ཀྲུང་གོ་བོད་ཀྱི་དྲ་བ།

འཆད་ཐབས་ལག་ལེན་བྱེད་ཚུལ་ཅུང་ཟད་གླེང་བ།

ཡོང་ཁུངས། : བོད་ཀྱི་སློབ་གསོ་སྤྱིའི་དེབ248ལས་དྲངས།   རྩོམ་པ་པོ། : འཇམ་དབྱངས་བཀྲ་ཤིས།   སྤེལ་དུས། : 2020-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

[གནད་བཏུས] འཆད་ཐབས་ནི་རྟག་པར་སྤྱོད་པའི་སློབ་ཁྲིད་བྱེད་ཐབས་ཤིག་ཡིན་ཡང་། ཐབས་འདིར་སྐྱོན་ཡོན་གཉིས་ཀ་ཡོད་པས། དགེ་རྒན་གྱིས་ཐབས་འདི་ལག་ལེན་བྱེད་པའི་སྐབས་སུ། སྐྱོན་སྤོང་ཞིང་ཡོན་ཏན་རྩལ་དུ་བཏོན་ཏེ། དགེ་རྒན་གྱི་འཆད་ཡུན་སྟུང་ཞིང་སློབ་མའི་སྦྱོང་ཡུན་སྲིང་ཅི་ཐུབ་བྱས་ནས། སློབ་མའི་རྩལ་དང་ནུས་པར་སྐྱེད་གདོན་པར་འབད་པ་དགེ་རྒན་གྱི་གཞོལ་བྱའོ། །

[གནད་ཚིག] འཆད་ཐབས། ལག་ལེན། གླེང་བ།

འཆད་ཐབས་ནི་དགེ་རྒན་གྱིས་བཤད་པར་སློབ་མས་མཉན་ནས་སློབ་ཁྲིད་བྱེད་པའི་ཐབས་ཤིག་ཡིན། སློབ་ཁྲིད་བྱེད་སྐབས་དགེ་རྒན་གྱིས་བསླབ་བྱའི་ནང་དོན་འགྲེལ་བཤད་བྱེད་པ། གནས་ཚུལ་དང་བྱུང་རབས་མཚམས་སྦྱོར་བྱེད་པ། ཕྱོགས་སྡོམ་བྱེད་པ། གྱེར་འདོན་བྱེད་པ། སློབ་མའི་དྲི་བར་ལན་འདེབས་པ་ཀུན་ནི་འཆད་ཐབས་ཀྱི་ཁོངས་སུ་གཏོགས། སློབ་མ་ལས་ལས་དང་པོ་བ་རྣམས་ལ་དགེ་རྒན་གྱིས་བཤད་ནས་འཁྲིད་ཀྱིན་ཡོད་པ་དང་། བསླབ་བྱ་ལས་ཐ་སྙད། ངེས་སྲོལ། སྤྱི་འགྲོས། རྩ་བའི་རིགས་པ་སོགས་ཀྱི་མཚན་ཉིད། རྒྱུ་མཚན། ལག་ལེན་བྱེད་སྟངས་སོགས་ངག་ལམ་ནས་བརྗོད་རུང་བ་རྣམས་ཀྱང་དགེ་རྒན་གྱིས་བཤད་ནས་འཁྲིད་ཀྱིན་ཡོད།

འཆད་ཐབས་ནི་སྟབས་བདེ་བ་དང་ལས་ཆོད་ཆེ་བའི་དབང་གིས། སློབ་ཁྲིད་དུ་ཐབས་འདི་སྤྱོད་མཁན་ཤིན་ཏུ་མང་། འོན་ཀྱང་ཐབས་འདིར་དགེ་རྒན་གྱིས་འཆད་པ་དང་སློབ་མས་ཉན་པ་ལས། སློབ་མས་དགེ་རྒན་ལ་ལན་འདེབས་པའི་གོ་སྐབས་མེད་པས། སློབ་མའི་རྩལ་དང་ནུས་པ་སྦྱོང་མ་ཐུབ་པ་སོགས་ཀྱི་སྐྱོན་མི་ཉུང་བ་ཡོད། སློབ་ཁྲིད་དུ་འཆད་ཐབས་ཀྱི་སྐྱོན་རྣམས་སྤོང་བ་དང་ཡོན་ཏན་གྱི་རྩལ་འདོན་པའི་སླད་དུ། རྩོམ་འདིར་འཆད་པའི་ཡོན་ཏན་དང་སྐྱོན་དག་སོ་སོར་བསྟན་ནས། འཆད་ཐབས་ལག་ལེན་བྱེད་ཚུལ་དང་འཆད་པའི་སྐྱོན་སེལ་ཐབས་འགའ་གླེང་བར་བྱའོ། །

