གསལ་བཤད་རྩོམ་ཡིག་གི་ཚད་གཞི་གླེང་བ། —— དམའ་གསུམ་སྐད་ཡིག་སློབ་དེབ་སྨད་ཆའི་སྡེ་ཚན་ལྔ་པ་གཞིར་བཟུང་བ།

[གནད་བཏུས] རྩོམ་འདིར་དམའ་འབྲིང་ལོ་རིམ་གསུམ་པའམ་ལོ་རིམ་དགུ་པའི་སྐད་ཡིག་སློབ་དེབ་སྨད་ཆའི་སྡེ་ཚན་ལྔ་པ་གསལ་བཤད་རྩོམ་ཡིག་ལ་བདམས་ཡོད་པའི་སློབ་ཚན《རྒྱལ་བློན་འབངས་ཀྱི་ཆས་གོས་དང་དར་ལྕོག་འཛུགས་སྲོལ》དང་། 《བསམ་ཡས་གཙུག་ལག་ཁང》གཉིས་དང་འབྲེལ་ནས་གསལ་བཤད་རྩོམ་ཡིག་ནི་ཇི་ལྟ་བུ་ཞིག་ཡིན་པའི་ཚད་གཞི་གླེང་བ་མ་ཟད། དོན་གྱིས་སློབ་ཚན་དེ་གཉིས་སོ་སོར་གང་ལ་གཏོགས་པའི་ཐད་ལ་རང་ངོས་ནས་ལྟ་ཚུལ་བཏོན་ཡོད།

[གནད་ཚིག] དམའ་གསུམ་སྐད་ཡིག་སློབ་དེབ་སྨད་ཆ། གསལ་བཤད་རྩོམ་ཡིག དབྱེ་ཞིབ། འཁྲུལ་སེལ།

ལྗོངས་ཞིང་ལྔས་མཉམ་བཀོལ་གྱི་དམའ་འབྲིང་ལོ་རིམ་གསུམ་པའམ་ལོ་རིམ་དགུ་པའི་སྐད་ཡིག་སྨད་ཆའི་སྡེ་ཚན་ལྔ་པ་ལ་དཔེ་གཞིའི་སློབ་ཚན་གསུམ་ཡོད་དེ། 《རྒྱལ་བློན་འབངས་ཀྱི་ཆས་གོས་དང་དར་ལྕོག་འཛུགས་སྲོལ》① 《བསམ་ཡས་གཙུག་ལག་ཁང》②《པེ་ཅིན་གྱི་མཆོད་རྟེན་རྩེ་ལྔ》③བཅས་སོ། །དེ་ལ་སྡེ་ཚན་འདི་ནི་གསལ་བཤད་རྩོམ་ཡིག་གི་སྡེ་ཡིན་ཞིང་རྩོམ་བདམས་དུས་ཀྱང་དེའི་ཆོས་ཉིད་རྩ་དོན་ལྟར་སོང་ཡོད་པ་གཞིར་བཞག་ཡིན་དགོས། དེ་ལྟར་ན། སྡེ་ཚན་གྱི་དམིགས་དགོངས་འགྲུབ་ངེས་ལ་སློབ་བུ་ཚོར་ཁ་གསལ་གཏིང་གསལ་གྱི་རྨང་གཞི་བརྟན་པོ་འཇོག་ཐུབ་པ་རེད། དེ་ལས་ལྡོག་སྟེ། ཉ་ཉོག་བསྲེས་ན་ཕན་པ་དེ་འདྲ་མི་ཆེ་བར་འདོད། ཡང་ལོ་རིམ་དགུ་པའི་སྐད་ཡིག་སློབ་དེབ་སྟོད་ཆའི་སྡེ་ཚན་དྲུག་པ་ལ་བདམས་ཡོད་པའི་དཔེ་གཞིའི་སློབ་ཚན་ཏེ། 《ཆུ་དང་སྐར་མ་རྀ་ཥི》④《བཟའ་ཆས་ནི་གང་ནས་བྱུང་བ་ཡིན》⑤《རང་བྱུང་ཁམས་ཆེན་མོའི་སྐད་ཆ》⑥བཅས་གསུམ་ནི་ཆ་མཉམ་དུ་གསལ་བཤད་རྩོམ་ཡིག་ཡིན་པ་རེད།སྐད་ཡིག་སློབ་དེབ་སྟོད་སྨད་ཆའི་དཔེ་གཞིའི་སློབ་ཚན་རེ་རེ་ལ་ཞིབ་ལྟ་བྱས་ཤིང་། གསལ་བཤད་རྩོམ་ཡིག་གི་གོ་དོན་དང་རིགས་དབྱེ་དང་ཁྱད་ཆོས་སོགས་ལ་གཞི་བཅོལ་ནས་བཤད་ན། སྟོད་ཆའི་སྡེ་ཚན་དྲུག་པ་རུ་བདམས་ཡོད་པའི་གསལ་བཤད་རྩོམ་ཡིག་གི་དཔེ་གཞིའི་སློབ་ཚན་གསུམ་དང་། སྨད་ཆའི་སྡེ་ཚན་ལྔ་པ་ལ་བདམས་ཡོད་པའི་གསལ་བཤད་རྩོམ་ཡིག་གི་དཔེ་གཞིའི་སློབ་ཚན་གསུམ་ཕན་ཚུན་གོ་བསྡུར་བྱས་ན། སྟོད་ཆའི་དེ་གསུམ་ཀ་གསལ་བཤད་རྩོམ་ཡིག་ཚད་ལྡན་དུ་འགྲོ་ཞིང་། སྨད་ཆའི་བསམ་ཡས་གཙུག་ལག་ཁང་དང་པེ་ཅིན་གྱི་མཆོད་རྟེན་རྩེ་ལྔ་གཉིས་ཡིན་མོད། རྒྱལ་བློན་འབངས་ཀྱི་ཆས་གོས་དང་དར་ལྕོག་འཛུགས་སྲོལ་ཞེས་པ་ནི་མིན་པར་འདོད་དོ། །

