། །དེ་སངས་རྒྱས་བསྟན་པའི་གཞི་མར་སྣང། །སྒོས་བདག་གི་གྲྭ་ཚང་འདི་ཉིད་དུ། །བློ་རིགས་པའི་སྒོ་འབྱེད་བསྡུས་སྦྱོར་ལ། །དུས་ཡུན་རིང་སྦྱོང་བའི་སྲོལ་ཡང་བཙུགས། །དེའི་དབང་གིས་རྗེས་འཇུག་བུ་སློབ་རྣམས། །གཞུང་དཀའ་གནད་རིགས་པའི་ལམ་ནས་འདྲེན། །ཁོང་མཁས་པའི་ཚོགས་ཀྱིས་ཕྱོགས་འདི་ཁྱབ། །ཅེས་གསུངས་པའི་ཕྱིར་དང། རིགས་ལམ་མ་བྱང་ན་གཞུང་ཆེན་མོའི་དཀའ་གནད་རྣམས་ཞིབ་མོ་མ་ནོར་བ་ཞིག་གོ་དཀའ་སྟེ། ཕྲ་ཞིང་མཛངས་ལ་ཞིབ་པའི་རྣམ་དཔྱོད་ཀྱིས། །ཐུབ་པའི་གསུང་གི་དཀའ་བའི་གནད་དག་ལ། །རིགས་པའི་ལམ་ནས་སྒྲོ་འདོགས་མ་ཆོད་ན། །འདི་དོན་འདི་ཞེས་སྨྲ་བའང་ཤབ་ཤོབ་ཡིན། །ཞེས་དང། བློ་རིགས་པའི་སྒོ་འབྱེད་བསྡུས་སྦྱོར་དང། །གཞུང་ཆེན་མོའི་སྤྱི་ཐལ་ཊཱིཀྐ་སོགས། །དུས་ཁོར་ཡུག་ལྟ་ཞིང་འཛིན་པ་དང། །སྒོས་ཕྲ་ཞིང་མཛངས་པའི་རིགས་ལམ་ནས། དོན་ཟབ་མོ་འཚོལ་བའི་ཐབས་ལ་འབོད། །ཅེས་དང། ཞང་སྟོན་བསྟན་པ་རྒྱ་མཚོས་ཀྱང། སློབ་གཉེར་བྱེད་པ་ལ་ཐོག་མར་དཔེ་ཆ་བློ་ལ་འཛིན་དགོས། དེའི་ཐོག་ནས་དཔེ་ཁྲིད་ཞུས་ཏེ། ཚིག་རིས་ཙམ་ངེས་པར་བྱས་ཏེ། གཤར་སྦྱངས་ལ་འབད་ནས་སེམས་ལ་ཞག་འགྲོ་བ་ཤིན་ཏུ་གལ་ཆེ། དེ་ནས་རྟགས་གསལ་ཁ་གསལ་ཞིང་ཚིག་ཉུང་བ་སློབ་དགོས། དང་བོ་ཧ་ཅང་གོ་བ་བྱས་ན་མི་བཟང། རིགས་པས་མཐའ་ཆོད་པ་གལ་ཆེ། ཚིག་འཁྲི་དང་ཁྱབ་མཐའ་ལྐོག་འཁྱོག་རྣམ་པ་སྣ་ཚོགས་ལ་སྦྱངས་ན་ཤེས་རབ་ཇེ་གསལ་དུ་འགྲོ། དེ་སོང་ན་རྩོད་པ་ཇེ་བཟང་དུ་འགྲོ། དེའི་རྗེས་སུ་རྩ་བ་དང་འགྲེལ་བ་སྦྱར་ནས་གཞུང་ཆེན་ལ་སྦྱངས་ན་གོ་བ་ཇེ་བཟང་དུ་འགྲོ། དེ་ལྟར་མ་བྱས་པར་ཐོག་མ་རང་ནས་གཞུང་དོན་གོ་མི་ཐུབ་པས་གོ་རིམ་འདི་ལྟར་བྱེད་པ་གལ་ཆེ་བའི་གཙོ་བོ་ལགས། དེ་ཡང་ཟླ་བ་རེ་གཉིས་དང་ལོ་རེ་གཉིས་ཙམ་ལ་སློབ་གཉེར་བྱས་པས་མཐའ་མི་ཆོད་པ་ཚེ་གང་བོར་འབད་ན་མི་ལུས་ཐོབ་པའི་གོ་བཅད། གྲྭ་སར་ཞུགས་པ་ལ་དོན་དང་དགོས་པ་བྱུང་བ་ཡིན། དམ་པ་གོང་མའི་བསླབ་བྱ་ཤིན་ཏུ་མང་བས་འདིར་སྙིང་བོ་བསྡུས་ནས་གྲྭ་ས་ཆེན་པོའི་མིག་ལྟོས་ལྟར་བྲིས་པ་ཡིན།