དང་པོ། འཆད་ཐབས་ཀྱི་ཡོན་ཏན་དང་སྐྱོན།

1.འཆད་ཐབས་ཀྱི་ཡོན་ཏན།

(1)ལས་ཆོད་ཆེ་བ།

དུས་ཚོད་ངེས་ཅན་ལ་ལས་ཀ་འགྲུབ་པའི་མང་ཉུང་གི་ཚད་ལ་ལས་ཆོད་ཟེར། དཔེར་ན། ཚོགས་ཐུན་གཅིག་གི་སྐར་མ45ལ་བསླབ་བྱ་མང་ཙམ་འཁྲིད་ཐུབ་ན། དེ་ལ་སློབ་ཁྲིད་ཀྱི་ལས་ཆོད་ཆེ་བ་དང་། བསླབ་བྱ་ཉུང་ཙམ་ལས་འཁྲིད་མ་ཐུབ་ན། དེ་ལ་སློབ་ཁྲིད་ཀྱི་ལས་ཆོད་ཆུང་ཟེར་བ་ལྟ་བུའོ། ། སློབ་ཁྲིད་དུ་དགེ་རྒན་གྱིས་འཆད་ཐབས་བསྟེན་ན། བསླབ་བྱའི་ནང་དོན་དཀའ་མོ་མང་པོ་སླ་མོར་འགྲེལ་ཐུབ་པའི་དབང་གིས། སློབ་མས་དུས་ཐུང་ངུར་ཤེས་བྱ་མང་པོ་ཐོས་པ་དང་། མིའི་རིགས་ཀྱིས་ལོ་སྟོང་ཕྲག་དུ་མར་བསགས་པའི་རིག་པ་སློབ་དེབ་ཏུ་བཀོད་པ་རྣམས་སློབ་མ་རང་ཉིད་ཀྱིས་རྩད་གཅོད་ཀྱི་ངལ་བ་བྱ་མི་དགོས་པར་ཤེས་ཐུབ་པས། འཁྲིད་ཐབས་གཞན་དག་ལས་འཆད་ཐབས་ཀྱི་ལས་ཆོད་ཆེ།

(2)ཟབ་ཁྱད་འཐོན་པ།

སློབ་དེབ་ལ་སློབ་མ་རང་ཉིད་ཀྱིས་བལྟས་པ་ཙམ་གྱིས། བསླབ་བྱའི་གོ་དོན་ཆ་ཚང་བ་དང་གཏིང་ཟབ་མོ་ལོན་དཀའ་བས། དགེ་རྒན་གྱིས་བསླབ་བྱའི་ནང་དོན་བཤད་ཅིང་དབྱེ་ཞིབ་བྱས་ན། སློབ་མས་གོ་བ་གཏིང་ཟབ་མོ་ལོན། དེ་བས་འཆད་ཐབས་ཀྱིས་སློབ་མས་གོ་རྟོགས་ལ་ཟབ་ཁྱད་འདོན་ཐུབ།

(3)ཁྱབ་རྒྱ་ཆེ་བ།

དགེ་རྒན་གྱིས་འཆད་པའི་སྐབས་སུ། སྐབས་བབ་བསླབ་བྱར་དགེ་རྒན་རང་ཉིད་ཀྱི་ཡོན་ཏན་ངང་ངམ་ཤུགས་ཀྱིས་འདྲེ་བར་འགྱུར་བས། དགེ་རྒན་མཁས་པས་ཁྲིད་ཚེ། སློབ་དེབ་ལས་འདས་པའི་ཤེས་བྱ་མང་པོ་སློབ་མ་ལ་འཆད་ཐུབ་པས། འཆད་ཐབས་ཀྱིས་བསླབ་བྱའི་ཁྱབ་རྒྱ་སྐྱེད་ཐུབ།

གཞན་ཡང་འཆད་ཐབས་ལ་དགེ་རྒན་གྱིས་གཞུང་དོན་འགྲེལ་བདེ་བ། སློབ་མའི་ཡོན་ཚད་དང་ཁམས་ལ་བསྟུན་ཐུབ་པ། སློབ་མ་དུས་སུ་སྐུལ་ཐུབ་པ། དགེ་རྒན་ཉམས་མྱོང་ཅན་ལ་གྲ་སྒྲིག་བྱེད་བདེ་བོར་ཡོད་པ། རྒྱུ་ཆ་མྱུར་བར་སྟོན་ཐུབ་པ། དགེ་རྒན་རང་གི་ཁྱད་ཆོས་མཚོན་ཐུབ་པ་སོགས་ཀྱི་ཡོན་ཏན་ཡང་ཡོད།

2.འཆད་ཐབས་ཀྱི་སྐྱོན།

(1)རྩལ་དང་ནུས་པ་སྦྱོང་མི་ཐུབ་པ།

དེང་རབས་ཀྱི་སེམས་ཁམས་རིག་པའི་ལྟ་བ་ལྟར་ན། མིའི་རིགས་ཀྱིས་ངོས་ཟིན་པའི་ཆོས་དང་ཆོས་ཉིད་མཚོན་བྱེད་ཀྱི་བརྡ་དེ་ལ་ཤེས་བྱ་ཟེར་ཏེ། དཔེར་ན། སློབ་དེབ་ཏུ་བྱུང་བའི་ཐ་སྙད། སྤྱི་འགྲོས། རྩ་བའི་རིགས་པ། ལག་ལེན་བྱེད་ཐབས་སོགས་ཡི་གེར་བཀོད་པ་མཐའ་དག་ནི་ཤེས་བྱ་ཡིན། ཤེས་བྱ་དེ་དག་སློབ་མས་ཉམས་སུ་བླངས་ནས་བློར་བྱང་གོམས་སུ་སོང་བའི་ཆ་དེ་ལ་རྩལ་ཟེར་ཏེ། དཔེར་ན། སློབ་མས་རྩིས་མ་ནོར་བར་རྒྱག་པར་བྱང་བ་དང་། ཚིག་སྦྱོར་སྡེབ་ལེགས་པར་སྤེལ་བར་བྱང་བ་ལྟ་བུའོ། ། ཤེས་བྱ་དང་རྩལ་ལ་གོམས་འདྲིས་བྱུང་ནས་བྱ་བ་ཞིག་སྒྲུབ་ཐུབ་པའི་འཇོན་ཐང་དེ་ལ་ནུས་པ་ཟེར་ཏེ། དཔེར་ན། སློབ་མས་རྒྱུགས་གཞིའི་ཕྱོགས་བསྡུས་རང་བཞིན་ཅན་གྱི་གནད་དོན་རྣམས་དབྱེ་ཞིབ་ཐག་གཅོད་བྱེད་ཐུབ་པ་དང་། རྩོམ་ཡིག་ཡག་པོ་འབྲི་ཤེས་པ་དང་། རང་ཉིད་གཅིག་པུས་ལས་ཀ་ཞིག་ལེགས་པར་སྒྲུབ་ཐུབ་པ་ལྟ་བུའོ། །

