སློབ་གསོ་སེམས་ཁམས་རིག་པའི་སྐོར་ཅུང་ཟད་གླེང་བ།

རང་རེའི་ལྗོངས་སུ་དུས་རབས་བརྒྱད་པའི་དུས་དཀྱིལ་ནས་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་དར་སྤེལ་བྱུང་བ་དང་ཆབས་ཅིག མཚན་ཉིད་རིག་པ་དང་། གསོ་བ་རིག་པ། སྐར་རྩིས་རིག་པ། སྐྱེ་དངོས་རིག་པ། རྫས་འགྱུར་རིག་པ། རྩོམ་འབྲིའི་རིག་པ། སློབ་གསོའི་རིག་པ་སོགས་ཆེད་འདོན་རིག་པའི་སྡེ་ཚན་མང་པོ་ཞིག་གོང་འཕེལ་བྱུང་བ་ནས1950ལོ་བར་དུས་ཡུན་ལོ་ངོ་ཆིག་སྟོང་བརྒྱ་དང་དགུ་བཅུ་ཙམ་གྱི་རིང་རང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཡུན་རིང་ཡོད་པའི་རྨང་གཞིའི་ཐོག1951ལོ་ནས་ད་བར་ཡུན་ཐུང་ལོ་ངོ་བཞི་བཅུ་ལྷག་ཙམ་གྱི་རིང་། ཀྲུང་གོ་གུང་ཁྲན་ཏང་གི་ཐད་ཀའི་འགོ་ཁྲིད་འོག་དང་། སྤུན་ཟླ་མི་རིགས་ཁག་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་དེང་རབས་རིག་གནས་ཚན་རིག་གི་སློབ་གསོའི་བྱ་བཞག་གོང་འཕེལ་ཆེན་པོ་བྱུང་སྟེ་བཟོ་ཞིང་འབྲོག་གསུམ་དང་དངོས་ཁམས། སྐྱེ་དངོས། རྫས་འགྱུར། གནམ་གཤིས། ས་གཤིས་སོགས་ཐོན་སྐྱེད་འཐབ་ཕྱོགས་ཁག་ལ་བྱས་རྗེས་གཟེངས་སུ་ཐོན་པ་འཇོག་པ་གནང་མཁན་བོད་མིའི་མི་རབས་དང་པོའི་ཆེད་ལས་མཁས་ཅན་བརྒྱ་ཕྲག་མང་པོ་གསོ་སྐྱོང་གནང་ཡོད།

འོན་ཀྱང་དེང་རབས་འཛམ་གླིང་ཡོངས་སུ་ཚན་རིག་ལག་རྩལ་གོང་འཕེལ་འགྲོ་བའི་མྱུར་ཚད་ཧ་ཅང་མགྱོགས་པའི་དབང་གིས་དཔལ་འབྱོར་འཕེལ་རྒྱས་ཀྱི་འགྲན་བསྡུར་མ་ལག་གསར་པ་ཞིག་ཆགས་བཞིན་ཡོད་པའི་ཐོག རང་རྒྱལ་གྱི་ནང་སའི་དཔལ་འབྱོར་འཕེལ་རྒྱས་འགྲོ་མགྱོགས་པའི་ས་ཁུལ་ཁག་དང་། སྤུན་ཟླ་གྲངས་ཉུང་མི་རིགས་གཞན་དག་རྣམས་ཀྱི་དཔལ་འབྱོར་འཕེལ་རྒྱས་བར་གྱི་བསྡུར་ཧེ་བག་ཇེ་ཆེར་འགྲོ་མུས་ཁར། རང་རེའི་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་ཚད་དེ་བོད་ཞི་བའི་བཅིངས་འགྲོལ་མ་ཐོབ་གོང་དང་བསྡུར་ན་བྱ་འཕུར་བ་ལྟ་བུའི་གོང་འཕེལ་ཆེན་པོ་བྱུང་ཡོད་ཀྱང་། ནང་སའི་ཞིང་ཆེན་ཁག་དང་བསྡུར་ཐུབ་རྒྱུ་ལྟ་ཞོག