སློབ་ཆུང་གྲངས་རིག་སློབ་ཁྲིད་དུ་སློབ་ཁྲིད་སྐད་ཆའི་ངག་ཐོག་དང་ཡིག་ཐོག་གི་བར་ཁྱད་ལས་བྱུང་བའི་དཀའ་ངལ་དང་དེ་སེལ་ཐབས་གླེང་བ།

[གནད་བཏུས] རྩོམ་འདིར་བོད་སྐད་ཡིག་སློབ་ཁྲིད་ལག་ཆར་བྱེད་པའི་གྲངས་རིག་སློབ་ཁྲིད་དུ། བོད་ཀྱི་ཡིག་ཐོག་སྐད་ཆ་དང་དགེ་སློབ་ཚོའི་ངག་ཐོག་ཁ་སྐད་གཉིས་བར་གྱི་ཁྱད་པར་ལས། སློབ་ཁྲིད་ལ་དཀའ་ངལ་ཆགས་ཚུལ་ཅུང་ཞིབ་མོར་བརྗོད་ཡོད་དེ། སྒྲ་གདངས་ཀྱི་ཆ་དང་། ཐ་སྙད་ཀྱི་ཆ། བརྡ་སྤྲོད་ཀྱི་ཆ་བཅས་ཕྱོགས་གསུམ་ནས་དབྱེ་ཞིབ་བྱས་ཡོད་ལ། དཀའ་ངལ་དེ་དག་སེལ་ཐབས་ཀྱི་སྐོར་ནས་ཀྱང་བསམ་ཚུལ་འགའ་ཞིག་བཏོན་ཡོད། 

[གནད་ཚིག] སློབ་ཆུང་གྲངས་རིག ཡིག་སྐད། ངག་ཐོག་སྐད། དཀའ་ངལ། སེལ་ཐབས།

ཀྲུང་གོ་གསར་པ་ཚུགས་ཚུན་གྱི་རྒྱལ་དམངས་སློབ་གསོའི་བོད་ཀྱི་གྲངས་རིག་སློབ་ཁྲིད་དེ་མེད་པ་ནས་ཡོད་པ་དང་། རྒྱའི་སྐད་ཡིག་གིས་འཁྲིད་པ་ནས་བོད་སྐད་ཡིག་གིས་འཁྲིད་པ་དང་། ཡང་བོད་སྐད་ཡིག་གིས་འཁྲིད་པ་སྐོར་ཞིག་རྒྱའི་སྐད་ཡིག་གིས་འཁྲིད་པའི་ཕྱོགས་སུ་སྒྱུར་བཞིན་པ་བཅས་ཀྱི་འཕེལ་འགྱུར་བྱུང་ཡོད། ད་ལྟའི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་གནས་ཚུལ་ལ་བལྟས་ན། བོད་སྐད་ཡིག་གི་ལམ་ནས་འཁྲིད་བཞིན་པའི་གྲངས་རིག་སྦྱངས་འབྲས་ནི། རང་རྒྱལ་ནང་སའི་སློབ་གྲྭ་དཀྱུས་མའི་སྦྱངས་འབྲས་ལས་སྤྱིའི་ཆ་ནས་ཞན་པ་དང་། བོད་སྐད་ཡིག་སློབ་ཁྲིད་ཀྱི་ལག་ཆར་བྱེད་པའི་ཐབས་ལམ་དང་པོའི་སློབ་གསོའི་ལམ་ལུགས་ལ་མཐོ་འབྲིང་དུ་རྩིས་ཚན་བདམས་ཏེ་མཐོ་རྒྱུགས་ལ་ཞུགས་མཁན་ལྟོས་བཅས་ཀྱིས་ཉུང་བ་རེད། ཁ་ཅིག་གིས་འབྲས་བུ་དེ་ནི་སློབ་ཁྲིད་ཀྱི་སྐད་ཆ་བོད་སྐད་ཡིག་བྱས་པའི་རྐྱེན་ཡིན་པར་བཤད་དེ། གྲངས་རིག་དང་དངོས་ལུགས་རྫས་འགྱུར་སོགས་རྒྱའི་སྐད་ཡིག་གིས་ཁྲིད་ན་བཟང་བར་བརྗོད། སྤྱིར་བཤད་ན་སྐད་ཡིག་གང་ཞིག་གིས་ཁྲིད་ན་ལེགས་མིན་ཏེ་སྐད་ཡིག་གང་ཞིག་ཕ་སྐད་དུ་གྱུར་མིན་གྱི(སྐད་ཆ་གང་ཞིག་བསམ་གཞིག་གི་ལག་ཆ་བྱེད་མིན་གྱི)རྒྱུ་མཚན་ལ་རག་ལས་པས། དེ་ཐག་གཅོད་པ་ཧ་ཅང་སླ་མོ་ཞིག་སྟེ། བྱིས་པའི་ཕ་སྐད་གང་ཡིན་ན་དེ་ནི་རྨང་གཞིའི་སློབ་གསོ་མྱོང་བྱེད་ཀྱི་ལག་ཆ་ལེགས་ཤོས་ཡིན་པ་ནི། འཛམ་གླིང་གི་མི་རིགས་ཡོད་དོ་ཅོག་གི་ཐུན་མོང་གི་ཆོས་ཉིད་དོ། ། སྐབས་བབ་ཀྱི་གླེང་བྱ་ནི་ཕ་སྐད་བོད་སྐད་ཡིན་པའི་རོང་འབྲོག་ཁུལ་དང་གྲོང་ཁྱེར་གྱི་སློབ་མའི་གྲངས་རིག་སློབ་ཁྲིད་གཞིར་བཟུང་ནས་གླེང་བ་སྟེ། དེ་ནི་གྲངས་རིག་སློབ་སྦྱོང་ལ་སྐད་ཡིག་གང་ཞིག་བེད་སྤྱད་རྒྱུའི་གནད་དོན་མིན་པར། གྲངས་རིག་གི་ཆུ་ཚད་ཇི་ལྟར་ཇེ་མཐོར་གཏོང་བའི་ཐབས་ལམ་ཡིན། དེ་ཡང་གོང་མཐོར་གཏོང་བའི་ཐབས་ལམ་བཙལ་ན། ཐོག་མར་མདུན་སྐྱོད་ཀྱི་འགག་རྡོ་གང་ཡིན་པ་གསལ་པོར་ངེས་དགོས། སྤྱིར་གྲངས་རིག་སློབ་ཁྲིད་ཁྲོད་དཀའ་གནད་མི་ཉུང་བ་ཡོད་མོད། ཕྲན་གྱིས་སློབ་ཁྲིད་ཀྱི་ལག་ལེན་ཁྲོད་བྱུང་བའི་ཉམས་མྱོང་ཅུང་ཙམ་སྨྲས་ན། དཀའ་གནད་ཐམས་ཅད་ཀྱི་གཙོ་བོ་གཅིག་ནི་ཡིག་ཐོག་གི་སྐད་ཆ་དང་བྱིས་པའི་ཁ་སྐད་གཉིས་ཀྱི་བར་ཁྱད་དེ་རེད་སྙམ། 《མི་རིགས་ས་ཁུལ་གྱི་བོད་སྐད་གྲངས་རིག་གི་སློབ་སྦྱོང་དཀའ་ཁག་ཅན་གྱི་སློབ་མ་བྱུང་བའི་རྒྱུ་རྐྱེན་དང་དེ་བསྒྱུར་བཅོས་གཏོང་བའི་ཐབས་ལམ》ཞེས་པར་ཡང་།“བོད་སྐད་གྲངས་རིག་གི་སྐད་ཆར་གོ་བ་ལེན་པའི་དཀའ་ཁག་ནི། སློབ་སྦྱོང་དཀའ་ཁག་ཅན་གྱི་སློབ་མ་བྱུང་བའི་རྒྱུ་རྐྱེན་དང་པོ་ཡིན་པར”①བསྟན་འདུག སློབ་ཁྲིད་སྐད་ཡིག་ལ་གོ་བ་ཡང་དག་པར་ལེན་ཐུབ་མིན་ཏེ་སྒྲ་གདངས་ཀྱི་ཆ་དང་། ཐ་སྙད་ཀྱི་ཆ། བརྡ་སྤྲོད་ཀྱི་ཆ་བཅས་ཕྱོགས་གསུམ་ལ་རག་ལས་ཡོད། འདིར་དེ་དག་གིས་སློབ་ཆུང་གྲངས་རིག་སློབ་ཁྲིད་དུ་དཀའ་ངལ་ཅི་ཞིག་ཇི་ལྟར་བྱུང་དུ་བཅུག་པ་དང་། དཀའ་ངལ་དེ་དག་ཇི་ལྟར་སེལ་བའི་ཐབས་གླེང་བར་བྱའོ། །

