ཀྲུང་གོ་བོད་ཀྱི་དྲ་བ།

​རྟགས་འཇུག་གི་དགོངས་པ་དང་བསྟུན་དགོས་ཉ་ཉུང་མཉམ་བསྲེ་མ་བྱེད།

ཡོང་ཁུངས། : 《ཀྲུང་གོའི་བོད་རིག་པ》2018ལོའི་དེབ་གཉིས་པ།   རྩོམ་པ་པོ། : དཔའ་རིས་སངས་རྒྱས།   སྤེལ་དུས། : 2023-01-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

[ནང་དོན་གནད་བསྡུས།] སློབ་དཔོན་ཐོན་མི་མཆོག་གིས་བསྐྲུན་པའི་རྟགས་ཀྱི་འཇུག་པ་ནི། སྒྲ་རིག་པའི་རྩ་བ་ཞིག་ཡིན། དེ་ལས་གསུངས་པའི་མིང་མཐའ་རྟགས་མཚུངས་དྲང་བ་(ཞར་བྱུང་སྒྲ་མཚུངས་དྲང་བ་)ནི། མིང་དང་ཚིག་གི་སྦྱོར་བ་རྣམས་བརྗོད་པ་བདེ་ཞིང་། ངག་སྙན་པར་བྱེད་པའི་ཚད་མ་རིག་པ་ཞིག་ཡིན་པ། ཕྲད་གཞན་དབང་ཅན་རྣམས་ཀྱི་ཐོབ་ཐང་ལས་ཀྱང་གསལ་མོད། དེས་ན་རྗེས་འཇུག་མོ་ཡིག་ང་འ་དག་ལ་མིང་མཐའ་ཕོ་ཡིག་པ་པོ་དྲངས་ན། སྐྱེ་གནས་བར་ཐག་ཤིན་ཏུ་རིང་བ་དང་། སྒྲ་དྲག་ཞན་གྱི་ཁྱད་པར་ཆེ་བས། སྡེབ་སྦྱོར་དང་འགལ་བའི་སྐྱོན་ཡིན་པས། མེད་པར་གཏང་བ་དགའོ།།

[བརྡ་ཆད་གཙོ་བོ།]ཁང་བ-ཁང་པ། ལྔ་བོ-ལྔ་པོ། སུམ་ཅུ་བ-སུམ་ཅུ་པ། ཡོད་པ་བོ-ཡོད་པ་པོ།

【རྩོམ་པ་པོ་ངོ་སྤྲོད།】དཔའ་རིས་སངས་རྒྱས། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེ་མོ་བ་ཡིན།

གངས་ཅན་མཁས་པའི་གཙུག་རྒྱན་ཀུན་ཏུ་བཟང་བོ་ལ་ཕྱག་འཚལ་ལོ།།

བོད་དུ་འཁྲུངས་པའི་མཁས་དབང་དང་པོ་མཆོག།

ཐོན་མི་སམ་བྷོ་ཊ་ཞེས་གྲགས་པ་ཡིས།།

བོད་ཡིག་གསར་དུ་བསྐྲུན་པའི་སྐུ་དྲིན་གྱིས།།

མ་རིག་མུན་པ་སེལ་བའི་ཉིན་བྱེད་ཤར།།

སུམ་རྟགས་ལུང་དུ་བསྟན་པའི་སྐུ་དྲིན་གྱིས།།

ལྔ་རིག་དཔག་བསམ་རྒྱས་པའི་རྒྱུ་རྐྱེན་འཛོམས།།

ལོ་ཙཱའི་ལམ་ནས་ཐུབ་བསྟན་བོད་ལ་དྲངས།།

དགེ་བཅུ་ཁྲིམས་ཀྱིས་རྒྱུ་འབྲས་ལེགས་པར་སྲུང་།།

མི་ཆོས་གཙང་མས་སྤྱི་ཚོགས་མཛའ་མཐུན་བྱུང་།།

ཁོང་གི་མཛད་པ་ཆེན་པོ་མི་དྲན་སུ།།

དྲན་པའི་མཆོག་ནི་ཁོང་གི་ཡོན་ཏན་རྣམས།།

རང་གི་རྒྱུད་ལ་གཟུངས་སུ་འདེབས་པ་དང་།།

ཁོང་གི་དགོངས་པའི་དར་ཆ་རླབས་པོ་ཆེ།།

མཐོན་པོར་དྲངས་ནས་གཞུག་མར་ལེགས་ཚོགས་སྐྲུན།།

དང་བོ།  རྟགས་འཇུག་གི་ཆེ་བ་བརྗོད་པ། 

སློབ་དཔོན་ཐོན་མི་མཆོག་གིས་ལུང་བསྟན་པའི་རྟགས་ཀྱི་འཇུག་པ་ནི།      ཡི་གེ་དང་མིང་ཚིག་བརྗོད་པ་ཀུན་གྱི་སྡེབ་སྦྱོར་ཏེ།     ངག་སྙན་པར་བྱེད་པའི་རོལ་མོ་འཕྲུལ་དང་ལྡན་པ་ཞིག་ཡིན།   