སྤུན་ཟླའི་རང་སྐྱོང་ལྗོངས་གཞན་དག་དང་བསྡུར་ན་ཡང་ཧ་ཅང་རྗེས་ལུས་ཐེབས་པའི་གྲས་སུ་བསྡད་ཡོད་པ་དང་ལོ་རེ་ལས་ལོ་རེ་རྗེས་ལུས་ཐེབས་ཆེ་རུ་འགྲོ་གི་ཡོད་པ་རེད། དེའི་འབྱུང་རྩ་བསྔོགས་ན་ཕྱི་ནང་གི་རྒྱུ་རྐྱེན་མང་པོ་ཞིག་ཡོད་མོད་ཀྱང་མཐར་གཏུགས་ནས་བཤད་ན། ཐོན་སྐྱེད་བྱེད་མཁན་གྱི་མིའི་སེམས་ཁམས་ཀྱི་སྤུས་ཚད་དང་། རིག་གནས་ཚན་རིག་གི་ཆུ་ཚད་དམའ་པོ་ཡིན་པ་དེར་ཐུག་ཡོད་ཅིང་། དེ་ཡང་ང་ཚོས་གཉེར་བའི་སློབ་གསོའི་ལས་དོན་དེ་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དགོས་མཁོ་དང་ཁ་བྲལ་བ་དང་། རང་མི་རིགས་ཀྱི་སྐད་ཡིག་དང་ཁ་བྲལ་བ་དེ་ལ་བརྟེན་ནས་བྱུང་བ་རེད། དེར་བརྟེན་ངས་སློབ་གསོ་སེམས་ཁམས་རིག་པ་དང་འབྲེལ་བ་ཡོད་པའི་གནད་དོན་གསུམ་གླེང་རྒྱུ་ཡིན།   

དང་པོ། མིའི་རིགས་ཀྱི་སེམས་ཁམས་སྤུས་ཚད་ནི་རིག་གནས་ཚན་རིག་གི་ཤེས་ཡོན་ཆུ་ཚད་ཐོན་སྐྱེད་གོང་འཕེལ་གཏོང་བའི་སྒུལ་ཤུགས་གཙོ་བོ་ཞིག་ཡིན་པའི་སྐོར།  

མིའི་རིགས་ཀྱི་དངོས་པོའི་འཚོ་བའི་ཐོན་སྐྱེད་བྱེད་མཁན་རྣམས་ལ་ཚད་མཐོའི་སེམས་ཁམས་ཀྱི་སྤུས་ཚད་དང་། ཚན་རིག་ཤེས་ཡོན་གྱི་ཆུ་ཚད་ལྡང་ངེས་ཞིག་དགོས་ཤིང་། དེ་འདྲའི་ནུས་རྩལ་ཡོད་པའི་མིས་དངོས་པོའི་འཚོ་བ་ཐོན་སྐྱེད་གོང་འཕེལ་གཏོང་རྒྱུའི་ཐད་ལ་བཏོན་པའི་ནུས་པ་ནི། སེམས་ཁམས་སྤུས་ཚད་དང་རིག་གནས་ཤེས་ཡོན་གྱི་ཆུ་ཚད་དམའ་པོ་ཡིན་པ་དང་གཏན་ནས་མི་འདྲ་བ་རེད། མིའི་རིགས་ཀྱི་སེམས་ཁམས་སྤུས་ཚད་ཟེར་བདེ་རང་བྱུང་ཁམས་ལ་ངོས་འཛིན་བྱེད་པའི་ནུས་པ་དང་རང་བྱུང་ཁམས་ཀྱི་ཚད་ཡོད་ནུས་པ་བེད་སྤྱོད་བྱེད་ཐུབ་པའི་འཇོན་ཐང་སྤྱི་ཚོགས་ཧྲིལ་པོའི་དཔལ་འབྱོར་གོང་འཕེལ་གཏོང་བའི་ཤེས་ཡོན་རང་ཉིད་ཀྱི་ཡ་རབས་སྤྱོད་བཟང་ལ་བརྟེན་ནས་སྤྱི་ཚོགས་ཡོངས་ལ་མིག་དཔེའི་ནུས་པ་འདོན་ཐུབ་པའི་བསམ་བློའི་གོ་རྟོགས་ཡོད་པ་བཅས་ལ་ཟེར་ཞིང་། ཤེས་ཡོན་དང་འཇོན་ཐང་དེ་འདྲ་ཡོད་པའི་མི་ནི་སྒྲིག་འཛུགས་ཡོད་པ་དང་། སྒྲིག་ཁྲིམས་ཡོད་པའི་སློབ་གྲྭ་ཞིག་གི་ནང་འཆར་གཞི་ཡོད་པའི་སློབ་གསོའི་ཐབས་ཤེས་ལ་བརྟེན་ནས་གསོ་སྐྱོང་བྱེད་དགོས་པ་མ་ཟད། དེ་ཡང་སློབ་གྲྭ་ཆུང་བ་ནས་བཟུང་རྨང་གཞི་ལེགས་པར་བཏིང་སྟེ་རིམ་བཞིན་ཡར་རྒྱས་དང་གོང་མཐོར་གཏོང་དགོས་པ་ཚང་མས་མཁྱེན་གསལ་ལྟར་རེད། གལ་ཏེ་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་རིག་གནས་སློབ་གསོའི་བྱ་གཞག་ཤུགས་ཆུང་དུ་བཏང་སྟེ་དངོས་པོའི་དཔལ་ཡོན་འཕེལ་རྒྱས་གཏོང་རྒྱུར་ཕྱོགས་རེ་བའི་ལྟ་ཚུལ་འཁྱེར་ནས་ནན་བཤད་བྱེད་དྲགས་པ་ཡིན་ན། དཔལ་འབྱོར་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག མགོ་བདེ་གླགས་འཚོལ་དང་། ཁྲིམས་འགལ་ལུགས་དཀྲུག སྤྱི་གནོད་སྒེར་ཕན་བཅས་བྱེད་པའི་བསམ་བློ་རྒྱ་ཇེ་ཆེ་དང་རྒྱུན་ཇེ་རིང་དུ་སོང་ནས་ཁྲིམས་ལུགས་ཐོག་ནས་འགོག་ཐབས་ཇི་ལྟར་བྱས་ཀྱང་ནུས་པ་ཐོན་མི་ཐུབ་པ་ཆགས་ངེས་ཡིན། དེར་བརྟེན་དངོས་པོའི་དཔལ་ཡོན་འཕེལ་རྒྱས་འགྲོ་བ་དེས་བསམ་པའི་དཔལ་ཡོན་ཡར་རྒྱས་འགྲོ་རྒྱུར་ཕན་པ་ཡོད་པའི་ཕྱོགས་དེ་མཐོང་དགོས་པ་མ་ཟད། དམ་འཛིན་བྱེད་ཕྱོགས་ནོར་ན་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་ཐུབ་པའི་སྐྱོན་ཆ་ཡང་མཐོང་དགོས་ཀྱི་རེད། རིག་གནས་སློབ་གསོའི་བྱ་གཞག་གིས་དངོས་པོའི་འཚོ་བ་ཐོན་སྐྱེད་བྱེད་མཁན་མི་རྣམས་ཀྱི་སེམས་ཁམས་སྤུས་ཚད་མཐོ་རུ་གཏོང་རྒྱུའི་ཐད་ལ་གལ་ཆེའི་ནུས་པ་འདོན་གྱི་ཡོད་པ་དེར་སྣང་ཆུང་བྱས་ན་རྒྱལ་ནང་གི་མི་འབོར་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག་མིའི་སྤུས་ཚད་ཇེ་ཞན་ཇེ་སྡུག་ཏུ་སོང་སྟེ་སྤྱི་ཚོགས་ཧྲིལ་པོ་བདེ་འཇགས་སུ་གནས་ཐབས་མེད་པ་ཆགས་ངེས་ཡིན། ཡ་གླིང་ཤར་རྒྱུད་དང་ཤར་ལྷོའི་རྒྱལ་ཁབ་ཆུང་གྲས་འགའ་ཞིག་གིས་རང་གི་མི་རིགས་དཔལ་འབྱོར་ཡར་རྒྱས་གཏོང་བ་དང་ཆབས་ཅིག་རིག་གནས་སློབ་གསོའི་ལས་དོན་དམ་འཛིན་ལེགས་པར་བྱས་པའི་དབང་གིས་རྒྱལ་ཁབ་དེ་ཆོའི་མི་མང་ཆེ་བའི་སེམས་ཁམས་སྤུས་ཚད་དང་། ཚན་རིག་ཤེས་ཡོན་གྱི་ཆུ་ཚད་ཧ་ཅང་མཐོ་པོར་སླེབས་ཏེ་དེང་སྐབས་འཛམ་གླིང་ཐོག་དཔལ་འབྱོར་འཕེལ་རྒྱས་ཀྱི་མིག་དཔེར་བཟུང་འོས་པའི་གྲས་སུ་ཚུད་ཡོད། གནས་ཚུལ་དངོས་ཡོད་དེ་དག་གི་ཐོག་ནས་རྒྱལ་ཁབ་ཀྱི་མི་དམངས་ཀྱི་བསམ་བློའི་འཁྱེར་སོ་དང་སེམས་ཁམས་ཀྱི་སྤུས་ཚད་དེས་དངོས་པོའི་འཚོ་བ་ཡར་རྒྱས་གཏོང་རྒྱུའི་ཐད་ལ་སྐུལ་མ་གཏོང་ཐུབ་པའི་སྒུལ་ཤུགས་ལྟ་བུའི་ནུས་པ་ཆེན་པོ་ཐོན་གྱི་ཡོད་པ་གསལ་བཤད་བྱུང་ཡོད། 