གཅིག། སློབ་ཚན་རྒྱལ་བློན་འབངས་ཀྱི་ཆས་གོས་དང་དར་ལྕོག་འཛུགས་སྲོལ་སྐོར་གྱི་དོགས་གཅོད་དང་མཐའ་དཔྱོད།

སྐད་ཡིག་སྨད་ཆའི་སྡེ་ཚན་ལྔ་པའི་སྤྱི་བཤད་དུ།“སྡེ་ཚན་འདིར་བོད་ཀྱི་ཆས་གོས་ཀྱི་འགྱུར་ལྡོག་གི་བརྒྱུད་རིམ་དང་། བཟོ་བཀོད་ཀྱི་ལོ་རྒྱུས་ངོ་སྤྲོད་བྱེད་པའི་སློབ་ཚན་གསུམ་བཀོད་སྒྲིག་བྱས་ཡོད།”⑦ཅེས་པ་ལས།“ཆས་གོས་ཀྱི་འགྱུར་ལྡོག་གི་བརྒྱུད་རིམ”ཞེས་པའི་ཚིག་ཐུང་འདིའི་དམིགས་འབེན་ནི། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་དེབ་ཐེར་དཀར་པོ་ལས་དྲངས་ཤིང་རྩོམ་གྱི་ཁ་བྱང་ནི་སྒྲིག་མཁན་གྱིས་སྦྱར་བའི“རྒྱལ་བློན་འབངས་ཀྱི་ཆས་གོས་དང་དར་ལྕོག་འཛུགས་སྲོལ”ལ་གཏད་ཡོད་པ་ཤེས་ཐུབ་ཅིང་།“བཟོ་བཀོད་ཀྱི་ལོ་རྒྱུས་ངོ་སྤྲོད”ཅེས་པ་ནི། བྱམས་པ་ལྷུན་གྲུབ་ཀྱི“བསམ་ཡས་གཙུག་ལག་ཁང”དང་། ཝེར་འཆང་གི“པེ་ཅིན་གྱི་མཆོད་རྟེན་རྩེ་ལྔ”གཉིས་ལ་བལྟས་ནས་བཤད་པ་ཞིག་རེད།ལར“ཆས་གོས་ཀྱི་འགྱུར་ལྡོག་གི་བརྒྱུད་རིམ”ངོ་སྤྲོད་པ་ཡིན་ན། གསལ་བཤད་རྩོམ་ཡིག་ཡིན་ངེས་ཤ་སྟག་གོ ། རྒྱུ་མཚན། དངོས་པོ་གང་དེ་ཐོག་མར་གང་ལས་བྱུང་བ་དང་བར་དུ་ཇི་ལྟར་འཕེལ་བའམ་འགྱུར་བ། མཐའ་མར་གང་ལྟར་ཡིན་པའི་གོ་རིམ་གསལ་པོ་དག་པོ་བྲིས་ནས་རེ་རེ་བཞིན་ངོ་སྤྲད་པ་ཡིན་ན། དེ་ལྟར་ཡིན་སྲིད་དོ། ། རེད་དེ། གཅིག་ནས“རྒྱལ་བློན་འབངས་ཀྱི་ཆས་གོས་དང་དར་ལྕོག་འཛུགས་སྲོལ”ཞེས་པའི་རྩོམ་དངོས་གཞི་ལ་ཞིབ་ཏུ་བལྟས་ན། ཆས་གོས་དང་དར་ལྕོག་འཛུགས་སྲོལ་གྱི་བྱུང་འཕེལ་ཞིབ་ཏུ་བཤད་ཀྱིན་ཡོད་པ་མ་ཡིན་པར། དེ་ལས་ལྡོག་སྟེ་སྔོན་གྱི་རྒྱལ་བློན་འབངས་གསུམ་གྱི་ཆོས་གོས་དང་དར་ལྕོག་འཛུགས་སྲོལ་ཇི་ལྟར་ཡིན་མིན་ལ། ད་ལྟར་དངོས་མཐོང་དུ་ཡོད་པའི་ཐང་ག་དང་ཡུལ་མིའི་ད་ལྟའི་ཆ་ལུགས་ལས་ཤེས་རྟོགས་ངོས་འཛིན་བྱས་ན་ཆོག་པར་སྤྲོས་འདུག དེ་ལ་མངོན་སུམ་དངོས་སྣང་གི་ཚད་མ་ལས་ལྐོག་གྱུར་མཐོང་མིན་གྱི་ཚད་མ་ལ་རྗེས་དཔག་དཔྱད་སྟོབས་བཀོལ་བ་སྟེ། རིགས་འགྲེ་བྱ་ཐབས་དོན་དུ་གཉེར་བ་འབའ་ཞིག་གོ ། སྐད་ཡིག་སློབ་ཁྲིད་བྱེད་གཞི་ལྟར་ན།“སློབ་ཚན་འདི་ནི་བོད་ཀྱི་གནའ་བོའི་ཡུལ་སྲོལ་གོམས་གཤིས་གླེང་བའི་དགག་སྒྲུབ་རྩོམ་ཡིག་ཅིག”⑧ཅེས་པ་ལས། རྩོམ་འདི་ནི“དགག་སྒྲུབ་རྩོམ་ཡིག”ཅིག་ཡིན་པར་གླེང་འདུག ཡང་སློབ་ཁྲིད་བྱེད་གཞི་དེ་རུ།“སློབ་ཚན་འདིའི་ནང་དོན་ལ་ཕྱོགས་གསུམ་ནས་གླེངས་ཡོད་པ་སྟེ། ནང་དོན་དང་པོ་ནི་རྒྱལ་བློན་གྱི་ཆས་གོས་སྐོར་གླེངས་ཡོད། ནང་དོན་གཉིས་པ་ནི་བོད་ཀྱི་རྒྱལ་པོའི་ཕོ་བྲང་གི་སྐོར་གླེངས་ཡོད། ནང་དོན་གསུམ་པ་ནི་བོད་མིའི་དར་ལྕོག་འཛུགས་སྲོལ་སྐོར་གླེངས་ཡོད”⑨ཅེས་ནང་དོན་ཕྱོགས་གསུམ་ནས་གླེངས་ཡོད་པ་ལས། གོང་གི་དགག་སྒྲུབ་རྩོམ་ཡིག་ཅིག་ཡིན་ཞེས་པ་ལྟར་དབྱེ་ཞིབ་བྱས་མི་འདུག དེ་ལྟར། འདི་ལ་འགལ་ཟླའི་ཕུང་པོ་ཞིག་གྲུབ་ཅིང་གནས་ཡོད་དེ། གསལ་བཤད་ཀྱི་རྩོམ་ཐབས་ལ་བརྟེན་མེད་བཞིན་དུ་བརྒྱུད་རིམ་ངོ་སྤྲོད་པ་ཡིན་ཞེས་སློབ་དེབ་ཀྱི་གསལ་བཤད་རྩོམ་ཡིག་སྡེ་ཚན་དུ་བཅུག་པས་འགལ་ཟླ་བསྐྱེད་པ་དང་གཅིག དགག་སྒྲུབ་རྩོམ་ཡིག་ཡིན་པ་ཤེས་བཞིན་དུ་སློབ་ཁྲིད་བྱེད་གཞི་རུ་དེ་ལྟར་དབྱེ་ཞིབ་བྱས་མེད་པར་བཏང་སྙོམས་སུ་བསྐྱུར་བའི་འགལ་ཟླ་སྤུངས་པ་དང་གཉིས། སློབ་དེབ་ལ་གསལ་བཤད་རྩོམ་ཡིག་ཡིན་པར་རྒྱ་བཏབ་ཀྱང་སློབ་ཁྲིད་བྱེད་གཞི་ལ་དགག་སྒྲུབ་རྩོམ་ཡིག་ཡིན་པར་གླེངས་ཡོད་པས། ཕན་ཚུན་འགལ་བརྗོད་དུ་གནས་པ་དང་གསུམ་གྱི་དབང་གིས་འགལ་ཕུང་གི་ངོ་བོར་གནས་འདུག།