སློབ་ཁྲིད་དམིགས་ཚད་ཀྱི་གཞུང་ལུགས་ལྟར་ན། སློབ་མས་ཤེས་བྱ་ཁོང་དུ་ཆུད་པར་བྱས་ནས་རྩལ་དང་ནུས་པ་ལ་སྐྱེད་གདོན་པར་བྱ་བ་ནི། དགེ་རྒན་གྱིས་སློབ་ཁྲིད་བྱེད་པའི་དམིགས་ཡུལ་ཡིན་ལ། སློབ་མས་སློབ་སྦྱོང་བྱེད་པའི་དམིགས་ཡུལ་ཡང་ཡིན། དཔེར་ན། སྐད་ཡིག་གི་བསླབ་གཞིར་བཀོད་པའི་ཚིག་ཕྲད་དང་ཚིག་རྒྱན་གྱི་གོ་དོན་དང་སྦྱོར་སྟངས་ནི་ཤེས་བྱའི་སློབ་ཁྲིད་དམིགས་ཚད་ཡིན། སློབ་མས་དེ་དག་གི་གོ་དོན་དང་སྦྱོར་སྟངས་རྟོགས་རྗེས། ཉམས་སུ་བླངས་ནས་སྦྱང་བ་ཡང་ཡང་བྱས་པར་བརྟེན་ནས། ཚིག་ཕྲད་དང་རྒྱན་རྣམས་མ་ནོར་བར་སྦྱོར་བ་ལ་བྱང་གོམས་སུ་འགྲོ་བ་ནི་རྩལ་གྱི་སློབ་ཁྲིད་དམིགས་ཚད་ཡིན། རྩལ་དེ་ལ་བརྟེན་ནས་སློབ་མའི་ལྟ་ཀློག་དང་རྩོམ་པའི་ཡོན་ཏན་གོང་འཕེལ་དུ་གཏོང་རྒྱུ་ནི་ནུས་པའི་སློབ་ཁྲིད་དམིགས་ཚད་ཡིན།

ཤེས་བྱ་དང་རྩལ་དང་ནུས་པ་གསུམ་གྱི་འབྲེལ་བ་ནི། སྔ་མ་ཕྱི་མའི་རྒྱུ་ཡིན་ཞིང་། ཕྱི་མ་སྔ་མའི་འབྲས་བུ་ཡིན། སྔ་མའི་རྒྱུ་ལས་ཕྱི་མའི་འབྲས་བུ་སྐྱེད་བྱེད་ལ་རྐྱེན་དགོས་པས། སློབ་མའི་ཉམས་ལེན་དང་བསམ་གཞིག་ནི་རྒྱུ་དེའི་རང་འབྲས་སྐྱེད་བྱེད་ཀྱི་རྐྱེན་ཡིན། རྐྱེན་དེ་དང་མ་ཕྲད་ན་རྒྱུ་དེའི་འབྲས་བུ་འབྱུང་མི་ཐུབ་སྟེ། དཔེར་ན། དགེ་རྒན་གྱི་དྲུང་དུ་ཚིག་ཕྲད་དང་རྒྱན་སྦྱོར་ཚུལ་ཉན་རྗེས། དེ་ལ་སློབ་མ་རང་གིས་བསམ་བློ་བཏང་ནས་དཔེར་བརྗོད་མང་པོ་བཞག་ནས་སྦྱང་བ་ཡང་ཡང་མ་བྱས་ན། ཉན་པ་ཙམ་གྱིས་ཚིག་ཕྲད་དང་རྒྱན་སྦྱོར་བར་བྱང་གོམས་སུ་མི་འགྲོ་བ་ལྟ་བུ་དང་། ཡང་དཔེར་ན། དགེ་རྒན་གྱི་དྲུང་དུ་རྩིས་རྒྱག་ཐབས་ཐོས་ཀྱང་། སློབ་མ་རང་ཉིད་ཀྱིས་ཡང་ཡང་མ་བརྩིས་ན་བརྩི་བའི་གནས་ལ་མི་བྱང་བ་ལྟ་བུའོ། །

དགེ་རྒན་གྱིས་ཁ་གསལ་ཞིང་གོ་བདེ་བར་འཆད་ཚེ། སློབ་མས་མཉན་པ་གཙོར་བྱས་ནས་བསམ་གཞིག་མི་བྱེད་པ་དང་། བསམ་གཞིག་ཅུང་རེ་བྱས་ཀྱང་སློབ་མ་རྣམས་དགེ་རྒན་གྱི་གསང་ཐག་གིས་འཆིང་ཞིང་། སློབ་མའི་བསམ་གཞིག་བྱེད་སྐལ་ལ་དགེ་རྒན་གྱིས་ཚབ་བྱས་ཏེ། སློབ་མར་བསམ་གཞིག་བྱེད་དབང་མེད་པས། སློབ་མའི་དོགས་གཞི་ཀུན་བཀབ་ཅིང་སློབ་མར་དོགས་གཞི་མེད་པ་ལྟར་འགྱུར།