རྟགས་འཇུག་གི་གཞུང་དེ་ལས་དོན་ཆེན་གཉིས་བསྟན་ཡོད་དེ།    གཅིག་ནི།     ཡི་གེའི་དག་ཆ་ནི་སྒྲ་གདངས་ཕོ་མོ་མ་ནིང་ལ་རག་ལས།   ཅིག་ཤོས་ནི་ཚིག་གི་དག་ཆ་བདག་གཞན་བྱ་བྱེད་ལས་གསུམ་ལ་རག་ལས།    མིང་དང་ཚིག་གི་སྦྱོར་བ་ལ་དག་ཆ་ཐོན་ན།   འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་འགྲོའོ།།   

རིགས་ལམ་ཕྲ་མོ་རྣམ་པར་ཕྱེད་པའི་རྣམ་དཔྱོད་ཆེ་ཞིང་།   ཕྱི་ཐག་རིང་དུ་མཐོང་བའི་སྔོན་ཤེས་ལྡན་པའི་སློབ་དཔོན་ཐོན་མི་ཁོང་གིས་རྟགས་འཇུག་གི་གཞུང་འདི་བསྐྲུན་པ་ལ།   ཁེབས་རྒྱ་ཉི་མའི་འོད་ལྟར་ཁྱབ།    ཞིབ་ཆ་ཀུ་ཤའི་རྩེ་ལྟར་ཕྲ།   སྒྲའི་ཞིབ་ཆ་མི་འདྲ་བ།    ཕོ་མོ་མ་ནིང་གི་རྣམ་པར་ཕྱེ་སྟེ།   ཐ་སྙད་བྱེ་བྲག་པ་གྲངས་ཀྱིས་མི་ལོང་པ་གྲུབ་ནས།    ཚིག་རྗོད་ཚུལ་ལ་མཁས་པའི་ངག་གི་དཔལ་ཤར་བ་ལས།     གཅིག་ཏུ།   བོད་སྐད་ཕུན་སུམ་ཚོགས་པ་ཡིན་ཚུལ་ངེས་པར་བསྟན་པ།   གཉིས་སུ།   མིང་དང་ཚིག་གི་སྦྱར་སྲོལ་ཞིབ་ཏུ་བསྟན་པ།   གསུམ་དུ།   ཚིག་ཉུང་ལ་དོན་རྒྱས་པའི་རྩོམ་རྩལ་བསྟན་པ།    བསྟན་པ་གསུམ་གྱིས་ཕྱུག་པའི་སྒྲ་རིག་པའི་བསྟན་བཅོས་འདི་ལྟ་བུ་ཞིག    སྤྱི་ལོའི་དུས་རབས་བདུན་པའི་སྟོད་ཀྱི་ཆ་སྟེ།   དེ་འདྲ་སྔ་མོ་ཞིག་ནས་བྱུང་བ།    འཇིག་རྟེན་ཁམས་ནའང་ཤིན་ཏུ་དཀོན་ནོ།།    ངོ་མཚར་ཆེའོ།། 

རྟགས་འཇུག་གི་གཞུང་འཁྲུངས་པ་ཧ་ཅང་སྔ་བས།    ད་རྒས་ནས་བཀོལ་ས་མེད་སོང་སྙམ་དུ་མ་བསམ།   ཚད་མས་གྲུབ་པའི་གཞུང་འདིའི་ལང་ཚོའི་དཔལ་ནི།   ཇི་སྲིད་བར་དུ་ཉམས་པ་མེད་པས།   སྒྲ་རིག་པར་མཁས་འདོད་རྣམ་པའི་གཞུང་འདི་དཔྱིས་ཕྱིན་པར་སྦྱང་བ་གལ་ཆེ།    དེང་གི་སྐྱེ་བོ་ཕལ་གྱི་བརྩམས་ཆོས་ལ་བལྟས་ན།   མིང་དང་ཚིག་གི་སྦྱོར་བ་ལས།    དག་ཆ་མ་ཐོན་ས་མང་དུ་མཐོང་ངོ་།།    དེ་ལ་རྒྱུ་མཚན་དུ་མ་ཡོད་ཀྱང་།   གཙོ་བོ་རྟགས་འཇུག་གི་དགོངས་དོན་ཟབ་མོ་མ་རྟོགས་པའི་སྐྱོན་རེད།   སྐབས་འདིར་གལ་བོ་ཆེ་ལ་ནན་ཏན་ཞིག་བྱ་བ་གཤམ་གསལ། 