འོ་ན། དོན་གྱིས་རྩོམ་འདི་ནི་གསལ་བཤད་རྩོམ་ཡིག་ཡིན་ནམ་དགག་སྒྲུབ་རྩོམ་ཡིག་ཡིན་ཞེས་དྲིས་ན། དེ་ལ་འདི་ནི་དགག་སྒྲུབ་རྩོམ་ཡིག་ཅིག་གོ་ཞེས་ལན་བཏབ་ན་འགྲིག སློབ་ཁྲིད་བྱེད་གཞིའི་ཚིག་ཟིན་ལ་དགག་སྒྲུབ་རྩོམ་ཡིག་ཅིག་ཡིན་ཞེས་གསལ་པ་ལས། སློབ་ཚན་འདི་ལ་དགག་སྒྲུབ་རྩོམ་ཡིག་གི་རྩ་དོན་ལྟར་དབྱེ་ཞིབ་བྱས་མི་འདུག དེར་དགག་སྒྲུབ་རྩོམ་ཡིག་ལྟར་སློབ་ཚན་འདི་ལ་དབྱེ་ཞིབ་བྱ་བའི་དོན་སྙིང་རབ་ཏུ་ཆེ་བར་བསམ།

ཀ སློབ་ཚན་དབྱེ་ཞིབ།

སློབ་ཚན་འདི་ཁྱོན་ཚན་པ་བདུན་གྱིས་གྲུབ་ཡོད་པ་དང། དགག་སྒྲུབ་རྩོམ་ཡིག་གི་རིགས་ལམ་སྟེ་བསྒྲུབ་བྱ་སྒྲུབ་བྱེད་བསྒྲུབས་འབྲས་བཅས་ལྟར་ན། རྩོམ་འདི་ཁག་གསུམ་དུ་བགོ་ཆོག་སྟེ། ཁག་དང་པོ་ནི་ཚན་པ1རྒྱལ་བློན་འབངས་གསུམ་གྱི་ཆས་དང་བཞུགས་གནས་ཅི་འདྲ་ཡིན་པ། དྲི་བས་བསྒྲུབ་བྱ་བཀོད། གནད་དོན་འདོན་པ། ཁག་གཉིས་པ་ནི་ཚན་པ2-6ཆས་གོས་དང་བཞུགས་གནས་དང་དར་ལྕོག་ལ་རིགས་པའི་སྒྲུབ་བྱེད་དྲངས། གནད་དོན་དབྱེ་ཞིབ། ཁག་གཉིས་པ་འདི་ནང་དོན་ལྟར་ན་ཁག་ཆུང་གསུམ་དུ་དབྱེ་རུང་སྟེ། ཁག་ཆུང་དང་པོ་ནི་ཚན་པ2-4ཆས་གོས་བཤད། དམངས་སྲོལ་དཔེར་འགོད་སྒྲུབ་ཐབས། རིགས་འགྲེ་སྒྲུབ་ཐབས། ལུང་འདྲེན་སྒྲུབ་ཐབས། ཁག་ཆུང་གཉིས་པ་ནི་ཚན་པ5བཞུགས་གནས་ཏེ་དམར་པོ་རིའི་ཕོ་བྲང་གི་དབྱིབས་བཀོད་བཤད། ལུང་འདྲེན་སྒྲུབ་ཐབས། དཔེར་འགོད་སྒྲུབ་ཐབས། རིགས་འགྲེ་སྒྲུབ་ཐབས། ཁག་ཆུང་གསུམ་པ་ནི་ཚན་པ6དར་ལྕོག་བཤད། རིགས་འགྲེ་སྒྲུབ་ཐབས། དམངས་སྲོལ་དཔེར་འགོད་སྒྲུབ་ཐབས། ཁག་གསུམ་པ་ནི་ཚན་པ7ཡུལ་གྱི་ལྷ་དང་སྔོན་གྱི་མི་གཉིས་དཔེ་སྦྱར་ནས་སྔོན་སོང་ལྐོག་གྱུར་ལ་མངོན་སུམ་ཆ་ལུགས་ཀྱིས་དཔྱད་ཆོག་པའི་བསྡོམས་ཚིག་མཛད། བསྒྲུབས་འབྲས་བཀོད། གནད་དོན་ཐག་གཅོད།