དེ་བས་སློབ་ཁྲིད་དུ་འཆད་ཐབས་ཁོ་ན་བསྟེན་པས། ཤེས་བྱ་དང་རྩལ་དང་ནུས་པ་དག་ཡ་བྲལ་དུ་གཏོང་བས། སློབ་མའི་རྩལ་དང་ནུས་པར་སྐྱེད་འདོན་མི་ཐུབ། སློབ་མའི་རྩལ་དང་ནུས་པར་སྐྱེད་གདོན་དགོས་ན། ཅིས་ཀྱང་སློབ་མར་ལག་ལེན་དང་བསམ་གཞིག་བྱེད་པའི་གོ་སྐབས་སྦྱིན་ཞིང་། སློབ་མར་ཐོས་བྱུང་གི་ཤེས་ཡོན་དེ་གནད་དོན་གཞན་ལ་སྤོ་བའི་གོ་སྐབས་སྦྱིན་དགོས།

(2)རང་སྟོབས་ཀྱིས་སློབ་སྦྱོང་བྱེད་པའི་འདུ་ཤེས་ཉམས་པ།

དགེ་རྒན་གྱིས་འཆད་རྐྱང་དང་སློབ་མས་ཉན་རྐྱང་བྱེད་པར་གོམས་ན། དགེ་རྒན་གྱིས་འཆད་པ་ཁ་ཇེ་གསལ་དང་ཇེ་ཚང་། གཏིང་ཇེ་ཟབ་འོང་བར་འབད་ཅིང་།དགེ་རྒན་ལ་རང་ཉིད་ཀྱིས་ཟབ་ཅིང་རྒྱས་པ་འཆད་མ་ཐུབ་ན། སློབ་མས་རྟོགས་མི་ཐུབ་པ་ལྟ་བུའི་འཁྲུལ་སྣང་སྐྱེས་ཏེ། མ་བཤད་ན་བློ་མི་བདེ་བར་གྱུར་ནས། སློབ་ཁྲིད་ནི་རིམ་གྱིས་མ་གླེན་མས་བུ་གསོ་བ་ལྟར་འགྱུར་རོ། །སློབ་མས་ཀྱང་རིམ་གྱིས་དགེ་རྒན་གྱི་འགྲེལ་བཤད་བསྒུག་པ་དང་། དཀའ་གནད་ཀུན་ཀྱང་དགེ་རྒན་གྱིས་དགྲོལ་བར་རེ་ལྟོས་བྱེད་ཅིང་ངན་ལང་ཤོར་བ་རེད། དགེ་རྒན་གྱིས་འཆད་པ་ཇི་ལྟར་ལེགས་ན། སློབ་མས་དགེ་རྒན་ལ་དེ་ལྟར་རེ་ལྟོས་བྱེད་པས། སློབ་མའི་སློབ་སྦྱོང་གི་རང་འགུལ་དང་རང་ཚུགས་ཀྱི་འདུ་ཤེས་ཉམས་པར་བྱེད་པ་རེད།གཞན་ཡང་། འཆད་ཐབས་ལ་དགེ་རྒན་གྱིས་སློབ་མས་རྟོགས་ཡོད་མིན་བརྟག་མི་ཐུབ་པ། དགེ་རྒན་ཉམས་མྱོང་མེད་པ་དག་གིས་འཆད་པ་མགྱོགས་ཆེ་བ། དགེ་རྒན་གྱིས་སློབ་མ་འཐད་ཡོད་པར་འོལ་ཚོད་བྱེད་པ། སློབ་མར་ཐོས་བྱུང་བློར་ཟིན་པ་ཤིན་ཏུ་ཉུང་བ། སློབ་མར་སུན་སྣང་སྐྱེ་བ། སློབ་མའི་དམིགས་རྒྱ་སློབ་སྦྱོང་བྱེད་ཐབས་གཞན་ལས་དོག་པ། སློབ་མར་བསླབས་ཟིན་པའི་ལྟ་བ་བེད་སྤྱོད་པའི་གོ་སྐབས་མེད་པ་སོགས་ཀྱི་སྐྱོན་ཡང་ཡོད།

གཉིས་པ། འཆད་ཐབས་ལག་ལེན་བྱེད་ཚུལ་འགའ།

1.སྒྲ་དག་ཅིང་བརྡ་དོན་གསལ་པ་དང་། ཆགས་ཐོགས་མེད་ཅིང་མགྱོགས་བུལ་རན་པར་འཆད་པ།

དགེ་རྒན་གྱིས་འཆད་པའི་ཚེ། སྒྲའི་ཟུར་ཐོན་པར་བྱས་ནས། མིང་གི་སྒྲ་གསལ་པོར་བརྗོད་གང་ཐུབ་བྱས་ནས་འཆད་དགོས། བརྡ་ཆད་ལ་བྱང་བའི་སློབ་མ་རྣམས་ལ་བརྡ་ཆད་བཤད་དེ། དེའི་མིང་གི་རྣམ་གྲངས་བརྗོད་མི་རུང་། ངག་ལ་ཐ་སྙད་གནད་དུ་ཁེལ་ཞིང་ཞིབ་ཆ་ཡོད་པ་རྣམས་བརྗོད་དེ། ཐ་སྙད་གོ་དོན་ཞིབ་ཆ་མེད་པ་དང་ནོར་ཉེན་ཆེ་བ་དག་སྤང་དགོས། ཡིག་སྐད་ཀྱི་ཚིག་དང་རྗོད་པ་རྣམས་ཁ་སྐད་དུ་བསྒྱུར་ནས། ཚིག་ཐུང་ཞིང་ཚིག་རོ་སྤངས་ནས་ཐོགས་པ་མེད་པར་འཆད་ཅིང་། འཆད་པའི་འགྲོས་རྒྱུན་པར་ཁ་བརྡ་བྱེད་པ་ལས་ཅུང་དལ་བ་སྟེ། དུས་ཚོད་སྐར་མ་རེར་ཚེག་བར་ཉིས་བརྒྱའི་ཚད་དུ་བྱས་ན་འཚམ།