དང་པོ། སློབ་ཁྲིད་སྐད་ཆའི་ཁ་སྐད་དང་ཡིག་སྐད་ཀྱི་སྒྲ་གདངས་མི་འདྲ་བས་དཀའ་ངལ་བྱུང་ཚུལ་བཤད་པ།

སྤྱིར་བོད་ཀྱི་ཡུལ་སྐད་ཀྱི་ཁྱད་པར་གཙོ་བོ་སྒྲ་གདངས་ལས་བྱུང་བ་སྟེ། 《བོད་ཀྱི་ཡུལ་སྐད་རྣམ་བཤད》དུ།“བོད་ཀྱི་ཡུལ་སྐད་སོ་སོའི་ཁྱད་ཆོས་ནི། ཆེས་ཐོག་མར་སྒྲ་གདངས་ཀྱི་ཐད་ནས་མངོན་པ་ཧ་ཅང་མངོན་གསལ་ཡིན་ལ། ཡུལ་གྲུ་ཕན་ཚུན་བར་གྱི་བརྡ་མི་འཕྲོད་པའི་འབྲེལ་འདྲིས་ཀྱི་བཀག་རྒྱ་དེ་ཡང་གཙོ་བོ་སྒྲ་གདངས་ཐད་ནས་འབྱུང་བ་ཤས་ཆེ།”②ཞེས་བསྟན་པ་ལྟར་རོ། ། དེང་སྐབས་སློབ་ཆུང་དུ་དགེ་རྒན་གྱིས་འཆད་པའི་ཡུལ་སྐད་དམ་ཡིག་སྐད་དང་། སློབ་མའི་ཡུལ་སྐད་བར་ཁྱད་པར་བྱུང་ནས་སློབ་མ་རྣམས་དགེ་རྒན་གྱི་སྐད་ཆ་ལ་གློ་བུར་དུ་ལོབས་དཀའ་བ་དང་། ཡང་འཛིན་གྲྭ་གཅིག་གི་སློབ་མ་ཡིན་ནའང་ལུང་སྐད་ཀྱི་ཁྱད་པར་ངེས་ཅན་ཡོད་པས། ཕན་ཚུན་འབྲེལ་འདྲིས་ཀྱི་ལས་ལ་འཇུག་དཀའ་བའི་གནས་ཚུལ་ཡོད། དཔེར་ན། ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་བོད་རིགས་སློབ་ཆུང་དུ་དགེ་སློབ་གཉིས་ཀའི་ཡོང་ཁུངས་ཀན་ལྷོ་ཁུལ་གྱི་རྫོང་དང་གྲོང་ཁྱེར་བདུན་དང་མཚོ་སྔོན་ཞིང་ཆེན་དུ་ཁྱབ་ཡོད། དགེ་སློབ་དེ་དག་སྤྱིར་བཤད་ན་ཨམ་སྐད་འཆད་མཁན་གྱི་ཁོངས་སུ་གཏོགས་མོད། ལུང་སྐད་མི་འདྲ་བ་མང་དུ་ཡོད་པས་སློབ་ཁྲིད་ཀྱི་ཕྱི་ནང་གཉིས་ཀའི་འབྲེལ་འདྲིས་ཁྲོད་དཀའ་ངལ་ལ་འཕྲད་བཞིན་ཡོད། འོག་ཏུ་ལོ་རིམ་དང་པོའི་གྲངས་རིག་སློབ་དེབ་ཁྲོད་ཀྱི་ཐ་སྙད་སྐོར་ཞིག་གི་སྒྲ་གདངས་དཔེར་དྲངས་ན་འདི་ལྟ་སྟེ།གཙོས་བོད་རིགས་སློབ་ཆུང་ལ་མཚོན་ན། འཛིན་གྲྭ་ཕལ་ཆེ་བར་གོང་དུ་བཀོད་པའི་ས་གནས་མི་འདྲ་བ་དེ་དག་ཚང་མ་ནས་ཐོན་པའི་སློབ་མ་ཡོད་ལ། འཛིན་གྲྭ་ལ་ལའི་སློབ་མའི་ཐོན་ཁུངས་དེ་ལས་ཀྱང་རྒྱ་ཆེ་བ་ཡོད། 

5f100744abe95.jpg

གོང་གི་རེའུ་མིག་ལས་གསལ་པ་ལྟར། འཛིན་གྲྭ་གཅིག་ཏུ་ཡོད་པའི་དགེ་སློབ་དག་གིས་ཐ་སྙད་གཅིག་ལ་སྒྲ་གདངས་མི་འདྲ་བ་གསུམ་རེའང་འཆད་བཞིན་ཡོད་པ་མཐོང་ཐུབ། སྤྱིར་བཤད་ན་བོད་ལ་ཡུལ་སྐད་ཅི་ཙམ་མང་ཡང་དེའི་སྒྲ་གདངས་ཀྱི་ཆོས་ཉིད་ལ་ཐུན་མོང་གི་ཆ་ངེས་ཅན་ལྡན་པས། མི་དར་མ་ཞིག་ཡིན་ན་ཨམ་སྐད་དུ་ནང་ཁུལ་དུ་གོ་བརྡ་མི་འཕྲོད་པ་རྩ་བ་ནས་མེད་མོད། ལོ་རིམ་དང་པོའི་སློབ་མར་མཚོན་ན་ཡུལ་སྐད་ཀྱི་ཆོས་ཉིད་འཛིན་མི་ཤེས་པས། རང་ཉིད་དང་ཡུལ་སྐད་མི་གཅིག་པའི་དགེ་རྒན་དང་སློབ་གྲོགས་ཀྱི་སྐད་ཆ་གོམས་ལོབས་སུ་འགྱུར་བ་ལ་དུས་ཡུན་ངེས་ཅན་ཞིག་དགོས་པ་དང་།གནས་ཚུལ་དེས་གྲངས་རིག་སློབ་སྦྱོང་ལ་དཀའ་ངལ་ལྷག་མ་ཞིག་སྤྲོད་བཞིན་ཡོད་དོ། ། དཀའ་ངལ་དེ་ནི་གྲངས་རིག་སློབ་ཁྲིད་ཀྱི་ཆེད་སྤྱོད་ཐ་སྙད་ཙམ་ལས་བྱུང་བ་མ་ཡིན་པར། དགེ་རྒན་གྱི་སློབ་ཁྲིད་སྐད་ཆའི་ཁྲོད་བེད་སྤྱོད་པའི་མིང་དང་ཐ་སྙད་མང་པོ་ཞིག་གི་སྒྲ་གདངས་ལས་བྱུང་བ་སྟེ། དཔེར་ན། 8དང9གཉིས་ལས་གང་ཆུང་ཞེས་པའི་ཚིག་འདི་ལས། གང་ཞེས་པ་ནི་རྒྱུན་སྤྱོད་ཀྱི་སྤྱི་སྒྲ་ཞིག་ཡིན་མོད། དགེ་རྒན་ཁ་ཅིག་གིས་ཡི་གེ་ཀློག་དུས་བླ་བྲང་གི་ཡི་གེ་ཀློག་སྟངས་ལྟར་གང[kaŋ]ཞེས་ཀློག་པ་དང་།ཡང་རྒྱུན་ལྡན་དུ་སློབ་གསོ་དང་སློབ་ཁྲིད་བྱེད་དུས་རང་གི་ཡུལ་སྐད་ལྟར་ཀཱ[kɑ]ཞེས་བརྗོད་པ་ལྟ་བུ་རེད།

གཉིས་པ། སློབ་ཁྲིད་སྐད་ཆའི་ཁ་སྐད་དང་ཡིག་སྐད་ཀྱི་མིང་བརྡ་མི་འདྲ་བས་དཀའ་ངལ་བྱུང་ཚུལ་བཤད་པ།