ཁ། སྒྲུབ་སྙིང་ངོས་འཛིན།

སྔོན་གྱི་རྒྱལ་བློན་འབངས་གསུམ་གྱི་ཆས་གོས་དང་བཞུགས་གནས་སོགས་ཅི་འདྲ་ཡིན་མིན་ལ། ཡུལ་མིའི་ད་ལྟའི་ཆ་ལུགས་དང་ཡུལ་སྲོལ་ལས་རིགས་འགྲེ་ཡིས་བསྒྲུབས་པ།

ག མཐའ་བསྡོམས་ཆུང་ངུ་།

༡.སློབ་ཚན་དངོས་གཞིའི་ཁྲོད་དུ་བཀོལ་བའི་ཚིག་ཉམས་ལ་གསལ་བཤད་རྩོམ་ཡིག་གི་ཚིག་གཤིས་མེད་པར་རིགས་བསྒྲེ་དཔྱད་སྟོབས་ཀྱི་ཚིག་ཉམས་ཆེ་སྟེ། དཔེར་ན།“བོད་ཀྱི་རྗེ་བློན་རྣམས་ཀྱང་ཕལ་ཆེར་ཏ་ཟིག་པའི་སྲོལ་ལུགས་གནང་བ་ཡིན་ནམ་སྙམ”⑩ཞེས་པའི་ཚིག་མཐའ“སྙམ”དང་།“དཔྱད་ན་མི་འཚམ་པ་ཆེར་མེད་པར་སེམས”ཞེས་པའི“སེམས”“རང་རེའི་བཙན་པོས་ཀྱང་སྐབས་འགར་ཐང་ཞུ་ཡང་གསོལ་པ་ཡིན་ནམ་སྙམ”ཞེས་པའི་ཚིག་མཐའ

“སྙམ”“ཆས་དང་། སྐུ་མཁར། ལ་ཐོད། རུ་དར་ལ་སོགས་པ་དམར་ཟིང་ངེ་བ་ཞིག་ཡོད་པ་ཡིན་ནམ་སྙམ”ཞེས་པའི་ཚིག་མཐའ“སྙམ”སོགས་བྱུང་བ་ནི་གསལ་བཤད་རྩོམ་ཡིག་ལ་གཏན་ནས་འབྱུང་མི་སྲིད་པ་ཞིག་རེད། གོང་གི་གླེང་སློང་བ་རུ་དྲངས་ཡོད་པའི་སྐད་ཡིག་སློབ་དེབ་སྟོད་ཆའི་སྡེ་ཚན་དྲུག་པའི་གསལ་བཤད་རྩོམ་ཡིག་དག་གི་ཚིག་ཉམས་ལ་ཡིད་གཟབ་བྱས་ན་དོན་གསལ་པོར་གོ་ཡོང་ངེས། དཔེར་ན། ཆུ་དང་སྐར་མ་རྀ་ཥི་ཞེས་པའི་སློབ་ཚན་དུ་གསལ་པའི་ཚིག་མཐའ་ནི་འདི་ལྟ་སྟེ།“སྟོན་ཆུ་བཟང་ཟེར་བ་ཡིན་ནོ། །”ཞེས་དང་།“གཏན་ནས་མཐོང་མི་ཐུབ་

བོ། །”“རང་ལ་ནུས་པ་གང་ཡང་མེད་དོ། །”ཞེས་པ། ཡང་བཟའ་ཆས་ནི་གང་ནས་བྱུང་བ་ཡིན་ཞེས་པའི་ཚིག་མཐའ་འགའ་ཤས་དཔེར་དྲངས་ན།“ཐབས་མི་འདྲ་བ་གཉིས་ཡོད་དོ། །”ཞེས་དང་།“རླངས་ཆུ་འཐུངས་ནས་འཚོ་ཐུབ་པ་མིན་ནོ། །”“རྙོག་འཛིང་ཆེ་བའི་འཕེལ་རིམ་ཞིག་ཡིན།”“བཟའ་ཆས་བསྐྲུན་པའི་རྒྱུ་ཆར་འགྱུར་རོ། །”“འགྲན་ཟླ་མེད་པའི་བསྲེས་སྦྱོར་བཟོ་གྲྭ་ཆེན་མོ་ཞིག་ཡིན་ནོ། །”ཞེས་སོགས་ཀྱི་ཚིག་མཐའ་ནི་རྫོགས་ཚིག་གིས་བཅད་ཡོད་པས། དེ་ནི་ཧ་ཅང་གཏན་ཁེལ་བ་དང་ངེས་གཏན་ཡིན་པའི་གདེང་ཚོད་རྒྱ་ཆེར་ལྡན་པ་མཚོན། དེ་ནི་རྒྱུ་མཚན་ཅིའི་དབང་གིས་རེད་ཅེ་ན། གསལ་བཤད་རྩོམ་ཡིག་གི་ཁྱད་ཆོས་ཏེ་ཤེས་བྱའི་རང་བཞིན་དང་། ཚན་རིག་རང་བཞིན་དང་དོན་དངོས་རང་བཞིན་བཅས་ཀྱིས་ཐག་གིས་བཅད་པ་ཞིག་ཡིན་པ་རེད། དེ་ནི་བདེན་དོན་དང་ངེས་དོན་དང་དྲང་དོན་བཅས་ཀྱི་རང་བཞིན་གྱིས་རྩ་བ་བཟུང་ཡོད་པས་སོ། ། མདོར་ན། ཚིག་ཉམས་ལ་ཡང་ཐག་ཆོད་ངེས་གཏན་རང་བཞིན་གྱི་ཚིག་བབ་ཡིན་ནོ་རེད་དོ་གྱུར་ཏོ་ལྟ་བུ་ཐོན་པ་ལས་ཡིད་གཉིས་ཐེ་ཚོམ་རང་བཞིན་གྱི་ཚིག་འགྲོས་ཏེ་ཡིན་ནམ་སྙམ། དེ་ལྟར་འདོད། ཡིན་པར་སེམས་ལྟ་བུ་ཡོད་མི་ཆོག་པ་རེད།