2.བཤད་བྱའི་གོ་རིམ་འོས་ཤིང་འཚམ་པོར་བསྒྲིགས་ནས་འཆད་པ།

བཤད་བྱའི་གོ་རིམ་བསྒྲིགས་ནས་འཆད་སྟངས་ལ་བཞི་ཡོད།

(1)བཤད་བྱ་ཚན་པ་འགར་བགོས་ནས་འཆད་པ་སྟེ། སྐབས་བབ་བཤད་བྱ་སློབ་མས་གོ་བདེ་བའི་ཚན་པ་འགར་བགོས་ནས། ཚན་པ་རེ་རེ་བཞིན་འཆད་ཅིང་། ཚན་པ་གཅིག་ལ་གཅིག་མ་བསྲེས་པར། ཚན་པ་སོ་སོའི་སོ་མཚམས་གསལ་པོ་ཡོད་པར་བྱས་ནས་འཆད་པའོ། །

(2)བཤད་བྱའི་རིམ་པ་ལྟར་འཆད་པ་སྟེ། སྐབས་བབ་བཤད་བྱ་རང་ངོས་ཀྱི་དུས་ཀྱི་སྔ་ཕྱིའམ། བྱ་བའི་འབྱུང་རིམ་མམ། རྒྱུ་དང་འབྲས་བུའི་རིམ་པ་སོགས་ལ་བསྟུན་ནས་འཆད་པའོ། །

(3)བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་རིམ་པ་ལྟར་འཆད་པ་སྟེ། བཤད་བྱའམ་བསྒྲུབ་བྱ་སྔོན་དུ་བཤད་ནས། སྒྲུབ་བྱེད་རྣམས་དེའི་རྗེས་སུ་འཆད་པའོ། །

(4)སྡུར་སྒོའི་རིམ་པ་ལྟར་འཆད་པ། ཆོས་གཉིས་སམ་དུ་མ་བསྡུར་བ་འཆད་ཚེ། བསྡུར་བྱ་ལ་བསྡུར་བའི་སྒོ་དུ་མ་ཡོད་པས། སྔོན་ལ་བསྡུར་བའི་སྒོ་ཞིག་གཏན་ཁེལ་བྱས་ཏེ། ཆོས་དེ་དག་གི་སྡུར་སྒོ་དེའི་ཐད་ཀྱི་མཚུངས་ཆོས་དང་ཁྱད་ཆོས་འཆད་པ་དང་། དེའི་འཕྲོར་ཡང་བསྐྱར་སྡུར་སྒོ་ཞིག་གཏན་ཁེལ་བྱས་ནས། དེའི་མཚུངས་ཆོས་དང་ཁྱད་ཆོས་འཆད་པའོ། ། དཔེར་ན། མི་གཉིས་བསྡུར་བ་ལ། ན་ཚོད་ཀྱི་སྒོ་ནས་བསྡུར་བ། ལུས་སྟོབས་ཀྱི་སྒོ་ནས་བསྡུར་བ་སོགས་སྡུར་སྒོ་དུ་མ་ཡོད་པས། སྔོན་ལ་ན་ཚོད་ཀྱི་སྒོ་ནས་བསྡུར་ཏེ་འཆད་པ་དང་། དེའི་འཕྲོར་ལུས་སྟོབས་ཀྱི་སྒོ་ནས་བསྡུར་ཏེ་འཆད་པ་ལྟ་བུའོ། །

3.མཚན་ཉིད་དང་མཚན་གཞི་ཟུང་འབྲེལ་བྱས་ནས་འཆད་པ།

དགེ་རྒན་གྱིས་ཐ་སྙད་གསར་པ་དང་རྩ་བའི་རིགས་པ་གསར་པ་དག་འཆད་ཚེ། སྔོན་ལ་དེའི་མཚན་ཉིད་དམ་ཚད་གཞི་འཆད་པ་དང་། དེའི་འཕྲོར་དཔེར་བརྗོད་འཆད་པ་དང་། དེའི་འཕྲོར་ཡང་བསྐྱར་མཚན་ཉིད་དམ་ཚད་གཞི་འཆད་ན་སློབ་མས་རྟོགས་པར་ཕན། མཚན་གཞིའི་དཔེར་བརྗོད་འཇོག་ཚེ། འོས་པའི་དཔེ་དང་མི་འོས་པའི་དཔེ་གཉིས་ཀ་བཞག་ན་སློབ་མར་གོ་བ་བསྐྱེད་པར་ཕན། དཔེར་ན་རྟ་ཞེས་པའི་ཐ་སྙད་འཆད་པ་ལ། གསེབ་དང་རྒོད་མ་དང་ཐོ་རུ་སོགས་ནི་འོས་པའི་དཔེ་ཡིན་ལ། དྲེལ་ནི་མི་འོས་པའི་དཔེ་ཡིན་པ་ལྟ་བུའོ། །

ཕྲད་རང་དབང་ཅན་ཞེས་པའི་ཐ་སྙད་འཆད་པ་ལ། དེ་སྒྲ་དང་དང་སྒྲ་ནི་འོས་པའི་དཔེ་དང་། ལྷག་བཅས་དང་རྒྱན་སྡུད་ཀྱི་ཕྲད་ནི་མི་འོས་པའི་དཔེ་ཡིན་པ་ལྟ་བུའོ། །