 གཉིས་པ།  མིང་མཐའ་པ་པོ་དང་བ་བོ་ཉ་ཉུང་མཉམ་བསྲེ་མ་བྱེད།

འདོད་རྒྱལ་གྱི་མིང་གི་མིང་མཐའ་འདྲེན་ཚུལ་ལ།

རྟགས་འཇུག་གི་རྩ་བ་ལས།

ཕྱི་མ་དག་གི་འདྲེན་ཚུལ་ནི།།

ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་།།

མོ་ཡིས་མོ་ཡི་མིང་མཐའ་དྲང་།།

མ་ནིང་གིས་ནི་མ་ནིང་ངོ་།།

ཞེས་པ་གནད་ཆེ།     ཅུང་ཟད་བཀྲལ་ན།   རྗེས་འཇུག་གི་ཕོ་ཡིག་ག་ད་བ་ས་བཞི་བོས།   མིང་མཐའ་ཀ་ཅ་ཏ་པ་ཙ་དབྱངས་དང་ལྡན་མི་ལྡན་གང་འཚམ་རེ་དྲངས་པ།   ལྕགས་དང་ལྕགས་མཚམས་སྦྱར་བ་འདྲ།   རྗེས་འཇུག་གི་མོ་ཡིག་ང་མ་འ་གསུམ་གྱིས་མིང་མཐའ་མོ་ཡིག་ག་ང་ཇ་ཉ་ད་ན་བ་མ་ཛ་ཝ་ཞ་ཟ་འ་ཡ་ར་ལ་ཤ་ས་ཧ་དབྱངས་དང་ལྡན་མི་ལྡན་གང་འཚམ་རེ་དྲངས་པ།   རས་དང་རས་མཚམས་སྦྱར་པ་འདྲ།   རྗེས་འཇུག་མ་ནིང་ན་ར་ལ་གསུམ་གྱིས་མིང་མཐའ་མ་ནིང་ཁ་ཆ་ཐ་ཕ་ཚ་གང་འོས་དྲངས་པ།    ཤིང་དང་ཤིང་མཚམས་སྦྱར་བ་འདྲ་སྟེ།   བརྗོད་པ་བདེ་ཞིང་།   ངག་གི་སྙན་ཆ་ཐོན་པ་སྡེབ་སྦྱོར་གྱི་མཆོག་བྱིན་པ་ཡིན།    གཞན་ཡང་རྗེས་འཇུག་ན་མ་གཉིས་སྣ་སྒྲ་དང་ལྡན་ཞིང་།    དེ་གཉིས་དང་སྐྱེ་གནས་ཉེ་བའི་མིང་མཐའ་པ་དྲངས་པ་ནི་གནས་མཚུངས་འདྲེན་པའི་རིགས་ཏེ།    དེ་ཡང་བརྗོད་བདེ་འདྲེན་པ་ཡིན།    