བོད་ལ་སྐད་གསར་བཅད་མ་བྱས་པར་ལོ་ངོ་བརྒྱ་ཕྲག་དུ་མ་ཕྱིན་པས། ཡིག་སྐད་དང་ངག་ཐོག་སྐད་ཆའི་བར་དུ་ཁྱད་པར་ངེས་ཅན་བྱུང་ཡོད། དེ་ལས་ཕྱོགས་གཅིག་ནི་མིང་བརྡ་མི་འདྲ་བའི་སྐོར་ཏེ། ཡུལ་སོ་སོས་སྤྱོད་པའི་མིང་བརྡ་ཕན་ཚུན་མི་འདྲ་བ་མང་དུ་ཡོད་ལ། ད་དུང་ཡིག་ཐོག་ཏུ་ཕབ་དཀའ་བའི་ཡུལ་སྐད་ཀྱི་མིང་བརྡའང་ངེས་ཅན་ཞིག་ཡོད་དོ། ། མིང་བརྡ་ཞེས་པ་ནི་དོན་གང་ཞིག་སྟོན་བྱེད་ཀྱི་སྒྲ་ནི་མིང་དང་མིང་གང་གིས་བསྟན་པའི་དོན་ནི་བརྡ་སྟེ་སྒྲ་དོན་གཉིས་ཀའི་ཆ་སྟོན་པའོ། ། མིང་བརྡ་མི་འདྲ་བ་འདིས་ཀྱང་སློབ་ཆུང་གྲངས་རིག་སློབ་ཁྲིད་ལ་དཀའ་ངལ་འགའ་ཞིག་སྣོན་བཞིན་འདུག དེ་ཡང་ཕྱོགས་འགའ་ཞིག་ནས་དབྱེ་ཞིབ་བྱས་ཆོག

1.མིང་གཅིག་ལ་ཡུལ་སྐད་དུ་གོ་བ་ལེན་ཚུལ་མི་འདྲ་བ་དང་། དོན་གཅིག་སྟོན་པ་ལ་ཡུལ་སྐད་དུ་སྤྱོད་པའི་མིང་མི་འདྲ་བས་དཀའ་ངལ་བྱུང་བ།

ཡིག་ཐོག་གི་མིང་གཅིག་ལ་ཡུལ་ལུང་མི་འདྲ་ན་གོ་བ་ལེན་ཚུལ་མི་འདྲ་སྟེ། དཔེར་ན། ཐོན་ཞེས་པའི་མིང་འདིའི་ཐོག་མའི་དོན་ནི་ནང་ནས་ཕྱི་ལ་བུད་པའི་དོན་ཡིན་ལ། འཕྲོས་པའི་དོན་ནི་སླེབས་པ་ལའང་འཇུག དབུས་གཙང་སྐད་དུ་ད་ལྟའང་ཐོག་མའི་དོན་ལྟར་བེད་སྤྱོད་ཅིང་། ཨམ་སྐད་དུ་འཕྲོས་པའི་དོན་ལྟར་བེད་སྤྱོད་པ་རེད། སློབ་དེབ་སྒྲིག་མཁན་རྣམས་ཀྱིས་ཐོན་ཞེས་པ། ཐོག་མའི་དོན་ནམ་སྤྱི་ཁྱབ་ཀྱི་དོན་ལྟར་བེད་སྤྱད་དེ་གྲངས་རིག་གི་དྲི་བ་སྣ་ཚོགས་བཏོན་ཡོད་མོད། ཨམ་སྐད་འཆད་ཡུལ་གྱི་སློབ་མ་ཚོས་རང་གི་གོམས་ལོབས་སུ་གྱུར་པའི་དོན་ཏེ་སླེབས་པ་ལྟར་གོ་བ་ལེན་པ་རེད། དེའི་ཕྱིར། སློབ་ཆུང་གྲངས་རིག་སློབ་ཁྲིད་ལས། འགྲིམ་འགྲུལ་དང་འབྲེལ་བའི་དྲི་བ་ལ་གོ་བ་ལེན་དུས་དཀའ་ངལ་ཅུང་ཟད་འབྱུང་བཞིན་ཡོད། དཔེར་ན། སྒྲོལ་མ་ཁྱིམ་ནས་སློབ་གྲྭར་ཐོན་ཞེས་པ་ལྟ་བུ་ལ་མཚོན་ན། ཚིག་འདིའི་དོན་ནི་སྒྲོལ་མ་ཁྱིམ་ནས་སློབ་གྲྭའི་ཕྱོགས་སུ་ཡོང་བ་མ་གཏོགས་སླེབས་པའི་ངེས་པ་མེད་ནའང་། ཨམ་སྐད་བརྗོད་མཁན་ཞིག་ཡིན་ན་སླེབས་ཟིན་པར་ངོས་འཛིན་པ་ལྟ་བུ། དེ་བཞིན་དུ་སློབ་དེབ་སྒྲིག་མཁན་རྣམས་ཀྱིས་བོད་སྤྱི་ལ་ཁྱབ་པའི་ཡིག་སྐད་ལྟར་མིང་བརྡ་བེད་སྤྱད་ཅིང་ཚིག་སྦྱོར་སྤེལ་མོད། སློབ་ཁྲིད་ལག་བསྟར་མཁན་གྱི་དགེ་རྒན་ཁ་ཅིག་དང་བསྐྱར་སྦྱོང་དཔེ་དེབ་སྒྲིག་མཁན་ཁ་ཅིག་གིས། སློབ་དེབ་ཀྱི་མིང་བརྡ་དང་མ་བསྟུན་པར་རང་གི་གོམས་གཤིས་སམ་ཡུལ་སྐད་ལྟར་མིང་བརྡ་སྤྱད་པས། སློབ་མ་རྣམས་ཀྱིས་ཐ་སྙད་ལ་གོ་བ་ལེན་པ་དང་གང་ཞིག་བེད་སྤྱོད་པར་གདམ་གསེས་བྱེད་དཀའ་བའང་ཡོད། དཔེར་ན། གྲངས་རིག་སློབ་དེབ་ཏུ་བྱུང་ཚད་ཆེས་མཐོ་བའི་ག་ཚོད་ཅེས་པའི་ཐ་སྙད་འདིའི་ཚབ་ཏུ་བསྐྱར་སྦྱོང་དེབ་ཁ་ཤས་ཀྱིས་ཡིག་ཐོག་ནས་དུ་ཞེས་བཀོད་པ་དང་།དགེ་རྒན་ཁ་ཅིག་གིས་ངག་ཐོག་ནས་ག་ཚོད་ཀྱི་ཚབ་ལ་ཆི་འདྲ(ཅི་འདྲ)ཟེར་བ་ལྟ་བུ་དང་། ཡང་ཀླད་གོར་ལ་ཐིག་ལེའམ་ཐིག་ཅེས་འབོད་པ་ལྟ་བུའོ། །

2.སློབ་དེབ་གསར་རྙིང་གཉིས་སུ་བེད་སྤྱད་པའི་བརྡ་ཆད་མི་གཅིག་པས་དཀའ་ངལ་བྱུང་བ།

བོད་ཡིག་ཅན་གྱི་གྲངས་རིག་སློབ་དེབ་ནི། འོས་འགན་སློབ་གསོའི་རྒྱ་ཡིག་ཅན་གྱི་སློབ་དེབ་ཀྱི་བསྒྱུར་བཅོས་ལ་བསྟུན་ཏེ་འགྱུར་ལྡོག་གཏོང་བཞིན་ཡོད་དེ། རྒྱ་ཡིག་ཅན་གྱི་སློབ་དེབ་གསར་པ་བྱུང་ན་དེ་ཐད་ཀར་བོད་ཡིག་ཏུ་སྒྱུར་བཞིན་ཡོད་པ་རེད། བོད་ཡིག་ཏུ་བསྒྱུར་བའི་སྐབས་སུ་སྔར་གོམས་ལོབས་སུ་གྱུར་པའི་ཐ་སྙད་མང་པོ་ཞིག་བེད་མ་སྤྱད་པར་གསར་དུ་བསྒྱུར་པའི་གནས་ཚུལ་འདུག ཐ་སྙད་གསར་དུ་བསྒྱུར་བའི་དགོས་པ་ནི། དོན་གྱི་ཁྱད་པར་གསལ་པོར་འབྱེད་པ་དང་སྟབས་བདེ་བ་སོགས་ལ་དམིགས་ཡོད་པ་མངོན་གསལ་ཡིན་པས། ཐ་སྙད་གསར་པ་དེ་དག་ལ་དགེ་མཚན་ངེས་ཅན་ལྡན་པར་མཐོང་ཐུབ། འོན་ཀྱང་། སློབ་དེབ་གསར་པ་དེ་དག་བེད་སྤྱོད་ཀྱི་གོ་རིམ་ཁྲོད་དགེ་རྒན་རྣམས་སྔོན་ཆད་སྤྱད་མྱོང་བའི་ཐ་སྙད་ལ་གོམས་པའི་དབང་གིས། དགེ་རྒན་གྱི་སློབ་ཁྲིད་སྐད་ཆའི་ཁྲོད་སྔོན་ཆད་དང་ད་ལྟའི་བརྡ་ཆད་གཉིས་ཀ་བེད་སྤྱོད་པའི་སྣང་ཚུལ་བྱུང་།གནས་ཚུལ་འདིས་སློབ་མ་རྣམས་ཀྱིས་བརྡ་ཆད་དག་ལ་གོ་བ་ལེན་པར་དཀའ་ངལ་ལྷག་མ་ཞིག་སྣོན་བཞིན་ཡོད་དེ། དགེ་རྒན་རང་གིས་བཟོས་པའི་དྲི་བའི་ཁྲོད་སྔོན་ཆད་ཀྱི་བརྡ་ཆད་སྤྱད་པས་སློབ་མས་གོ་བ་མ་ལོན་པའི་གནས་ཚུལ་འདུག་ལ། ཁྱད་པར་དུ་སློབ་གསེང་གི་སྦྱང་གཞི་སོགས་པར་གཞི་རྙིང་པ་ཡིན་པའམ། ཡང་ན་རྩོམ་སྒྲིག་པས་སློབ་དེབ་གསར་པར་རྒྱུས་ལོན་གསལ་པོ་མ་བྱས་པ་ཡིན་ན། སྦྱང་གཞི་དེ་དག་གི་ཁྲོད་སྔོན་གྱི་བརྡ་ཆད་སྤྱད་ཡོད་པས་སློབ་མས་སྦྱང་གཞིའི་དྲི་བར་གོ་བ་ཡང་དག་པ་ཞིག་ལེན་མི་ཐུབ། རྒྱུན་སྤྱོད་བརྡ་ཆད་འགའ་ཞིག་དཔེར་དྲངས་ན་འདི་ལྟ་སྟེ།

5f1006c683375.jpg

གསུམ་པ། སློབ་ཁྲིད་སྐད་ཆའི་ཁ་སྐད་དང་ཡིག་སྐད་ཀྱི་བརྡ་སྤྲོད་ཁྱད་ཆོས་མི་འདྲ་བས་དཀའ་ངལ་བྱུང་ཚུལ་བཤད་པ།

སྤྱིར་བོད་ཀྱི་ཡུལ་སྐད་བར་གྱི་ཁྱད་པར་དང་།ཡིག་ཐོག་དང་ངག་ཐོག་གི་ཁྱད་པར་ནི་གཙོ་བོ་སྒྲ་གདངས་ལ་ཐུག་ཡོད་པས། མི་ཕལ་མོ་ཆེས་བོད་ཀྱི་བརྡ་སྤྲོད་ས་གང་དུ་སོང་ཡང་ཕལ་ཆེར་གཅིག་གྱུར་ཡིན་པར་འདོད། བརྡ་སྤྲོད་ལ་ཞིབ་འཇུག་བྱེད་ན་ཕྱོགས་བཞི་ནས་ཞིབ་འཇུག་བྱ་དགོས་ཏེ། བརྡ་སྤྲོད་ཀྱི་གོ་བ་དང་། བརྡ་སྤྲོད་ཀྱི་ཐབས་ལམ། བརྡ་སྤྲོད་ཀྱི་རྣམ་པ། བརྡ་སྤྲོད་ཀྱི་ཁྱབ་ཁོངས་བཅས་རེད། དེ་ནི་དེང་རབས་ཀྱི་སྐད་བརྡ་རིག་པའི་གཞུང་ལུགས་ལྟར་བརྡ་སྤྲོད་ལ་དབྱེ་ཞིབ་བྱེད་ཚུལ་རེད། གོང་དུ་བརྗོད་པ་བཞིན་བོད་སྐད་ཀྱི་ཡུལ་སྐད་སོ་སོའི་བརྡ་སྤྲོད་གཅིག་མཐུན་ཡིན་པར་བརྗོད་པ་ནི་བརྡ་སྤྲོད་ཀྱི་གོ་བའི་ཆ་དང་། བརྡ་སྤྲོད་ཀྱི་ཐབས་ལམ་གྱི་ཆ། བརྡ་སྤྲོད་ཀྱི་ཁྱབ་ཁོངས་བཅས་ཀྱི་ཐད་ནས་ཧ་ཅང་གཅིག་གྱུར་ཡིན་པས་རེད། འོན་ཀྱང་བརྡ་སྤྲོད་ཀྱི་རྣམ་པའི་ཆ་ནས་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་ཆེན་པོ་གསུམ་དང་། ཡང་ན་ལུང་སྐད་དག་གི་བར་ན་ཁྱད་པར་ངེས་ཅན་ཡོད་ལ། བརྡ་སྤྲོད་ཐབས་ལམ་གྱི་ཆ་ནས་ཀྱང་ཁྱད་པར་ཕྲན་བུ་བྱུང་ཡོད། དེ་བཞིན་དུ་ཡུལ་ལུང་སོ་སོའི་ཁ་སྐད་དམ་ངག་ཐོག་གི་སྐད་ཆ་དང་ཡིག་ཐོག་སྐད་ཆའི་བར་གྱི་ཁྱད་པར་ཡང་དེ་དང་གཅིག་འདྲ་རེད། བརྡ་སྤྲོད་ཀྱི་ཁྱད་པར་དེ་དག་གིས་བོད་ཡིག་སློབ་སྦྱོང་དང་། བོད་ཡིག་གིས་སློབ་གསོ་སློབ་ཁྲིད་བྱེད་པར་དཀའ་ལས་ངེས་ཅན་བཟོ་བཞིན་ཡོད། འདིར་ཆེད་དུ་གྲངས་རིག་སློབ་ཁྲིད་ཁྲོད་དཀའ་ངལ་བཏོན་ཚུལ་ལས་གཙོ་བོ་འགའ་ཞིག་བརྗོད་ན།