འོས་པའི་དཔེ་ནི་ཐ་སྙད་དེའི་གནད་དུ་གྱུར་པའི་ཆོས་གཙོ་བོ་དག་ལྡན་པའི་དཔེ་ཡིན་ལ། མི་འོས་པའི་དཔེ་ནི་གནད་དུ་གྱུར་པའི་ཆོས་གཙོ་བོ་དག་དང་བྲལ་བའི་དཔེ་ཡིན། དཔེ་སྔ་མས་རིགས་སུ་སྡུད་བྱེད་ཀྱི་མཐུན་པའི་ཆོས་སྟོན་པ་དང་། དཔེ་ཕྱི་མས་རིགས་འབྱེད་བྱེད་ཀྱི་མི་མཐུན་པའི་ཆོས་སྟོན་ནོ། །

4.མཚམས་སྦྱོར་བ་དང་དྲན་སྐུལ་བྱེད་པའི་ཚིག་བརྗོད་ནས་འཆད་པ།

རྗོད་པ་དང་རྗོད་པའི་བར་དུ་ཚིག་ཕྲད་མེད་ན། ངག་གི་བརྗོད་དོན་གསལ་པོར་སྟོན་མི་ཐུབ་པས། རྗོད་པའི་བར་དུ་ཚིག་ཕྲད་ཀྱིས་མཚམས་སྦྱར་ན་དོན་གོ་བར་ཕན། དཔེར་ན།“བརྩོན་པ་མ་བྱས་ན་སྦྱངས་འབྲས་བཟང་པོ་ག་ལ་འབྱུང་། དེའི་སྟབས་ཀྱིས་སློབ་གྲོགས་རྣམ་པས་སློབ་སྦྱོང་ལ་སྡུག་རུས་བྱ་རྒྱུ་ཧ་ཅང་གལ་ཆེ།”ཞེས་པའི་ངག་ལ་མཚོན་ན།“དེའི་སྟབས་ཀྱིས”ཞེས་པའི་ཚིག་ཕྲད་འདུས་མ་འདིས་རྗོད་པའི་བར་ལ་མཚམས་སྦྱར་བ་མ་ཟད། བརྩོན་འགྲུས་དང་སྦྱངས་འབྲས་ཀྱི་འབྲེལ་བའང་གསལ་པོར་བསྟན་ཡོད་པ་ལྟ་བུའོ། ། དེ་བས“དེའི་རྐྱེན་གྱིས”དང“གལ་ཏེ”དང“ལ་བརྟེན་ནས”སོགས་རྗོད་པ་སྔ་ཕྱི་མཚམས་སྦྱོར་བྱེད་ཀྱི་ཚིག་ཕྲད་སྦྱར་ནས། རྗོད་པའི་བར་གྱི་འབྲེལ་བ་གསལ་པོར་སྟོན་དགོས། གཞན་ཡང“འདི་གལ་ཆེ”དང“འདིར་མཉམ་འཇོག་བྱོས”སོགས་སློབ་མར་དྲན་སྐུལ་བྱེད་པའི་ཚིག་བརྗོད་ན། སྐབས་བབ་བཤད་བྱར་སློབ་མས་རིག་པ་བསྒྲིམ་ཞིང་ནན་ཏན་བྱ་བར་ཕན་ནོ། །

5.ལུས་ཀྱི་རྣམ་འགྱུར་གྱིས་རམ་འདེགས་བྱས་ནས་འཆད་པ།

འཆད་པའི་སྐབས་སུ། དགེ་རྒན་གྱིས་ལུས་ཀྱི་རྣམ་འགྱུར་གང་འཚམ་སྟོན་བཞིན་བཤད་ན་ཕན་པ་ཡོད་དེ། དཔེར་ན། ཚོགས་ཐོག་ཏུ་དགེ་རྒན་གྱིས་སློབ་མ་ཞིག་ལ་དུས་ཚོད་སྐར་ཆ་གསུམ་ནས་ལྔའི་རིང་ལ་དམིགས་སུ་བལྟས་ཚེ། སློབ་མ་དེས་དགེ་རྒན་གྱིས་རང་ཉིད་ལ་སྐུལ་བཞིན་པའི་བརྡ་རུ་གོ་ནས་རིག་པ་བསྒྲིམ་པར་འགྱུར་བ་ལྟ་བུ་དང་། ཡང་དཔེར་ན། དགེ་རྒན་གྱིས་རང་གི་ཡིད་ཀྱི་འགྱུར་བ་ཕྱིའི་ཉམས་ལ་རྣམ་པར་མངོན་ཞིང་། དེ་དང་མཐུན་པའི་ངག་གི་གདངས་དང་བཅས་ཏེ་འཆད་ཚེ། དགེ་རྒན་གྱི་ཉམས་འགྱུར་གྱིས་སློབ་མའི་རྒྱུད་ཡོངས་སུ་བསྐུལ་བས། སློབ་མས་སློབ་སྦྱོང་ལ་འབད་ཅིང་།

སློབ་ཁང་དུ་སློབ་སྦྱོང་གི་རྣམ་པ་ཧུར་པོ་ཞིག་བསྐྲུན་ཐུབ་པ་ལྟ་བུའོ། ། ཡང་དཔེར་ན། དགེ་རྒན་གྱིས་ལྟ་བ་མི་མཐུན་པ་གཉིས་འཆད་པའི་ཚེ། ཁྲིད་སྟེགས་ཀྱི་གཡས་སུ་འགྲེང་བཞིན་ལྟ་བ་གཅིག་འཆད་པ་དང་། ཁྲིད་སྟེགས་ཀྱི་གཡོན་དུ་འགྲེང་བཞིན་དེ་དང་འགལ་བའི་ལྟ་བ་དེ་འཆད་ན། ལྟ་བ་གཉིས་འགལ་བ་ཤུགས་ལ་མཚོན་ཐུབ་ཁར། སློབ་མས་རིག་པ་བསྒྲིམས་ནས་ཉན་པ་ལའང་ཕན་ཐོགས་ཆེ་བ་ལྟ་བུའོ། ། གཞན་ཡང་། བརྗོད་དོན་ལེགས་པར་མཚོན་ཐུབ་པའི་ལག་བརྡ་སྣ་ཚོགས་བསྟེན་ཤེས་ན། འཆད་ཐབས་ལའང་ནུས་པ་ཁྱད་པར་བ་འབྱུང་ངོ་། །