༢.རྒྱལ་བློན་འབངས་ཀྱི་ཆས་གོས་དང་དར་ལྕོག་འཛུགས་སྲོལ་ཞེས་པའི་ཁ་བྱང་དང་རྩོམ་དངོས་གཞི་གཉིས་ནི་ཕན་ཚུན་ཆ་མི་འཕྲོད་པའི་ཆ་ཀ་ཡ་སྡེབ་ཏུ་གྱུར་འདུག རྒྱུ་མཚན། རྩོམ་དངོས་གཞི་ལྟར་ན།འདི་ནི་བོད་རང་གི་མཁས་པས་བྲིས་པའི་དགག་སྒྲུབ་རྩོམ་ཡིག་ཆེས་ལེགས་པོ་དང་ཆེས་ཚད་ལྡན་དེ་ཡིན་པར་འདོད། ཡིན་ཡང་། ཉེས་སྐྱོན་འདི་གང་ནས་ཤོར་བ་རེད་ཅེ་ན། སློབ་ཚན་གྱི་ཁ་བྱང་གི་ཞབས་མཆན་དུ། འདི་ནི《དེབ་ཐེར་དཀར་པོ》ལས་བདམས་ཤིང་། ཁ་བྱང་ནི་སྒྲིག་མཁན་གྱིས་སྦྱར་བའོ། །ཞེས་གསལ་པས་སོ། ། འོ་ན། ཇི་ལྟར་བཅོས་ཏེ་གང་དུ་བཞག་ན་འོས་འཚམ་ཡིན་ཞེ་ན། སྔོན་གྱི་རྒྱལ་བློན་འབངས་ཀྱི་ཆས་གོས་དང་དར་ལྕོག་འཛུགས་སྲོལ་ནི་ཅི་འདྲ་ཡིན་ཞེས་པ་ཁ་བྱང་དུ་བཀོད་ནས་དགག་སྒྲུབ་རྩོམ་ཡིག་གི་སྡེ་ཚན་དུ་བཞག་ན་རིན་ཐང་བླ་ལྷག་ལྡན་པར་འདོད་དོ། །

༣.རྒྱལ་བློན་འབངས་ཀྱི་ཆས་གོས་དང་དར་ལྕོག་འཛུགས་སྲོལ་ཞེས་པའི་སློབ་ཚན་འདི་ནི། གཞན་ལུགས་དགག་པའི་རྩོམ་ཡིག་མ་ཡིན་པར་རང་ལུགས་སྒྲུབ་པའི་དགག་སྒྲུབ་རྩོམ་ཡིག་ཅིག་ཡིན་པ་རེད།

གཉིས། གསལ་བཤད་རྩོམ་ཡིག་གི་རྩོམ་འབྲིའི་ཤེས་བྱ།

གཅིག གསལ་བཤད་རྩོམ་ཡིག་གི་གོ་དོན། སངས་རྒྱས་རིན་ཆེན་དང་འབྲུག་ཐར་གྱིས་བརྩམས་པའི《རྩོམ་སྟངས་རིག་པའི་སྒོ་འབྱེད》ཅེས་པ་རུ།“ཅི་ཞིག་ལ་གསལ་བཤད་རྩོམ་ཡིག་ཟེར་ཞེ་ན། རྗོད་བྱེད་ཀྱི་འབྲུ་ཉུང་ཞིང་སྦྱོར་བདེ་བ། དོན་གསལ་པའི་སྒོ་ནས། བརྗོད་གཞིར་གྱུར་པའི་བྱ་དངོས་གང་དེའི་ཕྱིའི་དབྱིབས་དང་། རྣམ་པ། ངོ་བོ། གྲུབ་ཚུལ། ཆགས་རིམ། བརྒྱུད་རིམ། བྱེད་ནུས། འབྲེལ་བ། རྩ་དོན་སོགས་ངོ་སྤྲོད་དམ་མཚམས་སྦྱོར་བྱེད་པ་གསལ་པོར་བྲིས་པའི་རྩོམ་ཡིག་ཧྲིལ་བོ་ལ་གསལ་བཤད་རྩོམ་ཡིག་ཅེས་བྱའོ། །”ཞེས་དང་།

གཉིས། གསལ་བཤད་རྩོམ་ཡིག་གི་གསལ་བཤད་བྱེད་ཐབས། འདིའི་གནད་ཧ་གོ་བ་ལ། སྟོད་ཆའི་སྡེ་ཚན་དྲུག་པར་བདམས་ཤིང་གོང་དུའང་རེ་རེ་བཞིན་དྲངས་ཡོད་པའི་གསལ་བཤད་རྩོམ་ཡིག་གསུམ་ལ་ཐུན་མོང་དུ་བེད་སྤྱོད་རྒྱ་ཆེར་བཏང་ཡོད་པའི་གསལ་བཤད་བྱེད་ཐབས་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ཤིང་དེ་དག་ལ་གཞི་བཅོལ་ཏེ་དབྱེ་ན། དྲི་བ་འདོན་ཐབས་དང་མཚན་ཉིད་འགོད་ཐབས། རིགས་དགར་ཐབས། དཔེར་བརྗོད་འགོད་ཐབས། གཤིབ་བསྡུར་ཐབས། ལུང་འདྲེན་ཐབས། གྲངས་འགོད་ཐབས། མཚོན་རིས་འབྲི་ཐབས། རེའུ་མིག་འགོད་ཐབས་བཅས་སོ། ། གསུམ། གསལ་བཤད་རྩོམ་ཡིག་གི་ཁྱད་ཆོས། འདི་ལ་གསུམ་སྟེ། ཀ ཚན་རིག་དང་ཤེས་བྱ་དང་དོན་དངོས་རང་བཞིན། ཁ། རྗོད་བྱེད་ཚིག་བདེ་ཞིང་དོན་གསལ་པ། ག བརྗོད་པའི་གོ་རིམ་གསལ་པར་བྱེད་པ་བཅས་སོ། ། དེ་ལ་རེ་རེ་ནས་ཅུང་ཙམ་སྤྲོས་ན། ཀ ནང་དོན་གྱི་ཆ་ནས་ཤེས་བྱའི་རང་བཞིན་དང་། ཚན་