1.ཡིག་སྐད་ཀྱི་ཕྲད་དང་ཁ་སྐད་ཀྱི་ཕྲད་མི་མཐུན་པ།

5f1006afb4c2e.jpg

བོད་ཀྱི་སྐད་ཆ་ནི་ཚིག་ཕྲད་ལ་བརྟེན་ནས་རྣམ་དབྱེ་སོགས་ཀྱི་དོན་སྟོན་པ་དང་། སྒྲ་གདངས་ཀྱི་གཟུགས་འགྱུར་ལ་བརྟེན་ནས་བྱ་ཚིག་གི་དུས་གསུམ་སྐུལ་ཚིག་སོགས་སྟོན་པ་ནི་བརྡ་སྤྲོད་ཀྱི་རྩ་བའི་ཁྱད་ཆོས་ཡིན་ལ། ད་ལྟའི་ཡུལ་སྐད་དག་གི་བརྡ་སྤྲོད་ཀྱི་རྩ་བའི་ཁྱད་ཆོས་ཀྱང་དེ་དང་གཅིག་པ་རེད། འོན་ཀྱང་། ཕྲད་ཀྱི་རྣམ་པ་ལ་འགྱུར་ལྡོག་ངེས་ཅན་ཞིག་བྱུང་ཡོད་ཅིང་། ཡིག་ཐོག་གི་ཕྲད་དང་ངག་ཐོག་གི་ཕྲད་གཉིས་མི་འདྲ་བ་སྟེ། དེ་ལ་ཡིག་ཐོག་གི་ཕྲད་དང་ངག་ཐོག་གི་ཕྲད་མི་གཅིག་པ་དང་། ཡིག་སྐད་དུ་ཕྲད་གཅིག་ཡིན་ཡང་ཁ་སྐད་དུ་ཕྲད་གཅིག་ཙམ་གྱིས་མི་སྟོན་པ་དང་། ཁ་སྐད་དུ་ཕྲད་མེད་ཀྱང་ཡིག་ཐོག་ཏུ་ངེས་པར་སྦྱར་དགོས་པ་སོགས་ཡོད།སློབ་ཆུང་ལོ་རིམ་དང་པོ་དང་གཉིས་པའི་སློབ་མ་དག་ལ་མཚོན་ན། གྲངས་རིག་སློབ་དེབ་དང་། སྦྱང་གཞི་སོགས་ཀྱི་ཁྲོད་དུ་བྱུང་བའི་ཚིག་ཕྲད་སྐོར་ཞིག་གི་ནུས་པ་གསལ་པོར་མ་ཤེས་པས་གྲངས་རིག་དྲི་བར་གོ་བ་ལེན་པར་དཀའ་ངལ་འབྱུང་བཞིན་འདུག དེ་ཡང་སློབ་ཆུང་ལོ་རིམ་དང་པོའི་གྲངས་རིག་དེབ་དང་པོའི③ཐོག་མའི་སྡེ་ཚན་འགའ་གཞིར་བཞག་ནས་བཤད་ན། སྡེ་ཚན་དེ་དག་གི་ཁྲོད་ཚིག་ཕྲད་སྐོར་ཞིག་བྱུང་བ་ནི་ངག་ཐོག་གི་ཕྲད་དང་མི་མཐུན་ཏེ། རེའུ་མིག་གིས་མཚོན་ན།གོང་གི་རེའུ་མིག་ཏུ་བཀོད་པ་ནི། དེབ་དང་པོའི་སྡེ་ཚན་གཅིག་ནས་གསུམ་བར་གྱི་ནང་དོན་དུ་བྱུང་བའི་ཕྲད་ཀྱི་དཔེ་མཚོན་འགའ་ཞིག་ཡིན། དེར་བལྟས་ན། སྡེ་ཚན་ཐོག་མ་དེ་གསུམ་དུ་འབྲེལ་སྒྲ་དང་། འབྱུང་ཁུངས་ཀྱི་ཕྲད། ལ་དོན་གྱི་ཕྲད། དང་སྒྲ། ནི་སྒྲ་བཅས་བྱུང་ཡོད་ཅིང་། དེ་དག་ཕལ་མོ་ཆེ་ཁ་སྐད་དང་མི་མཐུན་པས། དགེ་རྒན་གྱིས་ཡིག་ཐོག་ནས་ཀློག་པའམ་ཡིག་སྐད་དུ་བཤད་ན། སློབ་མས་དྲི་བའམ་ཚིག་དེ་དག་གི་དོན་གོ་དཀའ་བར་གདོན་མི་ཟའོ། །

2.བྱ་ཚིག་སྦྱོར་སྟངས་མི་མཐུན་པ།

སྤྱིར་བྱ་ཚིག་ནི་རྟགས་འཇུག་གི་གཞུང་དང་སྔོན་གྱི་བརྡ་སྤྲོད་བསྟན་བཅོས་རྣམས་སུ་སྦྱོར་ཚུལ་གྱི་ཆོས་ཉིད་དང་ཁྱད་ཆོས་ཅུང་ཞིབ་རྒྱས་སུ་བསྟན་ཡོད་མོད། དེ་དག་ནི་འདས་པའི་ལོ་ངོ་སྟོག་ཕྲག་གཅིག་ཡས་མས་ཀྱི་བོད་སྐད་ཀྱི་ཁྱད་ཆོས་འབའ་ཞིག་བརྗོད་བཞིན་ཡོད་པ་དང་། བོད་སྐད་ལ་ལོ་ངོ་སྟོང་ཕྲག་གི་འགྱུར་བ་བྱུང་བས། ད་ལྟའི་ཡུལ་སྐད་གང་ཞིག་ཡིན་ནའང་རྟགས་འཇུག་གི་གཞུང་ཇི་བཞིན་དུ་སྐད་ཆ་འཆད་བཞིན་མེད་པར། དུས་ད་ལྟ་བ་དང་མ་འོངས་པ་གཉིས་ཀར་བྱ་ཚིག་གཅིག་ཁོ་ན་བེད་སྤྱོད་ཅིང་། དུས་ཀྱི་ཁྱད་པར་ནི་གཙོ་བོ་ཚིག་གྲོགས་ལ་བརྟེན་ནས་སྟོན་བཞིན་ཡོད་དོ། ། གལ་ཏེ་ཡིག་ཐོག་ཏུ་རྟགས་འཇུག་གི་གཞུང་ལས་བསྟན་པའམ་སྔོན་གྱི་དག་ཡིག་ཏུ་བསྟན་པ་ཇི་བཞིན་དུ་བྱས་ན། མཚམས་མཚམས་སུ་ངག་ཐོག་གི་སྐད་ཆ་དང་བར་ཐག་རིང་དྲགས་པས་བེད་སྤྱད་ན་སྟབས་མི་བདེ་ཞིང་། སློབ་ཆུང་ལོ་རིམ་དམའ་ཤོས་ཤིག་ལ་མཚོན་ན་གོ་བ་ལེན་དཀའ་བར་གྱུར། དཔེར་ན། སློབ་ཆུང་གྲངས་རིག་ཏུ་སྡོང་པོ་འཛུགས་པ་དང་འབྲེལ་བའི་དྲི་བ་ཧ་ཅང་མང་པོ་ཡོད་དེ། སྡོང་པོ་སོགས་འཛུགས་པའི་མ་འོངས་པའི་ཡི་གེ་ནི་སྔོན་གྱི་དག་ཡིག་རྣམས་སུ་གཟུགས་ཞེས་པར་གཏན་འཁེལ་བྱས་ཀྱང་། ད་ལྟའི་བོད་ཀྱི་ཡུལ་སྐད་གང་ཞིག་ཡིན་ནའང་འཛུགས་ཀྱི་མ་འོངས་པ་ལ་གཟུགས་ཞེས་སྦྱོར་མཁན་མེད་པར་ཚང་མས་འཛུགས་ཞེས་པ་སྦྱོར་ཏེ། མ་འོངས་པ་ཡིན་ན་རྗེས་ཀྱི་ཚིག་གྲོགས་དགོས་དང་རྒྱུ་སོགས་ཀྱིས་སྟོན་བཞིན་ཡོད། དེའི་ཕྱིར་སློབ་དེབ་ཏུ་སྡོང་པོ་ག་ཚོད་འཛུགས་དགོས་ཞེས་བཀོད་ཡོད་ལ། ཡང་སྦྱོང་དེབ་ལ་ལར་སྡོང་པོ་ག་ཚོད་གཟུགས་དགོས་ཞེས་བཀོད་པ་ལྟ་བུ།ཁྱད་པར་དུ་དགེ་སློབ་རྣམས་ལ་དཀའ་ཁག་ཅིག་ཡོད་པ་ནི། མ་འོངས་པ་ཚིག་གྲོགས་ཀྱིས་སྟོན་ན་ཚིག་གྲོགས་ཀྱི་མདུན་དུ་ད་ལྟ་བའི་ཡི་གེའི་གཟུགས་སམ་མ་འོངས་པའི་ཡི་གེའི་གཟུགས་གང་རུང་ཞིག་གཅིག་གྱུར་གྱིས་བཀོད་ན་སྟབས་བདེ་མོད། དེ་ལ་ངེས་གཏན་མེད་པར་བྱ་ཚིག་ལ་ལར་མ་འོངས་པའི་གཟུགས་བཀོད་ཅིང་།ལ་ལར་ད་ལྟ་བའི་གཟུགས་བཀོད་ཡོད་པས། དགེ་སློབ་ཚོར་གྲངས་རིག་གི་དྲི་བ་བཟོ་བ་དང་དྲིས་ལན་འདེབས་པ་སོགས་ལ། ཚིག་སྦྱོར་གྱི་ཆ་ནས་གང་ཞིག་སྦྱར་ན་འགྲིག་མིན་གྱི་གཞི་འཛིན་ས་མེད་པར་གྱུར་ཡོད། འདིར་གྲངས་རིག་སློབ་དེབ་ལོ་རིམ་བཞི་པའི་སྟོད་ཆ④ལས། མ་འོངས་པའི་དོན་མཚོན་པ་ལ་ཚིག་གྲོགས་དགོས་ཞེས་པ་སྦྱར་པ་རྣམས་དཔེར་དྲངས་ན། བྱ་ཚིག་ད་ལྟ་བ་ལ་དགོས་ཞེས་པ་སྦྱར་པ་ནི། ཀློག་དགོས། འབྲི་དགོས། བྱེད་དགོས། རྒྱག་དགོས། སྐོང་དགོས། འདེབས་དགོས། འགོད་དགོས། འབྱུག་དགོས། སྟོན་དགོས། འཐེན་དགོས། འཇུག་དགོས། གཅོད་དགོས་ཞེས་པ་ལྟ་བུ་དང་། བྱ་ཚིག་མ་འོངས་པ་ལ་དགོས་ཞེས་པ་སྦྱར་པ་ནི། སྦྱང་དགོས། བསྡུར་དགོས། བསྒྲིག་དགོས། བརྩི་དགོས། བལྟ་དགོས། གཞལ་དགོས། བཤད་དགོས། བགོ་དགོས། བཅའ་དགོས་ཞེས་པ་ལྟ་བུ་རེད། ད་དུང་ཐུབ་ཅེས་པའི་མ་འོངས་པ་མཚོན་པའི་ཚིག་གྲོགས་དེའི་སྔོན་ལའང་བྱ་ཚིག་མ་འོངས་པ་དང་ད་ལྟ་བ་གཉིས་ཀ་གང་བྱུང་དུ་སྦྱར་ཡོད་དེ། བཀླག་ཐུབ་བམ།(p8)ཇི་ལྟར་ཡང་དག་པར་ཀློག་ཐུབ། (p30)འབྲི་ཐུབ་བམ། བརྩི་ཐུབ་བམ། བྱེད་ཐུབ་བམ། ག་ཚོད་འགེངས་ཐུབ། ག་ཚོད་གསག་ཐུབ། ཅི་ཞིག་འདོན་ཐུབ། ཅི་ཞིག་འཐོབ་ཐུབ། ཇི་ལྟར་བཟའ་ཐུབ། ཅེས་བཀོད་པ་ལྟ་བུའོ། །