གསུམ་པ། འཆད་ཐབས་ཀྱི་སྐྱོན་འགའ་སེལ་ཐབས།

1.བརྗོད་བྱ་རྗོད་བྱེད་ཀྱི་ཆ་ལ་འབྱུང་བའི་སྐྱོན།

(1)མིང་གི་ཆ་ལ་འབྱུང་བའི་སྐྱོན།

①མིང་གི་གོ་དོན་མི་གསལ་བའི་སྐྱོན། འཆད་པའི་སྐབས་སུ། རྗོད་བྱེད་ཚིག་གི་གྲུབ་ཆར་གྱུར་པའི་མིང་སོ་སོའི་གོ་དོན་གསལ་པོ་མིན་ན། སློབ་མས་དོན་གསལ་པོ་གོ་དཀའ་བས། སྦྱངས་འབྲས་བཟང་པོར་འོང་དཀའ། དཔེར་ན།“ལ་ལ”དང“ཁ་ཅིག”སོགས་ངེས་བཟུང་མེད་པའི་མིང་དང་།“ཕལ་ཆེ་བ”དང“ཅུང་ཟད”སོགས་ཕྱོགས་མཚུངས་སུ་བརྗོད་པའི་མིང་དང་།

“འགའ་ཞིག”དང“སྐོར་ཞིག”སོགས་གྲངས་མི་ངེས་པའི་མིང་དང་།“ཡིན་ཤས་ཆེ”དང“ཡིན་ནའང་ཐང”སོགས་ཐེ་ཚོམ་ཅན་དང་།“སྤྱིར་བཏང”དང“སྐབས་འགར”སོགས་ཁ་ཚོན་མི་ཆོད་པའི་མིང་སོགས་བརྗོད་པ་མང་ན། བརྗོད་བྱའི་གོ་དོན་ཞིབ་གསལ་མེད་ཅིང་རབ་རིབ་ཏུ་འགྱུར་བས། སློབ་མའི་སྦྱངས་འབྲས་ཡར་སྐྱེད་འོང་བར་གནོད།

②བརྡ་ཆད་མི་བཤད་པའི་སྐྱོན། རིག་ཚན་སོ་སོར་བརྡ་ཆད་རེ་ཡོད་པས། འཆད་པའི་སྐབས་སུ་བརྡ་ཆད་དེ་སྤྱོད་པ་གལ་ཆེ། རིག་ཚན་གྱི་བརྡ་ཆད་ལ་བྱང་བའི་སློབ་མར་བརྡ་ཆད་མ་བཤད་ན། སློབ་མར་གོ་ནོར་འབྱུང་བ་མ་ཟད། རིག་ཚན་གྱི་གཉན་པོའི་རང་བཞིན་ཡང་ཉམས་པར་བྱེད་པས། འཆད་པའི་སྐབས་སུ་བརྡ་ཆད་སྤྱོད་པ་གལ་ཆེ། སློབ་མ་ལས་དང་པོ་བ་བརྡ་ཆད་ལ་མ་བྱང་བ་རྣམས་ལ། སློབ་མས་གོ་བདེ་བའི་ཆེད་དུ་བརྡ་ཆད་དེའི་མིང་གི་རྣམ་གྲངས་ཀྱིས་གོ་སླ་བར་བཤད་རུང་བ་དམིགས་བསལ་ལོ། །

(2)ཚིག་གི་ཆ་ལ་འབྱུང་བའི་སྐྱོན།

①སྐད་གདངས་མཐོ་དམན་གྱི་སྐྱོན། དགེ་རྒན་གྱི་སྐད་གདངས་མཐོ་དམན་དང་སློབ་མའི་སྦྱངས་འབྲས་ལེགས་ཉེས་བར་ལ་འབྲེལ་བ་ཡོད། དགེ་རྒན་གྱིས་སྐད་གདངས་མཐོ་རྐྱང་ངམ་དམའ་རྐྱང་བྱས་ཏེ། མཐོ་དམན་གྱི་འགྱུར་བ་མེད་ན་སློབ་མའི་རིག་པ་གཡེང་བའམ་གཉིད་བྲོ་བར་འགྱུར་བས། སློབ་མའི་སྦྱངས་འབྲས་དམན་པར་འགྱུར། དེ་བས་འཆད་པའི་སྐད་གདངས་མཐོ་མཐའ་དང་དམའ་མཐའ་གཉིས་སུ་མི་ལྷུང་ཞིང་འགྱུར་བ་ཡོད་པར་བྱ་དགོས། དཔེར་ན། བསླབ་གཞིའི་བརྗོད་བྱར་དྲག་ཤུལ་དང་དཔའ་བ་དང་དགའ་བའི་ཉམས་བསྐྱེད་དགོས་ཚེ། སྐད་གདངས་མཐོན་པོ་བྱ་དགོས་པ་དང་། སྙིང་རྗེ་དང་འཇིགས་རུང་དང་དོགས་པའི་ཉམས་བསྐྱེད་དགོས་ཚེ། སྐད་གདངས་དམའ་མོ་བྱ་དགོས་པ་སྟེ། མཐའ་དག་གདངས་མཐོ་དམན་གཅིག་གིས་འཆད་མི་རུང་བ་ལྟ་བུའོ། །