གཉིས་པ། བསམ་པའི་སྟོབས་ཤུགས་ཀྱིས་དངོས་པོའི་སྟོབས་ཤུགས་འཕེལ་རྒྱས་འགྲོ་བར་གལ་ཆེའི་ནུས་པ་ཐོན་ཐུབ་པའི་རྒྱུ་མཚན།   

མིའི་རིགས་ཀྱི་སྤྱི་ཚོགས་ཡར་རྒྱས་དང་། ཐོན་སྐྱེད་གོང་འཕེལ་འགྲོ་སྐབས་མི་རྣམས་ཀྱིས་རང་ཉིད་གནས་པའི་སྤྱི་ཚོགས་ཀྱི་དགེ་སྐྱོན་དང་རང་བྱུང་ཁམས་ཀྱི་ཆོས་ཉིད་ངོས་འཛིན་ཐུབ་པའི་ཆུ་ཚད་གོང་མཐོར་འགྲོ་བ་བརྒྱུད་ནས་རིམ་བཞིན་འཕེལ་རྒྱས་བྱུང་བ་ཞིག་ཡིན་པས་ལས་དངོས་པོའི་འཚོ་བ་གོང་འཕེལ་བྱུང་རྗེས་གཞི་ནས་སྤྱི་ཚོགས་ལམ་ལུགས་དང་། མིའི་བསམ་བློའི་ནུས་རྩལ་མཐོར་ཕྱིན་པ་དེ་འདྲ་མིན། སྐབས་འདིར་ངས་བཤད་པའི་བསམ་པའི་སྟོབས་ཤུགས་ཟེར་བ་དེ་ནི་མི་རྣམས་ཀྱི་བསམ་བློའི་ཐོག་གནས་པའི་འདུ་ཤེས་འཛིན་སྟངས་ཡོད་ཚད་ལ་ཟེར་བ་མིན། དེ་ནི་མི་རྣམས་ཀྱི་རང་བྱུང་ཁམས་ལ་ངོས་འཛིན་བྱེད་པའི་ཚན་རིག་ཤེས་ཡོན་གྱི་ཆུ་ཚད་དང་། རང་བྱུང་ཁམས་ཀྱི་དངོས་ཡོད་ནུས་པ་བེད་སྤྱོད་ལེགས་པོར་གཏོང་བ་དང་དུས་མཚུངས། ཚད་ཡོད་པའི་རང་བྱུང་ཁམས་ཀྱི་ནུས་པ་སྲུང་སྐྱོབ་བྱེད་པའི་འཇོན་ཐང་། ཡ་རབས་སྤྱོད་བཟང་གི་མིག་དཔེ་བཟང་པོ་བསྟན་ནས་སྤྱི་ཚོགས་ཧྲིལ་པོ་བདེ་འཇགས་སུ་བཀོད་ཐུབ་པའི་བསམ་བློའི་རྟོགས་ཡོད་པ་བཅས་ལ་ཟེར་བ་ཡིན། དེ་ལས་ལྡོག་སྟེ་སྤྱི་ཚོགས་ཐོག་རྒྱུན་འཇགས་སུ་གནས་པའི་བཀས་བཀོད་བརྒྱུད་འཛིན་གྱི་གོམས་གཤིས་སྣ་ཚོགས་དང་། མི་རིགས་གཉའ་གནོན་གྱི་བསམ་བློ། ས་གནས་དང་མི་རིགས་ཆོས་ལུགས་བཅས་ཀྱི་ཕྱོགས་རིས་བསམ་བློ། རྙིང་ཞེན་བག་ཁུམས་ཀྱི་བསམ་བློ་སོགས་སྤྱི་ཚོགས་ཡར་རྒྱས་སུ་འགྲོ་བར་འགོག་རྐྱེན་བྱེད་པའི་བསམ་བློ་སྣ་ཚོགས་ལ་སྟོབས་ཤུགས་ངེས་ཅན་ཞིག་ཡོད་ཅིང་། དེ་ཚོ་དངོས་པོའི་སྟོབས་ཤུགས་ལ་བརྟེན་ནས་མེད་པར་བཟོ་ཐུབ་པ་ཞིག་མ་ཡིན་པར་རྒྱུན་སྲོལ་རིག་གནས་ཀྱི་ལེགས་ཆ་དང་ཉིང་བཅུད་རྣམས་མུ་མཐུད་རྒྱུན་འཛིན་བྱེད་པའི་རྨང་གཞིའི་ཐོག་དེང་རབས་ཚན་རིག་གི་ཤེས་ཡོན་སློབ་གསོ་ཟུང་དུ་འབྲེལ་བའི་བྱ་ཐབས་ལ་བརྟེན་ནས་མི་རྣམས་ཀྱི་སེམས་ཁམས་སྤུས་ཚད་དང་། ཚན་རིག་ཤེས་ཡོན་གྱི་ཆུ་ཚད་མཐོ་རུ་གཏོང་ཐབས་བྱ་དགོས། ངས་འདིར་དེ་འདྲ་བཤད་པ་ནི་དངོས་པོའི་དཔལ་ཡོན་ཡར་རྒྱས་གཏོང་མི་དགོས་པ་དང་། རྒྱལ་ཁབ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་དང་། དཔལ་འབྱོར་འཕེལ་རྒྱས་གཏོང་མི་དགོས་ཞེས་བཤད་པ་མིན་ལ་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་མགྱོགས་དྲགས་པ་རེད་ཅེས་བཤད་པ་དེ་བས་ཀྱང་མིན། དེ་ལས་ལྡོག་སྟེ་རང་རྒྱལ་གྱི་རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་དེ་མི་འབོར་འཕར་ཚད་ཀྱི་རྗེས་ཟིན་ཐུབ་ཀྱི་མེད་པ་དང་དངོས་པོའི་འཚོ་བ་ཐོན་སྐྱེད་བྱེད་མཁན་མིའི་སེམས་ཁམས་སྤུས་ཚད་དང་རིག་གནས་ཆུ་ཚད་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོའི་རྗེས་ཟིན་ཐུབ་ཀྱི་མེད་པ་དེའི་རྒྱུ་མཚན་དང་འབྱུང་རྩ་ནི་ད་ཡོད་རིག་གནས་སློབ་གསོ་དེ་སྤྱི་ཚོགས་ཧྲིལ་པོའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་དགོས་མཁོ་དང་ཁ་བྲལ་བའི་ཐོག་རྒྱུན་སྲོལ་རིག་གནས་སློབ་གསོ་དེས་མི་ཡི་རིགས་ཀྱི་སེམས་ཁམས་སྤུས་ཚད་མཐོ་རུ་གཏོང་བར་ཕན་པ་ཡོད་པའི་དགེ་མཚན་གྱི་ཕྱོགས་དེ་ཡང་ཁས་མ་བླངས་པར་བརྟེན། དངོས་པོའི་འཚོ་བ་ཐོན་སྐྱེད་བྱེད་མཁན་དང་། འཚོ་བ་དེ་ལ་ལོངས་སུ་སྤྱོད་མཁན་གཉིས་ཀའི་སེམས་ཁམས་སྤུས་ཚད་དང་ཚན་རིག་ཤེས་ཡོན་གྱི་ཆུ་ཚད་གཉིས་ཀ་ཞན་པོ་ཆགས་ཏེ་རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་གྲུབ་འབྲས་རྣམས་ལྡོག་ཕྱོགས་སུ་ཕྱིན་ནས་སྤྱི་ཚོགས་བདེ་འཇགས་སུ་གནས་ཐབས་མེད་པ་ཆགས་ངེས་རེད་ཅེས་ནན་བཤད་བྱེད་ཀྱི་ཡོད། །

གསུམ་པ། མི་རྣམས་ཀྱི་སེམས་ཁམས་སྤུས་ཚད་དང་ཚན་རིག་ཤེས་ཡོན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་རིག་གནས་སློབ་གསོའི་ཁ་ཕྱོགས་དང་ཐབས་ཤེས་ཡང་དག་པ་ཞིག་ལ་བརྟེན་དགོས་པའི་སྐོར།  