བཞི་པ། སློབ་ཁྲིད་སྐད་ཆའི་ཁ་སྐད་དང་ཡིག་སྐད་ཀྱི་བར་ཁྱད་ཀྱིས་སློབ་ཆུང་གྲངས་རིག་སློབ་ཁྲིད་དུ་དཀའ་ངལ་བྱུང་བ་སེལ་ཐབས་ཀྱི་བསམ་འཆར།

1.བོད་ལ་སྤྱི་སྐད་ཅིག་ལག་བསྟར་བྱས་ཡོད་ན། རྒྱ་སྐད་སྨྲ་བའི་བྱིས་པ་རྣམས་ལྟར་ངག་ཐོག་དང་ཡིག་ཐོག་གི་སྒྲ་གདངས་དང་བརྡ་སྤྲོད་སོགས་གཅིག་གྱུར་ཡིན་པས། ལོ་རིམ་དང་པོ་ཞིག་ལ་མཚོན་ན། ཡི་གེ་ངོས་མི་ཟིན་ནའང་དགེ་རྒན་གྱིས་སློབ་དེབ་ངོས་ཀྱི་ཡི་གེ་བཀླགས་ན། སློབ་མ་རྣམས་ཀྱིས་དེ་མ་ཐག་ཏུ་དོན་གོ་འགྲོ་བ་རེད། འོན་ཀྱང་། བོད་ལ་སྤྱི་སྐད་མེད་པས་སློབ་ཁྲིད་དུ་དཀའ་ངལ་ལྷག་མ་འབའ་ཞིག་བྱུང་བ་གོང་ནས་བརྗོད་ཟིན་པ་ལྟར་རེད། དེའི་ཕྱིར། ད་ལྟ་བོད་ཁུལ་གྱི་གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་དང་སྡེ་བ་མང་པོ་ཞིག་ན་བྱིས་སྐྱོང་ཁང་བཙུགས་ཡོད་པས། བྱིས་སྐྱོང་གླིང་དུ་བྱིས་པ་རྣམས་ཡུལ་ཕྱོགས་དེའི་སྤྱི་སྐད་དམ་ཡི་གེའི་ཀློག་སྟངས་ལྟར་གྱི་ཁ་བརྡ་ལ་བྱང་བར་བྱ་རྒྱུ་ནི་སློབ་ཆུང་སློབ་གསོའི་རྨང་གཞི་གལ་ཆེན་ཞིག་རེད། འདིར་བརྗོད་པའི་ཡུལ་ཕྱོགས་ཀྱི་སྤྱི་སྐད་ཅེས་པ་ནི། དཔེར་ན། ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་གྱི་བོད་རིགས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ལ་མཚོན་ན། དགེ་རྒན་རྣམས་ཀྱི་ཡི་གེ་ཀློག་སྟངས་གཅིག་གྱུར་ཡིན་ཏེ། བླ་བྲང་ས་ཁུལ་གྱི་ཡུལ་སྐད་དམ་ཨ་མདོའི་རོང་མ་འབྲོག་གི་ཡུལ་སྐད (ཡུལ་སྐད་འདི་ནི་ཨ་མདོའི་ས་ཆ་གང་ཡིན་ཡང་ཚང་མས་དང་ལེན་བྱེད་སླ)ལྟར་ཀློག་པ་རེད། ཡི་གེ་ཀློག་སྟངས་འདི་ནི་ཨ་མདོའི་ས་ཁུལ་ལ་མཚོན་ན་སྤྱི་སྐད་ལྟར་གྲུབ་ཡོད། དེའི་ཕྱིར་བྱིས་སྐྱོང་ཁང་དུ་དགེ་རྒན་རྣམས་ཀྱིས་ཡི་གེ་ཀློག་པ་ཙམ་མ་ཡིན་པར་རྒྱུན་ལྡན་གྱི་ཁ་བརྡའི་ཁྲོད་དུའང་ལག་བསྟར་བྱེད་རྒྱུ་གལ་ཆེ་སྙམ། དེ་ལྟར་བྱས་ན་ལོ་རིམ་དང་པོའི་སྐབས་སུ་དགེ་རྒན་གྱིས་སློབ་དེབ་ངོས་ཀྱི་ཡི་གེ་བཀླགས་མ་ཐག་ཏུ་སློབ་མས་ནང་དོན་ཕལ་ཆེ་བ་གོ་ཐུབ། གལ་ཏེ་ལོ་རིམ་དང་པོ་ལ་དེ་ལྟ་བུའི་རྨང་གཞི་སྔོན་དུ་སོང་མེད་པ་ཡིན་ན། དགེ་རྒན་གྱིས་ཡི་གེ་བཀླགས་རྗེས་སློབ་མ་ཚོར་གོ་བ་ལེན་ཚུལ་བཤད་དུ་འཇུག་པ་དང་། ནོར་འཁྲུལ་ཡོད་ན་འགྲེལ་བཤད་བྱས་ཏེ་མུ་མཐུད་དུ་ཡི་གེ་ཀློག་སྟངས་ལྟར་ཁ་བརྡ་བྱས་ཏེ་སློབ་མ་ཚོར་གོམས་སུ་འཇུག་དགོས། དེ་ལྟར་མ་བྱས་པར་སྐབས་ཐོག་ཏུ་གོ་བ་ལེན་པ་ཙམ་ལ་དམིགས་ཏེ་ནམ་ཡིན་ཡང་ལུང་སྐད་ཆུང་ཆུང་གང་ཞིག་གི་ཁ་སྐད་ཀྱི་ལམ་ནས་སློབ་ཁྲིད་བྱས་ན། སློབ་མ་རྣམས་ཀྱིས་ཡིག་ཐོག་དང་ངག་ཐོག་གི་བར་ཐག་སྟུང་མི་ཐུབ་པས། བོད་ཡིག་སློབ་སྦྱོང་ལ་མི་དགའ་ཞིང་བེད་སྤྱོད་ལ་དེ་ལས་ཀྱང་མི་དགའ་བའི་སྣང་ཚུལ་འབྱུང་བ་རེད། ཐ་ན་སློབ་ཆུང་ལོ་རིམ་དམའ་ཤོས་ཀྱི་གྲངས་རིག་རྒྱུགས་འབྲས་ལའང་གནོད་པ་ངེས་ཅན་ཡོད་དེ། གྲངས་རིག་སློབ་ཁྲིད་ཀྱི་སྐབས་སུ་བོད་ཡིག་ཡོད་པའི་དྲི་བ་གང་ཞིག་ཡིན་ནའང་། དགེ་རྒན་གྱིས་ཐེངས་གཅིག་བཀླགས་རྗེས་དེ་མ་ཐག་ཏུ་རྒྱུ་མཚན་ཡང་གསལ་བཤད་བྱས་ཏེ་སློབ་མ་ཚོར་དྲིས་ལན་ལ་བསམ་བློ་གཏོང་དུ་འཇུག་པ་རེད། རྒྱུགས་ཀྱི་སྐབས་སུ་སློབ་དེབ་དང་སྦྱོང་དེབ་ངོས་ཀྱི་དྲི་བ་དང་ཡོངས་སུ་གཅིག་པའི་དྲི་བ་ཉུང་བ་དང་། བོད་ཡིག་ཅུང་མང་བའི་དྲི་བ་ཞིག་བྱུང་ཚེ། རྒྱུགས་ལེན་དགེ་རྒན་གྱིས་རྒྱུགས་ཀྱི་སྒྲིག་ལམ་ལྟར་ཡིག་ཐོག་ནས་ཀློག་པ་ཙམ་མ་གཏོགས་དེ་ལ་འགྲེལ་བཤད་བྱས་མི་ཆོག་པ་རེད། འགྲེལ་བཤད་མ་བྱས་པ་ཡིན་ན། སློབ་མས་དྲི་བའི་ནང་དོན་གསལ་པོ་མ་གོ་བས་རྒྱུགས་ལན་བྲིས་པ་འགྲིག་དཀའ། དེ་བས་རང་ཤུགས་སུ་སློབ་མའི་སྐར་གྲངས་དམའ་བར་ཆགས་འགྲོ། དེ་ནི་བོད་རིགས་བྱིས་པ་རྣམས་ལ་གྲངས་རིག་སློབ་སྦྱོང་གི་ནུས་པ་ཞན་པའི་རྐྱེན་མིན་པར་ཡིག་ཐོག་གི་དྲི་བ་ལ་གོ་བ་མ་ལོན་པས་སོ། །