རིག་རང་བཞིན་དང་། དོན་དངོས་རང་བཞིན་བཅས་ལྡན་དགོས་ཏེ།“གསལ་བཤད་བྱ་རྒྱུ་དེ་ངེས་པར་དུ་དངོས་པོ་གང་དང་གནས་ལུགས་གང་དེའི་གོ་དོན་དང་ངོ་བོའི་རང་བཞིན་གསལ་སྟོན་དང་། དངོས་གནས་དང་མཐུན་པ། གོ་དོན་ཡང་དག་པ། གཏན་ཕབ་ཀྱི་ངེས་ཚིག་འཚམ་པ། རྣམ་གྲངས་གསལ་པ། ཁོངས་གཏོགས་དབྱེ་བ་བཅས་ཡོད་པར་བྱས་ཏེ། ཀློག་མཁན་ལ་ངེས་ཤེས་གསལ་པོ་ཞིག་ཐོབ་རྒྱུ་ཡོད་པར་བྱེད་དགོས།”ཞེས་དང་། ཁ། རྗོད་བྱེད་ཚིག་གི་ཆ་ནས་བདེ་ཞིང་དོན་གསལ་པ་འབུར་ཐོན་ཡིན་དགོས་ཏེ།“བརྩེ་གདུང་མཚོན་ཐབས་ཀྱི་ཚིག་དང་། ཉམས་ཀྱི་རང་བཞིན་འབྲི་བའི་ཚིག བྱུང་རིམ་བརྗོད་པའི་ཚིག དཔྱད་བརྗོད་ཀྱི་ཚིག་གང་དང་མ་འདྲེས་པར་རྗོད་བྱེད་ཚིག་ནི་ཐུང་ཞིང་སྦྱོར་བདེ་བ། ཡང་དག་པས་དངོས་དོན་གསལ་པོར་སྟོན་པར་བྱེད་དགོས”ཞེས་པ་ཡིན། བརྗོད་པའི་གོ་རིམ་གསལ་དགོས་པ་ཡིན་ཏེ།“གཙོ་བོ་འཕེལ་རྒྱས་དང་འགྱུར་ལྡོག་རང་བཞིན་ཅན་གང་ཞིག་ངོ་སྤྲོད་བྱེད་སྐབས། དེའི་ཆོས་ཉིད་གཙོ་བོར་བཟུང་སྟེ། ཆོས་ཉིད་ཀྱི་གོ་རིམ་ལྟར་གསལ་པོར་འབྲི་དགོས་པ་ལས། རང་སྣང་གང་ཤར་དུ་འབྲི་བའི་དབང་དུ་མི་གཏོང་བར། དངོས་པོ་གང་དེའི་ཕྱིའི་ཆོས་ཉིད་དང་བསྟུན་དགོས”ཞེས་པ་བཅས་སོ། །

གཞན་གསལ་བཤད་རྩོམ་ཡིག་གི་སྐད་ཆ་ལ་ད་དུང་གནད་དུ་ཁེལ་བ་དང་མདོར་བསྡུས་པ། དོན་ཟབ་པ། ཁ་གསལ་པ། གོ་བདེ་བ་བཅས་ཀྱི་ཁྱད་ཆོས་ཀྱང་ལྡན་པ་རེད།

གསུམ། སློབ་ཚན་བསམ་ཡས་གཙུག་ལག་ཁང་གི་དབྱེ་ཞིབ་དང་འཁྲུལ་སེལ།

ཀ ཁྲིད་གཞིའི་དབྱེ་ཞིབ།

སྐད་ཡིག་སློབ་ཁྲིད་བྱེད་གཞི་ལྟར་ན།“སློབ་ཚན་ཧྲིལ་པོའི་ནང་དོན་ཚན་པ་གསུམ་ལ་དབྱེ་ཆོག་སྟེ། ཚན་པ་དང་པོའི(རང་གྲུབ་ཚན་པ་དང་པོ་ནས་བཞི་པ)ནང་དུ། བསམ་ཡས་གཙུག་ལག་ཁང་དེ་དུས་རབས་ནམ་ཞིག་དང་། བཙན་པོ་སུའི་རིང་ལ་བཞེངས་པ་དང་།

བཞེངས་པའི་དགོས་པ་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཅི་འདྲ་ཡིན་པ་སོགས་མདོར་བསྡུས་སུ་བསྟན་ཡོད། ཚན་པ་གཉིས་པའི(རང་གྲུབ་ཚན་པ་ལྔ་པ་ནས་བརྒྱད་པ)ནང་དུ། ལྷ་ཁང་བརྩིག་རྒྱུར་ཀུན་གྱིས་མོས་པ་བྱུང་རྗེས། དངོས་སུ་བཞེང་རྒྱུའི་སྔོན་འགྲོ་གཉིས་པ་སྟེ། གྲ་སྒྲིག་ལས་ཀ་གང་བྱས་ཡོད་ཚུལ་ཅུང་ཞིབ་ཙམ་བསྟན་ཡོད་ལ། གཙུག་ལག་ཁང་གི་བཟོ་སྐྲུན་གྱི་བཀོད་པ་དང་།

དེ་བཞིན་གཙུག་ལག་ཁང་དེས་ལོ་རྒྱུས་ཀྱི་དུས་རིམ་ནང་དུ་ཐོན་པའི་ཕན་འབྲས་དང་གནས་ཚུལ་བསྟན་ཡོད། ཚན་པ་གསུམ་པའི(རང་གྲུབ་ཚན་པ་དགུ་པ)ནང་དུ། བསམ་ཡས་གཙུག་ལག་ཁང་འདི་ནི་རང་རེའི་མེས་པོ་རྣམས་ཀྱིས་བོད་ཡུལ་དུ་མདོ་སྔགས་རིག་གནས་དར་སྤེལ་གཏོང་སའི་གནས་གལ་ཆེན་ཞིག་དང་། རིག་གནས་ཀྱི་བང་མཛོད་རྩ་ཆེན་ཞིག་ཡིན་པ་དང་། དེ་ནི་ལས་ལ་བརྩོན་ཅིང་དཔའ་ངར་ཆེ་བའི་བོད་རིགས་མི་དམངས་རྣམས་ཀྱི་བློ་རིག་ལས་ཐོན་པའི་འབྲས་བུ་ཞིག་ཀྱང་ཡིན་པ་བསྟན་ཡོད”ཅེས་པའོ། །

ཁ། དབྱེ་ཞིབ་ཀྱི་འཁྲུལ་སེལ།

སློབ་ཚན་འདི་ཁྱོན་ཚན་པ་དགུ་ཡིས་གྲུབ་ཡོད་པ་རེད། བོད་ཀྱི་དམངས་སྲོལ་ལས་འཛུགས་སྐྲུན་བཟོ་བཀོད་ལ་གཞི་བྱས་ཏེ། ཕོ་བྲང་བཞེངས་པའམ་ཁང་པ་དབུབ་པའི་ལས་རིམ་ཆོ་ག་དང་དེ་འབྲེལ་གསལ་བཤད་རྩོམ་ཡིག་གི་ཆོས་ཉིད་ལྟར་ན། སློབ་ཚན་འདི་ཁག་བཞི་རུ་དབྱེ་ཆོག་སྟེ། ཁག་དང་པོ་ནི་འཛུགས་སྐྲུན་བཟོ་བཀོད་གང་དེའི་སྤྱི་ཁོག་བསྟན་པ་ལྟ་བུར་འགྲོ་བ་སྟེ་ཚན་པ1རེད། བསམ་ཡས་གཙུག་ལག་ཁང་བཞེངས་པའི་རྒྱལ་རབས་དང་བཞེངས་ཡུན། ད་ལྟའི་དབར་ལོ་ངོ་ཅི་ཙམ་འགོར་བ་སྤྱི་ཁོག་བཤད་པའོ། ། ཁག་གཉིས་པ་ནི་འཛུགས་སྐྲུན་བཟོ་བཀོད་གང་དེ་དངོས་སུ་བཞེང་མགོ་མ་བརྩམ་ཡར་སྔོན་གྱི་སྔོན་འགྲོ་ཆོ་གའི་ལས་རིམ་བཤད་པ་སྟེ་ཚན་པ2-6རེད། བསམ་ཡས་གཙུག་ལག་བཞེང་པ་ལ་འགོག་རྐྱེན་དང་འགོག་སེལ་ཐབས་ཇུས། ས་བརྟག་པ། ས་རྒྱ་འཇལ་བ། ས་འདུལ་བ་བཅས་ཀྱི་སྔོན་འགྲོ་ཆོ་གའི་སྒྲུབ་རིམ་བཤད་པའོ། ། ཁག་གསུམ་པ་ནི་འཛུགས་སྐྲུན་བཟོ་བཀོད་གང་དེ་བཞེངས་རྗེས་ཀྱི་བཀོད་པ་ཅི་འདྲ་ཡིན་པ་ངོ་སྤྲོད་བྱེད་པ་ལྟ་བུ་སྟེ་ཚན་པ7-8རེད། བསམ་ཡས་གཙུག་ལག་ཁང་གི་ཕྱི་ནང་སྟེང་མདུན་གྱི་བཟོ་བཀོད་ཅི་འདྲ་ཡིན་པ་བཤད་ཅིང་ཕན་འབྲས་ཆེ་བ་ཞོར་དུ་གླེང་བའོ། ། ཁག་བཞི་པ་ནི་གཙུག་ལག་ཁང་གང་དེས་ལོ་རྒྱུས་ཀྱི་ཁྲོད་ཐོན་པའི་ནུས་པའམ་ཕན་ཡོན་ནམ་བྱིན་རླབས་བཤད་པ་ལྟ་བུ་སྟེ་ཚན་པ9རེད། དེ་ནི་མདོ་སྔགས་རིག་གནས་དར་སྤེལ་གཏོང་ས་དང་དེའི་བང་མཛོད་རྩ་ཆེན་ཡིན་པ། བོད་རིགས་མི་དམངས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་ཡིན་པ་ཞེས་གདེང་འཇོག་ཚད་མཐོན་པོ་བྱས་ཡོད།

ག བརྗོད་སྙིང་ངོས་འཛིན།

དཔལ་བསམ་ཡས་མི་འགྱུར་གཙུག་ལག་ཁང་གི་བཞེངས་དུས་དང་བཞེངས་རྐྱེན། བཞེངས་རིམ། བཞེངས་པའི་བཟོ་བཀོད་སོགས་བྲིས་ཏེ། དེས་བོད་ཀྱི་ལོ་རྒྱུས་ཁྲོད་ཐོན་པའི་དགེ་མཚན་དང་། རིག་གནས་དར་སྤེལ་དང་འཛུགས་སྐྲུན་བཟོ་བཀོད་ཀྱི་ཉིང་བཅུད་ཡིན་པའི་གདེང་འཇོག་ཚད་མཐོན་པོ་བྱས་པ་བརྒྱུད་བོད་ཀྱི་སྔོན་བྱོན་མེས་པོའི་བློ་གྲོས་ལ་བསྟོད་བསྔགས་བྱས་འདུག