སྤྱི་ཚོགས་ཧྲིལ་པོའི་ཐོན་སྐྱེད་ནུས་ཤུགས་གཙོ་བོ་ཡིན་པའི་མི་རྣམས་ཀྱི་སེམས་ཁམས་སྤུས་ཚད་དང་ཚན་རིག་ཤེས་ཡོན་ཀྱི་ནུས་རྩལ་དེ་བསམ་པའི་སྟོབས་ཤུགས་གལ་ཆེ་ཞིག་ཡིན་པར་བརྟེན། དེ་དངོས་པོའི་སྟོབས་ཤུགས་སུ་འགྱུར་ནས་སྤྱི་ཚོགས་ཡར་རྒྱས་དང་། འཚོ་བ་གོང་འཕེལ་བརྟན་ལྷིང་མཐུན་སྒྲིལ་བཅས་ཀྱི་ཐད་ལ་ཕན་འབྲས་ཆེན་པོ་ཐོན་ཐུབ་ཀྱི་ཡོད་ཅིང་དེ་ནི་རིག་གནས་སློབ་གསོའི་ཐབས་ཤེས་དང་ཁ་ཕྱོགས་ཡང་དག་པ་ཞིག་ལ་རག་ལུས་ཡོད་ལ་དེ་ཡང་སློབ་གསོ་བྱེད་ཡུལ་གྱི་མིས་གོ་བརྡ་ལེགས་པོ་འཕྲོད་ཐུབ་པའི་མི་རིགས་རང་རང་སོ་སོའི་སྐད་དང་ཡི་གེ་ལ་བརྟེན་ན་མ་གཏོགས། སློབ་གསོ་བྱ་ཡུལ་གྱི་མི་རིགས་སོ་སོའི་ཤེས་པའི་སྐད་ཡིག་དང་ཁ་བྲལ་ཏེ་མི་རིགས་གཞན་གྱི་སྐད་ཡིག་ལ་བརྟེན་ནས་སློབ་གསོ་གཉེར་བའི་འབྲས་བུར་ཐོག་མར་སྐད་ཡིག་གི་འགག་སྒོ་ནས་གྲོལ་མ་ཐུབ་པར་དུས་ཚོད་རིང་པོ་ཞིག་བརྒྱུད་དགོས་པའི་ཐོག སློབ་ཚན་ཁག་ཀྱང་འཛིན་གྲྭ་རིམ་པ་ཇི་ཙམ་མཐོ་རུ་ཕྱིན་པ་དེ་ཙམ་གྱིས་རྗེས་ལུས་ཐེབས་ཚད་ཆེ་རུ་སོང་སྟེ་མཐར་མིང་ཙམ་གྱི་ཐོག་ནས་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་ཐོན་པའི་ལག་ཁྱེར་བྱུང་ན་ཡང་ངོ་མའི་ཚད་གཞི་ལོན་པ་ཡོང་གི་མེད་པ་རེད། དེ་ནི་སློབ་གསོ་སེམས་ཁམས་རིག་པའི་ཐད་ནས་བཤད་ན་སེམས་ཁམས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་རྒྱབ་འགལ་བྱས་པ་ཞིག་རེད། དེ་ཡང་བོད་ཀྱི་སློབ་གསོ་སེམས་ཁམས་རིག་པའི་གཞུང་ལུགས་ཀྱི་ཆ་ཤས་ཞིག་ཡིན་པའི《ཡི་གེ་འཇུག་པའི་གནས་བརྒྱད》རྩ་འགྲེལ་དང་། ས་སྐྱ་པཎ་ཆེན་གྱིས་མཛད་པའི《མཁས་པ་འཇུག་སྒོའི་རྩ་འགྲེལ》གཉིས་ལས། སློབ་གསོ་རིག་པ་དང་འབྲེལ་ཡོད་སེམས་ཁམས་རིག་པ་མང་དུ་གསུངས་ཤིང་། ལྷག་པར་དུ《གནས་བརྒྱད་རྩ་འགྲེལ》ལས་(1)སྒྲ (2)སྐད། (3)བརྡ། (4)ཐ་སྙད། (5)མིང་། (6)མཚན་མ། (7)ཚིག (8)དོན། བཅས་སློབ་གསོ་སེམས་ཁམས་རིག་པའི་ནང་གི་ཐོག་མའི་གལ་ཆེ་བའི་དོན་ཚན་བརྒྱད་བཤད་ཡོད་པ་མ་ཟད། དེ་དག་ནང་ཕན་ཚུན་གྱི་འབྲེལ་བ་དང་། གོ་རིམ་ཀྱང་གཏིང་ཟབ་ཅིང་གནད་ལ་འཁེལ་བ་གསུངས་ཡོད་པས་འདིར་སྙིང་དོན་མདོར་བསྡུས་ཙམ་ངོ་སྤྲོད་བྱས་པ་འདི་ལྟ་སྟེ། 1. སློབ་གསོ་བྱེད་མཁན་གྱིས་བཤད་པའི་སྐད་ཆ་དང་། སློབ་དེབ་ཀྱི་དོན་ལ་གོ་བ་ཆགས་པར་བྱེད་པ་ལ་ཚོག་བློ་ལ་ངེས་དགོས་པ་ནི་དོན་དང་ཚིག་བར་གྱི་འབྲེལ་བ་ཡིན་ཅིང་། 2.ཚིག་བློ་ལ་ངེས་པར་བྱེད་པ་ལ་ཚིག་གི་གྲུབ་ཆ་མིང་མང་པོ་ཤེས་དགོས་པ་ནི་གཉིས་པ་ཚིག་དང་མིང་བར་གྱི་འབྲེལ་བ་ཡིན་པ་དང་། 3.ཚིག་གི་གྲུབ་ཆར་གྱུར་པའི་མིང་དེ་རྣམས་ཀྱང་རིག་མཐུན་པའི་མཚན་མའམ་ཁྱད་ཆོས་ལ་བརྟེན་ནས་སྤྱི་མིང་བྱུང་བ་དང་། རིགས་མི་མཐུན་པའི་མཚན་མའམ་ཁྱད་ཆོས་གཞིར་བཟུང་ནས་དངོས་པོ་བྱེ་བྲག་སོ་སོའི་མིང་བྱུང་ཞིང་། མཚན་མ་དེ་དག་བློ་ལ་འཆར་ནས་མིང་དང་དོན་གྱི་འབྲེལ་བ་སེམས་ལ་ངེས་ཐུབ་པ་ཡོང་བ་ནི་གསུམ་པ་མིང་དང་མཚན་མའི་བར་གྱི་འབྲེལ་བ་ཡིན་པ་དང་། 4.མིང་དང་དོན་གྱི་འབྲེལ་བ་ཆགས་ཟིན་རྗེས་དངོས་པོ་དེ་མཐོང་ཐོས་བྱུང་བ་དང་དུས་མཉམ་དུ་དེའི་མིང་སེམས་ལ་འཆར་ནས་འདི་དང་འདི་ཡིན་ནོ་སྙམ་པའི་འདུ་ཤེས་དང་ངོས་འཛིན་སྐྱེ་གི་ཡོད་པ་དེ་ནི་བཞི་པ་མིང་དང་ཐ་སྙད་བར་གྱི་འབྲེལ་བ་ཡིན་ཅིང་། 5.བསམ་བློའི་ཐོག་ངོས་འཛིན་དང་འདུ་ཤེས་དེ་འདྲ་ཡོང་བ་ལ། བརྡ་སྤྲོད་བྱེད་སློབ་དཔོན་མཁས་པ་ཞིག་གིས་སློབ་གསོ་བྱ་ཡུལ་རྣམས་ལ་དངོས་པོ་ངོ་མའམ་དེའི་འདྲ་གཟུགས་རི་མོར་བྲིས་པ་ཞིག་མིག་ལ་བསྟན་ནས་དངོས་པོ་དེའི་ངོ་བོ་དང་ཁྱད་ཆོས། ནུས་པ་སོགས་གོ་བརྡ་སྤྲད་དགོས་པ་ནི་ལྔ་པ་ཐ་སྙད་དང་བརྡ་བར་གྱི་འབྲེལ་བ་ཡིན་པ། 6.གོ་བརྡ་སྤྲོད་མཁན་གྱིས་སློབ་གསོ་བྱ་ཡུལ་ལ་གོ་བརྡ་ལེགས་པར་འཕྲོད་ཐུབ་དང་མི་ཐུབ་ནི་བརྡ་སྤྲོད་བྱེད་མཁན་སློབ་དཔོན་དེས་སློབ་གསོ་བྱ་ཡུལ་རྣམས་ལ་ཤོད་པའི་སྐད་ཆ་དེ་སློབ་གསོ་བྱ་ཡུལ་རེའི་ཡུལ་མི་རང་བཞིན་པའི་སྐད་ཞིག་ཡིན་ན་གོ་བརྡ་ལེགས་པར་འཕྲོད་ཐུབ་ཅིང་། དེ་འདྲ་མིན་ན་གོ་བརྡ་ལེགས་པར་འཕྲོད་ཐུབ་ཀྱི་མེད་པའམ་གོ་བརྡ་གཏན་ནས་འཕྲོད་ཐུབ་ཀྱི་མེད་པ་ནི་དྲུག་པ་བརྡ་དང་སྐད་ཆའི་བར་གྱི་འབྲེལ་བ་ཡིན། 