2.བརྡ་ཆད་གསར་པ་བེད་སྤྱོད་དང་རྒྱུན་བཀོལ་ཐ་སྙད་འདེམས་སྟངས་ཀྱི་ཐད་ནས། ཐོག་མར་དགེ་རྒན་གྱིས་སློབ་ཆུང་ལོ་རིམ་དྲུག་པོའི་སློབ་དེབ་ཀྱི་ནང་དོན་ལ་རྒྱུས་ལོན་གསལ་པོ་བྱ་རྒྱུ་གལ་ཆེ། སློབ་དེབ་བཅུ་གཉིས་པོར་རྒྱུས་ལོན་གསལ་པོ་ཞིག་མ་བྱས་ན། བརྡ་ཆད་གསར་པ་དག་བློ་ན་མེད་པས་གང་བྱུང་དུ་རང་གི་བློ་ན་ཡོད་པའི་ཐ་སྙད་རྙིང་པ་དག་སྤྱོད་པ་དང་། སློབ་མ་རྣམས་དགེ་རྒན་གྱི་ཐ་སྙད་ལ་གོམས་པར་གྱུར་ན། སློབ་དེབ་དང་སྦྱོང་དེབ་སོགས་ཀྱི་ཐ་སྙད་ལ་གོ་བ་ལེན་པར་དཀའ་ངལ་འབྱུང་བ་རེད།

རྒྱུན་སྤྱོད་ཐ་སྙད་ཀྱི་ཕྱོགས་ནས་རང་གི་ཡུལ་ལུང་གི་ཐ་སྙད་བསྐྱུར་ཏེ་སློབ་དེབ་ཏུ་བཀོད་པ་དང་བོད་སྤྱི་ལ་ཁྱབ་པའི་ཐ་སྙད་སྤྱད་ན། སློབ་མས་གྲངས་རིག་དྲི་བར་གོ་བ་ལེན་པ་དང་དྲིས་ལན་འདེབས་སླ་བར་འགྱུར་ལ། བོད་ཀྱི་སྤྱི་སྐད་ཆགས་པའམ་ཡིག་ཐོག་གི་ཚད་ལྡན་སྐད་ཆ་ཁ་སྐད་དུ་ཁྱབ་བརྡལ་གཏོང་བ་ལའང་ནུས་པ་ཐོན་སྲིད། དཔེར་ན། སློབ་མ་ཚང་མས་ཞལ་འདེབས་ཕུལ་བ་བསྡོམས་ན་ག་ཚོད་ཡོད་ཅེས་པའི་དྲི་བ་འདི་ལས་ཚང་མ་ཞེས་པ་དང་། ག་ཚོད་ཅེས་པ་ནི་བོད་སྤྱི་ལ་ཁྱབ་པའི་རྒྱུན་སྤྱོད་ཀྱི་ཐ་སྙད་གཉིས་ཡིན་མོད། གཙོས་ས་ཁུལ་གྱི་དགེ་རྒན་རྣམས་ཀྱིས་ཚང་མ་ཞེས་པ་ལ་ཁ་ཅིག་གིས་ཧ་ནེའམ་ཧ་ནེ་བོ་དང་། ཁ་ཅིག་གིས་ཀུན་པོ། ཁ་ཅིག་གིས་སྡེབ་ཀོ ཁ་ཅིག་གིས་ཡོད་ཚད་པོ་ཟེར་བ་ལྟ་བུ་དང་། ག་ཚོད་ཅེས་པ་ལ་ཁ་ཅིག་གིས་དུ་དང་། ཁ་ཅིག་གིས་ཆི་འདྲ་ཟེར་བ་ལྟ་བུ་ཁ་སྐད་ཁོ་ན་སློབ་ཁྲིད་དུ་བེད་སྤྱད་པས། སློབ་གྲོགས་ཕན་ཚུན་དང་། དགེ་སློབ་ཕན་ཚུན་ཁ་བརྡ་བྱེད་དུས་ཁ་སྐད་སྤྱོད་པ་རེད། དེའི་ཕྱིར་སློབ་མ་ཚོས་ཡིག་ཐོག་ནས་རྩོམ་འབྲི་བ་དང་ལན་འདེབས་པ་སོགས་ནི་སེམས་ལ་གང་ཤར་ཚིག་ཏུ་རང་ཤུགས་སུ་གྲུབ་པ་མིན་པར། ནམ་ཡིན་ཡང་ཐ་སྙད་གང་ཞིག་བེད་སྤྱོད་པ་ལ་བསམ་བློ་ལྷག་མ་གཏོང་དགོས་པ་སྟེ་ལོ་ཙཱ་བྱེད་པ་ལྟ་བུའི་དཀའ་ངལ་འབྱུང་བ་རེད། གལ་ཏེ། སློབ་མ་རྣམས་ཡིག་སྐད་དམ་བོད་སྤྱི་ལ་ཁྱབ་པའི་ཐ་སྙད་དག་ལ་གོམས་ཡོད་ཚེ། དཀའ་ངལ་དེའི་ཚད་ཧ་ཅང་དམའ་བར་འགྱུར་སྲིད།