དོ་བོ་གཡས་གཡོན་མཉམ་ན་བཀལ་པ་བདེ།།   མིང་མཐའ་རྟགས་མཚུངས་དྲངས་ན་བརྗོད་པ་བདེ།།   ཟེར་བའི་དོན་མ་གོ་བའི་རྩོམ་མཁན་རྣམ་པས་ཁང་བ་ལ་ཁང་པ།   དང་བོ་ལ་དང་པོ།   བཟང་བོ་ལ་བཟང་པོ།   ལྔ་བ་ལ་ལྔ་པ།   དགུ་བ་ལ་དགུ་པ།   ཡོད་པ་བོ་ལ་ཡོད་པ་པོ།   སུམ་ཅུ་བ་ལ་སུམ་ཅུ་པ་སོགས་སུ་བྲིས་པ།   རྗེས་འཇུག་མོ་ཡིག་ལ་མིང་མཐའ་ཕོ་ཡིག་དྲངས་པ།   རིས་དང་ལྕགས་མཚམས་སྦྱར་པ་འདྲ།    ཕན་ཚུན་བཞིན་ཆ་མེད་སོང་།    ངག་གི་སྙན་ཆ་ཤོར་སོང་།    ཡིན་ན་ཡང་།    ཁ་ཅིག་གིས་ལྟར་སྣང་ཙམ་པར་ཡང་དག་པར་བསམས་ནས།    དེ་འདྲའི་བརྗོད་པ་དབུས་སྐད་ཀྱི་ཁྱད་ཆོས་ཡིན་ཟེར་བར།    ཡིག་མཁན་མང་བོས་བདེན་པར་རློམ་ནས་མདོ་དབུས་ཐུན་མོང་དུ་གྲགས་པའི་རྒྱལ་བ་ལ་རྒྱལ་པ།    མཐོ་བ་ལ་མཐོ་པོ་ལྟར་བྲིས་པ་ཡང་བྱུང་།    ཤིང་པར་རྙིང་རྙིང་བའི་དཔར་མ་ལས།    རྩ་བ་སུམ་ཅུ་བ་ལས་བྱུང་བའི་དང་བོ།    བཅུ་བ།    བྱེད་པ་བོ་རྣམས།    དེང་གི་ཞན་པར་གསར་མ་ལས།    དང་པོ།    བཅུ་པ།    བྱེད་པ་པོ་ཞེས་སྦྱར་པ།    ཐོན་མིའི་སུམ་རྟགས་གཉིས་ཀྱི་མིང་མཐའ་འདྲེན་ཚུལ་ལོག་པར་སྦྱར་བའི་དཔེ་ཡོད་དམ།    སྒོས་སུ་བཀའ་བསྟན་གསར་དུ་དཔར་བ་ལས།    མིང་མཐའ་བ་བོའི་དོད་དུ་པ་པོ་བཅུག་པ་མང་དུ་མཐོང་ངོ་།།   

སྐྱོན་དེ་རིགས་སེལ་བའི་ཆེད་དུ།    སྔོན་བྱུང་མཁས་དབང་དག་གིས།    བ་ཕྱི་ཝ་རུ་གདོན་པར་བྱ་ཞེས་གསུངས།    དོན་ནི་པ་སྔ་མ་སྒྲ་དྲག་པར་འདོན་པ་དང་།    བ་(བྷ) ཕྱི་མ་སྒྲ་ཞན་པ་ཝ་(བ)རུ་གདོན་དགོས་ཟེར་བ་ཡིན།    ཆོས་བཟང་བོའི་དོན་མ་རྟོགས་པའི་ཁ་གཅུ་རྣམ་པས།    པ་ཕྱེད་ཝ་རུ་གདོན་པར་བྱ་ཞེས།    ལབ་བཟླས་ཙམ་ལས་དོན་མེད་པར་གྱུར་སོང་།    དག་ཡིག་ངག་སྒྲོན་དུ།   

མིང་མཐའ་པ་བའི་དབྱེ་བ་ནི།།       

ག་ད་བ་ས་ན་མ་པ།། 

ང་འ་ར་ལ་མཐའ་མེད་པ།།

ཞེས་གསལ་བར་བསྟན་ཀྱང་།    ལོ་རྒྱུས་ཀྱི་དབང་གིས།  (སློབ་གྲྭ་མེད་པ།    མཁས་པ་ཉུང་བ།    དཔེ་ཆ་དཀོན་པ།)   གོ་ཆེར་མ་ཆོད།      སྐབས་འདིར་གལ་བོ་ཆེ་ལ་ནན་ཏན་བྱ་རྒྱུ་ནི།    རྗེས་སོར་གནའ་དཔེ་དཔར་བ་ལ།    དེའི་ནང་གི་མིང་མཐའ་དང་།    ཐ་སྙད་གོ་དཀའ་བའམ་ཐེ་ཚོམ་ཅན་ནམ།    མ་དག་པར་བསམ་པ་རྣམས་ཞུ་དག་མ་མཛད།    དེ་བཞིན་བཞག་ན།     དཔྱད་རིན་ཡོད་དོ།།  