7. བརྡ་སྤྲོད་བྱེད་མཁན་སློབ་དཔོན་གྱིས་སློབ་མ་རྣམས་ལ་གོ་བརྡ་སྤྲད་པའི་སྐད་ཆ་དེ་སྒྲ་གདངས་མཐོ་དམན་རན་པ་དང་། སྒྲ་ཚིག་གསལ་བ། དལ་བྲེལ་སྙོམས་པ་བཅས་བྱུང་ན་སློབ་མའི་སེམས་ལ་ངེས་སླ་བ། གོ་བདེ་བ། ཤེས་མགྱོགས་པ་བཅས་ཡོང་གི་ཡོད་པ་ནི་བདུན་པ་བརྡ་དང་སྐད་ཆའི་བར་གྱི་འབྲེལ་བ་ཡིན། 8.དེ་འདྲའི་སྐད་ཆ་ཡིག་ཐོག་ཏུ་བཀོད་པའི་སློབ་དེབ་གོ་རིམ་ལེགས་ཤིང་། དམའ་རིམ་ནས་མཐོ་རིམ་དུ་ཡར་རྒྱས་འགྲོ་བའི་མ་ལག་ཆ་ཚང་ཡོད་པ་ཞིག་བལྟ་ཀློག་བྱ་རྒྱུར་སྤྲོད་དགོས་པ་ནི་བརྒྱད་པ་སྐད་དང་ཡི་གེའི་བར་གྱི་འབྲེལ་བ་ཡིན་པ་བཅས་གསལ་བཤད་བྱས་ཡོད་པ་དེའི་ཐོག་ནས། སློབ་གསོ་བྱ་ཡུལ་གྱི་མིའི་སེམས་ཁམས་འཕེལ་རྒྱས་ཀྱི་ཁྱད་ཆོས་གསལ་པོར་མཐོང་ཐུབ་ཀྱི་ཡོད། དེར་བརྟེན་སློབ་གསོ་རིག་པའི་ནང་ནས་གནད་དོན་གལ་ཆེ་ཤོས་ནི་སློབ་གསོ་སེམས་ཁམས་རིག་པ་དང་། སློབ་གསོའི་སྐད་ཆ། སློབ་གསོའི་དཔེ་དེབ་བཅས་ཕྱོགས་གསུམ་གྱི་འབྲེལ་བར་ངེས་འཇོག་ཆ་ཚང་ཞིག་ཡོང་བ་བ་དགོས། སློབ་གསོ་བྱ་ཡུལ་མི་རིགས་རང་ཉིད་ཀྱི་སྐད་ལ་བརྟེན་ནས་རིག་གནས་ཤེས་ཡོན་གྱི་ཆུ་ཚད་མཐོ་ཙམ་སླེབས་སྐབས་སྐད་ཡིག་གཞན་དག་སྣེ་མང་ཙམ་ཤེས་ཐུབ་ན་ཕུན་སུམ་ཚོགས་ཤིང་། དེ་ལྟར་མ་བྱུང་ཡང་རྒྱལ་ནང་དང་རྒྱལ་སྤྱིར་སྤྱོད་སྒོ་ཆེ་བའི་རྒྱ་ཡི་སྐད་ཡིག་དང་། དབྱིན་ཇིའི་སྐད་ཡིག་གཉིས་ངེས་པར་དུ་རང་སྐྱ་ཕེར་བའི་ཤེས་ཚད་ཡོད་པ་བྱས་ཏེ་དེང་རབས་ཚན་རིག་དང་རིག་གནས་གསར་པའི་མཐོང་ཐོས་ཀྱི་ཤེས་རྒྱ་ཆེ་རུ་གཏོང་ཐུབ་པ་བྱ་རྒྱུ་ནི་ཧ་ཅང་གལ་གནད་ཆེན་པོ་ཡིན། གོང་དུ་ཞུས་པ་རྣམས་སློབ་གསོ་སེམས་ཁམས་རིག་པའི་གནད་དོན་ཐད་ཡུན་རིང་ཞིབ་འཇུག་དང་རང་ཉིད་ཀྱི་ཉམས་མྱོང་ཟུང་འབྲེལ་བྱས་པའི་ལྟ་ཚུལ་ཆ་ཤས་ཙམ་ཞིག་ཡིན་པས། སློབ་གསོ་རིག་པའི་མཁས་དབང་རྣམས་ཀྱིས་ལེགས་བཅོས་བཀའ་སློབ་དང་ཡོ་བསྲང་གི་སྐྱོན་བརྗོད་དགོངས་འཆར་ལྷུག་པོར་གནང་རོགས་ཞུ་རྒྱུ་ཡིན།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།