ལྔ་པ། སྡེ་ཚན་གྱི་མཐའ་བསྡོམས།

༡.གསལ་བཤད་དམ་ངོ་སྤྲོད་དང་དཔྱད་བརྗོད་དམ་དགག་སྒྲུབ་དང་། བྱུང་རིམ་བརྗོད་པའམ་ཇི་བཞིན་བརྗོད་པ་བཅས་ཀྱི་ཁྱད་པར་མདོར་ཙམ་སྨྲ་བ་ལ། གསལ་བཤད་དམ་ངོ་སྤྲོད་ཀྱི་དམིགས་ཡུལ་ནི་ཀློག་མཁན་ལ་“ཤེས”སུ་འཇུག་པ་དམིགས་པ་གཙོ་བོ་ཡིན་ཞིང་།ཀློག་མཁན་གྱིས་གསལ་བཤད་དེ་ལ་བརྟེན་ནས་གནས་ལུགས་དང་རྒྱུ་འབྲས། བདེན་རྫུན། རྣམ་པ། ཐབས་ཤེས་གང་ཞིག་རྟོགས་པར་བྱ་ངེས། དཔེར་ན། བསམ་ཡས་གཙུག་ལག་ཁང་ལྟ་བུའོ། ། དཔྱད་བརྗོད་དམ་དགག་སྒྲུབ་ཀྱི་དམིགས་ཡུལ་ནི་ཀློག་མཁན་གང་ཞིག“ཡིད་ཆེས”སྐྱེ་རུ་འཇུག་པའི་དམིགས་པ་གཙོ་བོ་ཡིན་ཞིང་།དེ་ནི་འབྲི་མཁན་གྱིས་དཔྱད་བརྗོད་གནས་ལུགས་དང་རིགས་འགྲེ་རིགས་འདེད་ཀྱི་ཐབས་ལ་བརྟེན་ནས་ཀློག་མཁན་གྱི་བློ་ཁ་འབྱེད་པ། སེམས་སུ་འབབ་པ། སློབ་གསོ་ཐོབ་པ། ཡིད་འགུག་པ་བཅས་བྱས་པ་ལས་ཀློག་མཁན་ལ་གོ་དོན་དེར་འབབ་འོས་ཀྱི་སྡོམ་ཚིག་འཇོག་པར་བྱེད་པ་ཡིན། དཔྱད་བརྗོད་དམ་དགག་སྒྲུབ་ཀྱིས་དོན་སྤྱི་ཅན་གྱི་གནད་དོན་གང་ཞིག་གཞིར་བཞག་ཐོག རིགས་འདེད་ཀྱི་རིག་པ་ལ་བརྟེན་ནས་རིགས་པས་བསྒྲུབ་པ་དང་། གཏན་ལ་ཕབ་པའི་སྡོམ་ཚིག་འཇོག་པ་སྟེ་གནད་དོན་བཏོན་པ་གང་དེའི་ཐད་ལ་རང་ཉིད་ཀྱིས་འཛིན་པའི་ལྟ་ཚུལ་གསལ་པོར་སྟོན་དགོས་པ་དེ་ཡིན། དཔེར་ན། རྒྱལ་བློན་འབངས་ཀྱི་ཆས་གོས་དང་དར་ལྕོག་འཛུགས་སྲོལ་ལྟ་བུའོ། ། བྱུང་རིམ་བརྗོད་པའམ་ཇི་བཞིན་བརྗོད་པ་ནི་གཙོ་བོར་བྱ་བ་དང་དངོས་པོ་གང་གི་གནས་ཚུལ་དང་འགྱུར་བའི་གོ་རིམ་བྱེ་བྲག་ཏུ་བསྟན་ཏེ། ཀློག་མཁན་ལ་དངོས་སུ་མཐོང་བ་དང་ཐོས་པ་ལྟ་བུའི་སྣང་བ་སྐྱེས་ཤིང་ཡིད་སེམས་འགུག་པའི་ཚོར་བ་བསྐྱེད་ཐུབ་པར་བྱེད་པ་གཙོ་བོར་འཛིན་དགོས། ཡང་དངོས་པོའི་འགྱུར་ལྡོག་གི་རང་བཞིན་གསལ་པོར་བརྗོད་པའི་ཐབས་ཤེས་དོན་དུ་གཉེར་བ་རེད་དོ། ། དཔེར་ན། དོན་དག་གི་བྱུང་རིམ་ཇི་ལྟ་བ་བཞིན་ཡིན་པ་དེ་ལྟར་གསལ་པོར་བཤད་པའི་ཇི་བཞིན་བརྗོད་པ་ལྟ་བུའོ། །

༢.སྡེ་ཚན་འདིའི་དམིགས་ཡུལ་གཙོ་བོ་ནི་གསལ་བཤད་རྩོམ་ཡིག་ཡིན་པ་རེད། དེར་སློབ་ཚན་གསུམ་ཡོད་པ་ལ། བསམ་ཡས་གཙུག་ལག་ཁང་དང་པེ་ཅིན་གྱི་མཆོད་རྟེན་རྩེ་ལྔ་གཉིས་ནི་ཁ་བྱང་དང་རྩོམ་དངོས་གཞི་གཉིས་ཧ་ཅང་ཆ་འགྲིག་ཡིན་ཏེ། ཏག་ཏག་དངོས་པོ་ངོ་སྤྲོད་ཀྱི་གསལ་བཤད་རྩོམ་ཡིག་ལ་འགྲོ་བ་རེད། པེ་ཅིན་གྱི་མཆོད་རྟེན་རྩེ་ལྔ་ནི། གཅིག་ནས་ལྟ་ཀློག་སློབ་ཚན་ཡིན་ཞིང་། གཉིས་ནས་བསམ་ཡས་གཙུག་ལག་ཁང་དང་ཕྱོགས་གང་ཐད་ནས་ཀྱང་གཅིག་འདྲར་སོང་བས་རེ་ཞིག་བསྐྱུངས་པ་ཡིན། ཡིན་ཡང་། རྒྱལ་བློན་འབངས་ཀྱི་ཆས་གོས་དང་དར་ལྕོག་འཛུགས་སྲོལ་ཞེས་པ་ནི། ཁ་བྱང་དང་རྩོམ་དངོས་གཞི་གཉིས་ཀ་ཕན་ཚུན་དོ་མི་མཉམ་པར་གྱུར་ཚུལ་དང་། ཇི་ལྟར་ཐག་གཅོད་བྱས་ན་འོས་མིན་ཐད་ཀྱི་ལྟ་ཚུལ་ནི་གོང་དུ་ཐལ་ཟིན་པས་བསྐྱར་བཤད་བྱ་དགོས་དོན་ཅང་མ་མཆིས་སོ། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།