མ་རིག་མུན་པ་སེལ་བྱེད་སྒྲོན་མེ་སྦར་དགོས།།   མ་དག་རྒྱུན་འབྱམས་ཀྱི་བདར་ཤ་གཅོད་དགོས།།   བརྒྱ་བཤད་སྟོང་བཤད་ཡོས་ལ་ཡོང་རྒྱུ་རྩམ་པ།    བ་ཡིག་གི་ཀློག་ཚུལ་མི་འདྲ་ས།    ཨམ་སྐད་དུ་མ་མཆུ་ཡ་སོར་སྦྱར་ནས་(瓦)ལྟར་ཀློག་པ་དང་།    དབུས་སྐད་དུ་མཆུ་ཡོངས་སུ་སྦྱར་ནས་བྷ་ལྟར་ཀློག་པ་ཡིན།    མིང་མཐའ་རྟགས་མཚུངས་འདྲེན་པའི་ཁྱད་ཆོས་ནི།    སྒྲའི་སྐྱེ་གནས་གཅིག་པའམ་ཉེ་བ་དག    རླུང་ཤུགས་འདྲ་བའི་ཚུལ་གྱིས་ཀློག་པ་ཡིན།    ཕྲད་གཞན་དབང་ཅན་གྱི་ཐོབ་ཐང་རྣམས་དེ་ལྟར་མ་ཡིན་ནམ།    དེས་ན།    ཁང་བ་ལ་ཁང་པ་ཞེ་ན།    རྗེས་འཇུག་ངའི་སྐྱེ་གནས་མགྲིན་པ་དང་སྒྲ་ཞན་པ་ཡིན་ཞིང་།    མིང་མཐའ་པའི་སྐྱེ་གནས་མཆུ་དང་།    སྒྲ་དྲག་པར་ཀློག་པ་ལ།    འདི་གཉི་གའི་སྐྱེ་གནས་ཀྱི་བར་ཐག་ཧ་ཅང་རིང་ཞིང་།    སྒྲ་དྲག་ཞན་གྱི་ཁྱད་པར་ཧ་ཅང་ཆེ་བས།    བརྗོད་པ་བདེ་བར་ཡོང་བའི་དཔེ་མེད།    དེས་ན་དབུས་སྐད་དུ་ཁང་བ་ལ་ཁང་བྷ་ཞེས་ཀློག་པ་ལ།    ཉན་མཁན་གྱིས་སྒྲ་དྲག་ཞན་གྱི་དབྱེ་བ་མ་ཕྱེད་པའི་སྐྱོན་ཡིན།    རང་ཉིད་ཀྱི་ལྟ་བ་གཞན་དབང་གི་དེ་ཉིད་དང་འགལ་ན།    ཚུལ་དང་མི་མཐུན་པ་མིན་ནམ།

དབུས་སྐད་དུ་མིང་གཞི་བ་དང་།   མིང་མཐའ་བ་གཉིས་ཀ་བྷ་ལྟར་ཀློག་ཚུལ་འདྲ་བས།    བོད་ལ་པོད་དང་།    བུ་མོ་ལ་པུ་མོ་དང་།    བ་ལང་ལའང་པ་ལང་དང་།    རྒྱལ་བ་ལ་རྒྱལ་པ་ལྟར་ཀློག་པ་མ་ཡིན་ཏེ།    ཡི་གེར་བྲིས་ཁྱད་མེད་དོ།།