3.བརྡ་སྤྲོད་ཀྱི་སྐོར་ལས་ཡིག་སྐད་དང་ཁ་སྐད་ཀྱི་ཚིག་ཕྲད་མི་མཐུན་པའི་ཆ་ནས། དགེ་རྒན་རྣམས་ཀྱིས་སློབ་ཁྲིད་ཀྱི་སྐད་ཆ་ཙམ་མ་ཡིན་པར། རྒྱུན་སྤྱོད་ཀྱི་ཁ་བརྡའི་ཁྲོད་དུ་ཡིག་ཐོག་གི་ཚིག་ཕྲད་སྤྱོད་པ་དང་། སློབ་མ་རྣམས་ལའང་སློབ་ར་ཙམ་མ་ཡིན་པར་ཁྱིམ་ཚང་ནང་ནས་ཀྱང་ཡིག་སྐད་དང་མཐུན་པའི་ཁ་བརྡ་བྱེད་པར་སྐུལ་མ་གཏོང་དགོས། དེའང་ཅུང་ཞིབ་ཏུ་བཤད་ན། དགེ་རྒན་གྱིས་སློབ་ཁྲིད་ཀྱི་སྐད་ཆའི་ཁྲོད་དུ་ཡིག་ཐོག་གི་ཚིག་ཕྲད་བེད་སྤྱོད་དགོས་པ་མ་ཟད། ཐོབ་ཐང་དང་བསྟུན་ནས་བེད་སྤྱད་ན་འགྲིག་ཅིང་། རྒྱུན་ལྡན་གྱི་ཁ་བརྡའི་ཁྲོད་དུ་བྱེད་འབྲེལ་དང་ལ་དོན་སོགས་ཐོབ་ཐང་ལ་བསྟུན་པའི་ཁ་བརྡ་ཞིག་མ་བྱས་ནའང་། ཡིག་ཐོག་ཏུ་ཚིག་ཕྲད་ངེས་པར་སྦྱར་དགོས་པ་ལ་ཁ་སྐད་དུ་ཚིག་ཕྲད་མི་སྦྱར་བ་རྣམས་ཡོ་བསྲང་བྱེད་པ་དང་། ཁ་སྐད་དུ་ཡིག་འབྲུ་འགའ་ཞིག་གིས་དོན་སྟོན་པ་ནི། ཡིག་སྐད་དུ་ཕྲད་ཅིག་གིས་བསྟན་ཆོག་པ་རྣམས་ཚིག་ཕྲད་ཀྱིས་སྟོན་པར་ཧུར་བརྩོན་བྱེད་དགོས། དེ་དག་ཨམ་སྐད་ལས་དཔེར་བརྗོད་འགའ་ཞིག་གིས་མཚོན་ན། སྒྲོལ་མ་ལ་བཤད་ལྟ་བུ་ནི་ཡིག་ཐོག་ཏུ་ལ་སྒྲ་སྦྱར་དགོས་ཀྱང་། ཁ་སྐད་དུ་ལ་སྒྲ་མི་སྦྱར་བ་དང་། སྒྲོལ་མ་ནི་བཀྲ་ཤིས་ལས་ལོ་ཆུང་ཞེས་ནི་ཁ་སྐད་དུ་སྒྲོལ་མ་བཀྲ་ཤིས་ལ་བལྟས་ན་ལོ་ཆུང་ཞེས་ཟེར་ཏེ། ནི་སྒྲའི་ཚབ་ལ་ཚིག་གི་བར་མཚམས་ཅུང་ཟད་བཞག་ནས་སྟོན་པ་དང་། ལས་སྒྲའི་ཚབ་ཏུ་ལ་བལྟས་ན་ཞེས་ཚིག་ཕྲད་གཉིས་དང་བྱ་ཚིག་གཅིག་བཅས་ཡིག་འབྲུ་གསུམ་གྱིས་མཚོན་པ་ལྟ་བུའོ། །

བྱ་ཚིག་སྦྱོར་སྟངས་གཅིག་གྱུར་མིན་པའི་དཀའ་ངལ་སེལ་ཐབས་ནི། སྤྱིར་སྐད་ཡིག་བཀས་བཅད་ཀྱི་ལས་ཀ་ཞིག་ཡིན་མོད། བོད་ཡིག་ལ་མཚོན་ན་ལོ་རྒྱུས་རིང་ཞིང་བསྟན་བཅོས་མང་བ་དང་། ཡུལ་སྐད་མང་བ་བཅས་ཀྱི་དབང་གིས་སྐད་གསར་བཅད་དང་བཀས་བཅད་བྱེད་དཀའ་བ་རེད། དུས་ད་ལྟ་བཀས་བཅད་བྱས་ཀྱང་ལག་བསྟར་བྱེད་པའི་སྟོབས་ཤུགས་ཆུང་བས་འགྲུབ་དཀའ། འོ་ན། སྐད་ཡིག་བེད་སྤྱོད་ཁྲོད་བྱ་ཚིག་སྦྱོར་སྟངས་གཅིག་གྱུར་མིན་པ་དེ་ཇི་ལྟར་ཐག་གཅོད་ཐུབ་ཅེ་ན། བྱ་ཚིག་བེད་སྤྱོད་འདི་ཁ་སྐད་ཀྱི་ཕྱོགས་སུ་གཞོལ་ན་འགྲིག་པར་སྙམ། བོད་ཀྱི་ཡུལ་སྐད་ཆེན་པོ་གསུམ་གང་ཡིན་ཡང་བྱ་བའི་དུས་མ་འོངས་པ་དང་ད་ལྟ་བའི་ཁྱད་པར་ནི་ཚིག་གྲོགས་ཀྱིས་སྟོན་པ་ཡིན་ལ། བྱ་ཚིག་གཅིག་པུ་ལ་མཚོན་ན་སྤྱིར་བཏང་དུ་བྱ་ཚིག་ད་ལྟ་བ་སྦྱོར་བ་དང་། ཡུལ་ལུང་ལ་ལ་ནས་བྱ་ཚིག་མ་འོངས་པ་སྦྱོར་བ་ཡང་རེ་འགའ་ཡོད་དོ། ། འོ་ན་དེ་ཇི་ལྟར་འདེམས་དགོས་ཤེ་ན། བྱ་ཚིག་གང་ཞིག་རྒྱུགས་ཆེ་ན་དེ་འདེམས་པ་དང་། གལ་ཏེ་སྒྲ་གདངས་གཅིག་ཡིན་ན་ཡི་གེ་ཟོར་ཡང་བ་འདེམས་པ་ནི་སྐད་ཆ་དང་ཡི་གེ་གོང་འཕེལ་དུ་འགྲོ་བའི་ཁ་ཕྱོགས་དང་མཐུན་པར་སྙམ། གོང་དུ་དཀའ་ངལ་བྱུང་ཚུལ་ལ་དབྱེ་ཞིབ་བྱས་པ་ལས་མཐོང་བ་ནི། བྱ་བ་མ་འོངས་པ་སྟོན་པར་ཚིག་གྲོགས་དགོས་ཞེས་པ་སྦྱར་བའི་ཁྲོད་དུ། རྒྱག་དགོས། སྐོང་དགོས་ཞེས་སྔོན་འཇུག་བ་ཡིག་མ་སྦྱར་བ་ཡོད་ལ། བསྡུར་དགོས། བསྒྲིག་དགོས། བརྩི་དགོས། བལྟ་དགོས་ཞེས་སྔོན་འཇུག་བ་སྦྱར་ཡོད་པའང་འདུག དེ་དག་ནི་སྔོན་འཇུག་བ་ཡོད་མེད་ཀྱིས་དོན་ལ་ཁྱད་པར་འབྱེད་བཞིན་མེད་དེ། རྒྱག་དགོས་དང་སྐོང་དགོས་ལ། བརྒྱག་དགོས་དང་བསྐོང་དགོས་ཞེས་སྔོན་འཇུག་བ་བྲིས་ནའང་དོན་སྔར་བཞིན་མི་འགྱུར་ལ། བསྡུར་དགོས་དང་བསྒྲིག་དགོས་སོགས་ལ་སྡུར་དགོས་དང་སྒྲིག་དགོས་སོགས་སྔོན་འཇུག་བ་མ་བྲིས་ཀྱང་སྐབས་དོན་གཞན་མི་སྟོན་པ་མཐོང་ཐུབ། དེའི་ཕྱིར་བྱ་ཚིག་ད་ལྟ་བའི་ཡི་གེའི་གཟུགས་དེ་བྱ་བའི་དུས་ད་ལྟ་དང་མ་འོངས་གཉིས་ལ་བེད་སྤྱད་ཆོག་པར་སྙམ། བྱ་ཚིག་གི་སྦྱོར་སྟངས་འདི་ནི་སྐད་ཡིག་བེད་སྤྱོད་ཞིབ་འཇུག་གི་ལས་ཀ་ཞིག་ཡིན་པ་མ་གཏོགས། གྲངས་རིག་སློབ་ཁྲིད་ཀྱི་འགན་འཁུར་ཞིག་མ་ཡིན། འོན་ཀྱང་།

གྲངས་རིག་དགེ་རྒན་ཞིག་ཡིན་ན་གྲངས་རིག་སློབ་ཁྲིད་དུ་སྐད་ཡིག་ཇི་ལྟར་བེད་སྤྱད་ན། སློབ་མའི་སྦྱངས་འབྲས་ལེགས་པར་འགྲོ་ཐུབ་མིན་གྱི་ཞིབ་འཇུག་དང་ཉམས་མྱོང་ཕྱོགས་སྡོམ་བྱེད་པ་ནི་གཡོལ་མི་ཐུབ་པའི་འོས་འགན་ཞིག་ཀྱང་ངོ་། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།