 འདི་ལྟར་བྱས་ན་སློབ་གཉེར་ཡོང་ཐག་ཆོད་ཡིན་པས་དེ་ལུགས་ཐུགས་ལ་ཟུངས། ཞེས་གསུངས་པ་ཡང་ཤིན་ཏུ་གནད་ཆེ་ཞིང། རྣམ་འདྲེན་བླ་མ་སྐལ་ལྡན་རྒྱ་མཚོས་ཀྱང། བསྡུས་གྲྭའི་རྩ་ཚིག་ལས་འདི་ལྟར་གསུངས་ཏེ། གང་ཞིག་བསྡུས་སྦྱོར་གྲུ་ཆེན་ནས། །གཞུང་བཟང་ནོར་བུའི་གླིང་བགྲོད་ལ། །ཐབས་འདི་སྐྱ་བ་ལྟར་བཅེས་པས། །དེད་དཔོན་བདག་གིས་སྦྱིན་པར་བྱ། །ཞེས་དང། འདི་འདྲའི་ཕྲ་མཛངས་རིགས་པ་ལ། །ཡུལ་དུས་དབང་གིས་སྦྱང་མཁན་དཀོན། །འོན་ཀྱང་ཁོ་བོའི་རྗེས་འཇུག་རྣམས། །ཕྱོགས་རེས་མ་ཚིམས་ཀུན་ལ་སྦྱོངས། །ཞེས་དང། འཇམ་དབྱངས་ཚུལ་ཁྲིམས་ཆོས་འཕེལ་དང། །རིགས་བདག་བློ་གྲོས་རྣམ་རྒྱལ་གྱིས། །བདག་བློའི་རིགས་པའི་སྒོ་ཕྱེ་བས། །སྐལ་ལྡན་རྒྱ་མཚོས་ཆོས་འདི་བརྩམས། །དགེ་བས་རིགས་ལམ་རྒྱས་གྱུར་ཅིག། །ཅེས་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་དོན་གྱི་ནོར་བུ་ལོན་པ་ལ་རིགས་པའི་ལམ་ལ་བློ་གྲོས་ཀྱི་སྣང་བ་རྒྱས་པར་ཤིན་ཏུ་གལ་ཆེ་བར་གསུངས་པ་དང། དེའི་རྒྱུ་མཚན་གྱིས་ཡབ་རྗེ་རང་ཉིད་ཀྱིས་བསྡུས་གྲྭའི་རྩ་ཚིག་བརྩམས་པའི་དགེ་བ་ཡང་རིགས་ལམ་ལ་བློ་རྒྱས་པའི་ཆེད་དུ་བསྔོ་བར་མཛད་པ་ཡིན་ནོ། །

 དེ་ལྟར་ན་མདོ་སྔགས་རིག་གནས་ཀྱི་གཞུང་རྒྱ་ཆེན་པོ་མང་དུ་ཐོས་པ་བཙལ་བར་འདོད་པའི་བློ་གསལ་རྣམས་ཀྱིས་ཐོག་མར་བསྡུས་སྦྱོར་གྱི་རིགས་པ་ལ་བྱང་ཞིང་ཆུབ་པ་ཞིག་བྱས། དེ་ནས་བཀའ་པོད་ཆེན་པོ་ལྔ་ལ་ཕུ་ཐག་ཆོད་པ་ཞིག་སྦྱངས། དེ་ནས་རྒྱུད་སྡེ་བཞི་ལ་ཡང་མཐའ་ཆོད་པ་ཞིག་ལེགས་པར་སྦྱངས། དེ་ནས་ཇི་སྐད་དུ། རྗེ་ཐམས་ཅད་མཁྱེན་པས། གཞུང་ལུགས་ཆེ་ལ་ལོ་མང་སྦྱངས་པ་ཡི། །གྲོགས་དག་རང་གི་ནོར་བུ་རིན་པོ་ཆེ། །དོར་ནས་གཞན་གྱི་མཆིང་བུ་མ་ལེན་པར། །རང་ལ་རིན་ཆེན་ཡོད་པ་མཁྱེན་པར་མཛོད། །ཁྱེད་ཀྱིས་སྦྱངས་པའི་གཞུང་ལས་གདམས་པའི་དོན། །ལོགས་སུ་མེད་པར་གཟིགས་ནས་ཐུབ་དབང་གིས། །མང་དུ་ཐོས་པ་ནགས་ན་བདེའོ་ཞེས། །གསུངས་པ་དེ་ཡི་དོན་ལའང་དཔྱོད་པར་རིགས། །ཞེས་གསུངས་པ་ལྟར་རང་གི་ཚེ་གང་བོར་སློབ་གཉེར་བྱས་པའི་རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པའི་གཞུང་ཆེན་པོ་དེ་དག་གདམས་ངག་ཏུ་གོ་ནས་ལག་དཔེ་ཆ་དང་མ་བྲལ་བ། མིག་དཔེ་ཆ་ལྟ་བ་དང་མ་བྲལ་བ། སེམས་དེ་ལ་དཔྱོད་པ་དང་མ་བྲལ་བའི་ངང་ནས་ཤི་ཐུབ་པ་ཞིག་བྱུང་ན་དལ་བའི་རྟེན་ལ་སྙིང་པོ་ལོན་པ་ཡིན་ནོ།། འདི་ལྟར་བཤད་པ་ལ་བརྟེན་ནས་རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ལ་ཐོས་བསམ་རྣམ་པར་དག་པ་བྱེད་པའི་བློ་གསལ་དོན་གཉེར་ཅན་རྣམས་ཀྱིས་ས་སྟེང་ཁྱབ་པར་གྱུར་ཅིག།།

ཅེས་པ་འདི་ནི་རོང་བོའི་བླ་རྒན་དགེ་འདུན་བསྟན་འཛིན་གྱིས་རང་ལོ་དོན་བརྒྱད་པ་རབ་རྒྱན་བགྲང་བྱ་བཅུ་གཅིག་པ་མེ་གླང་ལོར་བྲིས་པའོ།། །།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།