ཡུལ་སྐད་ཀྱི་ཁྱད་ཆོས་གཙོ་བོ་སྒྲའི་གྲགས་ཚུལ་མི་འདྲ།    ཨམ་སྐད་དུ།    ཐག་པ་ལ་ཐག་ཧྭ་(化)ཐེག་པ་ལ་ཐེག་ཧྭ་(化)ཐོག་པ་ལ་ཐོག་ཧྭ་(化)དང་།    ཐིག་པ་ལ་ཐིག་ཀྭ།(瓜)ཐུག་པ་ལ་ཐུག་ཀྭ་(瓜)ཞེས་གྲགས།    མགོ་ལོག་གི་སྐད་དུ་ཚེ་སྲོག་ལ་ཚེ་ཏྲོག    སྲིད་བྱུས་ལ་ཏྲིད་བྱུས།     སྐུ་སྲུང་ལ་སྐྲ་ཏྲུང་དུ་གྲགས།     དཔའ་རིས་སྐད་དུ་སྤང་རི་ལ་བསང་རི།    སྤར་བ་ལ་བསར་བ།    སྤུན་ཟླ་ལ་བསུན་རྫ་ཞེས་གྲགས་པ་ལྟ་བུ།    ཡི་གེར་བྲིས་ན་སྤྱི་སྐད་དང་ཁྱད་མེད་དོ།།    རང་ཡུལ་དུ་ཡུལ་སྐད་བཤད་ན་གོ་བདེ་ཡང་།    ཡུལ་སྐད་བཟང་ཞེས་ཨུ་ཚུགས་བྱས་དྲགས་ན།    ལུང་བ་རེ་རེ།    སྐད་ལུགས་རེ་རེ།    ཞེས་ལུང་བ་ཕན་ཚུན་བརྡ་མི་འཕྲོད་པར་གྱུར་ན།    མི་རིགས་གཅིག་ཀྱང་མི་རིགས་དུ་མར་གྱུར་བ་འདྲ།    སྤྱི་སྐད་ལ་གནོད་པ་མི་ཆེའམ།    སྔོན་བྱོན་མཁས་པ་རྣམ་པས་རྩོམ་དུ་ཡུལ་སྐད་མི་འབྲི་ཞེས་ནན་ཏན་མཛད་པ་གནད་ལ་ཐུག་ཡོད།    མི་རིགས་གཅིག་གི་སྐད་ཆ་བཤད་ལུགས་གཅིག་པར་གྱུར་ན།    བསམ་ཚུལ་འདོད་ཚུལ་ཕན་ཚུན་བརྗེ་རེས་བྱེད་པར་ཐོགས་པ་མེད་འགྲོ།    མི་ཐག་ཇེ་ཉེ།    སྣང་བ་ཇེ་མཐུན།    སྤུན་ཟླའི་འདུ་ཤེས་བཟུང་ནས།    མི་རིགས་རང་གི་ལེགས་ཚོགས་ལ་མཉམ་དུ་ལོག་ནས་འབད་རྩོལ་བྱེད་ཐུབ་བོ།     རྒྱ་མི་རིགས་ཀྱི་ཡུལ་སྐད་ལའང་ཁྱད་པར་ཤིན་ཏུ་ཆེ་མོད།    མི་རིགས་ཐུན་མོང་གི་བཤད་ལུགས་གཏན་ལ་ཕབ་པའི་ཚུན་ཆད།    རྒྱ་མིའི་བར་དུ་བརྡ་མི་འཕྲོད་པའི་དགག་ཆ་མེད་སོང་བ་མ་ཟད།    གྲངས་ཉུང་མི་རིགས་རྒྱ་སྐད་སློབ་པ་ལའང་ཕན་ཆེན་པོ་ཐོགས་སོང་།    ང་ཚོས་ཀྱང་ཡིག་སྐད་གཞི་བཟུང་ནས་ཡུལ་སྐད་ཀྱི་ཁྱད་པར་མེད་པར་གཏོང་ཐབས་བྱ་དགོས།

སྤྱིར་མིང་མཐའ་མི་གཅིག་པའི་དོན་མི་འདྲ་བ་བསྟན་པ་ཡིན་པས།    པ་པོ་དང་བ་བོ་གདམ་ང་མེད་པར་གང་རུང་སྦྱར་ན་མི་འགྲིག དཔེར་ན།    ཞིམ་པ་ཞེ་ན་ཁྱད་ཆོས་དང་།    ཞིམ་པོ་ཞེ་ན་དངོས་པོ་སྟོན།    བདག་པ་ཞེ་ན་བྱ་བ་དང་།    བདག་པོ་ཞེ་ན་དངོས་པོ་སྟོན།    རི་བ་ཞེ་ན་བྱ་བ་དང་།    རི་བོ་ཞེས་ན་དངོས་པོ་སྟོན།    ཆག་པ་ཞེ་ན་བྱ་བ་དང་།    ཆག་པོ་ཞེ་ན་དངོས་པོ་སྟོན།    ཕྱུག་པ་ཞེ་ན་ཁྱད་ཆོས་དང་།    ཕྱུག་པོ་ཞེ་ན་དངོས་པོ་སྟོན།    གསུམ་ཞེས་ན་བགྲང་གྲངས་དང་།    གསུམ་པ་ཞེས་ན་རིམ་གྲངས་ཡིན།    གསུམ་པོ་ཞེ་ན་བསྡོམས་གྲངས་དང་།    གསུམ་པ་བོ་ཞེ་ན་གནས་གྲངས་ཡིན་ནོ།།

སྨྲས་པ། 

        ཁེབས་རྒྱ་ཆོད་ན་ཕྱོགས་ལྷུང་མེད།

        ཞིབ་ཆ་གསལ་ན་ངེས་ཤེས་འདྲོངས།།

        ཚད་མར་གྲུབ་པའི་གཞུང་ལུགས་ནི།།

        གདམས་པར་ཤར་བའི་ཉམས་ལེན་ཡིན།།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།