②སྐད་འགྲོས་མགྱོགས་བུལ་གྱི་སྐྱོན། དགེ་རྒན་གྱི་སྐད་ཆའི་མགྱོགས་བུལ་དང་སློབ་མའི་སྦྱངས་འབྲས་ལེགས་ཉེས་བར་ལ་འབྲེལ་བ་ཡོད། དགེ་རྒན་གྱིས་བཤད་པ་མགྱོགས་དྲགས་ན་བརྗོད་བྱ་མང་ཐལ་བས་སློབ་མའི་ཁོང་དུ་ཆུད་དཀའ་ཞིང་བསམ་བློ་གཏོང་ཁོམ་མེད་པ་དང་། དལ་དྲགས་ན་བརྗོད་བྱ་ཉུང་ཐལ་ཞིང་ཡིད་མི་ཚིམ་པས་སློབ་མའི་སེམས་འཕྲོ་བར་འགྱུར། དེ་བས་མགྱོགས་བུལ་སློབ་མའི་བློས་ནུས་ཚད་ལ་བསྟུན་ནས་ཚད་རན་པོར་བྱ་བ་གལ་ཆེ།

③སྐད་རྒྱུན་ཆད་པའི་སྐྱོན། དགེ་རྒན་གྱིས་འཆད་པར་ཆགས་ཐོགས་ཡོད་མེད་དང་སློབ་མའི་སྦྱངས་འབྲས་ལེགས་ཉེས་བར་ལ་འབྲེལ་བ་ཡོད། དགེ་རྒན་གྱིས་འཆད་སྐབས། ཁ་ཐོགས་ནས་ཐན་ཐུན་དུ་འཆད་ཅིང་ཤར་མར་འཆད་མ་ཐུབ་ན། སློབ་མར་གོ་བ་བསྐྱེད་པར་གནོད་ཅིང་སུན་སྣང་བསྐྱེད་ནས་སྦྱངས་འབྲས་དམན་པར་འགྱུར་བས། འཆད་ཚེ་ཆགས་ཐོགས་མེད་ཅིང་ཤར་མར་འཆད་ཅི་ཐུབ་བྱ་དགོས།

(3)བཤད་བྱར་གོ་རིམ་འཁྲུགས་པའི་སྐྱོན།

དགེ་རྒན་གྱི་བཤད་བྱའི་གོ་རིམ་ཡོད་མེད་དང་སློབ་མའི་སྦྱངས་འབྲས་ལེགས་ཉེས་བར་འབྲེལ་བ་ཡོད། བརྗོད་བྱ་མང་ཞིང་གོ་རིམ་འཁྲུགས་ནས་འདོད་རྒྱལ་དུ་འཆད་ཚེ། སློབ་མས་བརྗོད་དོན་ཆ་ཤས་ཙམ་ལས་ཆ་ཚང་རྟོགས་མི་ཐུབ་པས། སློབ་མའི་སྦྱངས་འབྲས་ལ་གནོད་པ་ཆེ། དགེ་རྒན་གྱིས་སློབ་ཁྲིད་གྲ་སྒྲིག་བྱེད་ཚེ། སློབ་ཚན་ལ་ཞིབ་འཇུག་ཟབ་མོ་བྱས་ནས། བཤད་བྱ་རྣམས་གོ་རིམ་ལེགས་པར་སྒྲིག་དགོས།

2.སློབ་མའི་རིག་སྒོ་འབྱེད་མི་ཐུབ་པའི་སྐྱོན།

དགེ་རྒན་གྱིས་འཆད་པའི་སྐབས་སུ། སློབ་མ་སྣོད་ཆས་ལྟ་བུར་བྱས་ནས་མང་པོ་བཤད་ནས་ནང་དུ་རྫོང་གང་ཐུབ་ལ་བརྩོན་པ་ལས། སློབ་མས་གོ་མིན་དང་སློབ་མར་འཕྲོད་མིན་ལ་མི་ལྟ་ཞིང་། སློབ་མས་བསམ་གཞིག་དང་དོགས་སློང་བྱེད་ཁོམ་ཅུང་ཟད་ཀྱང་མེད་པར་འཆད་ན། སློབ་མའི་རིག་སྒོ་འབྱེད་མི་ཐུབ། རིག་སྒོ་འབྱེད་མི་ཐུབ་པའི་འཆད་ཚུལ་གཤམ་གསལ་དག་ཡོད།

(1)གནད་དུ་མི་འཁེལ་བའི་སྐྱོན།

སློབ་ཁྲིད་དུ། དགེ་རྒན་གྱིས་སློབ་མས་ཤེས་པར་འདོད་པའི་གནད་དེ་མི་བཤད་པ་དང་། སློབ་མས་སྒྲོ་འདོགས་མི་ཆོད་པའི་དོགས་གཞི་དེ་མི་སེལ་བར། སྔར་བསླབས་ཟིན་པ་དང་སློབ་མ་རང་གིས་བལྟས་པས་ཤེས་ཐུབ་པའི་ཆ་རྣམས་མང་དུ་འཆད་པ་དང་། ཡང་ན་སློབ་མའི་ཉམས་མྱོང་དང་ཡོན་ཚད་ནས་རིང་དུ་བརྒལ་ནས་དཀའ་མོ་ཤ་སྟག་འཆད་པས། སློབ་མའི་སློབ་སྦྱོང་གི་སྤྲོ་བ་ཉམས་པ་མ་ཟད། འཆད་པར་བསམ་གཞིག་གི་རིན་ཐང་མེད་པས་བློ་སྒོ་འབྱེད་མི་ཐུབ། དེ་བས་སློབ་མས་ཤེས་འདོད་ཀྱི་གནད་དོན་དང་དོགས་གཞི་རྣམས་བཙལ་ནས། འཆད་པ་སློབ་མའི་གནད་དོན་གྱི་སྟེང་ལ་འབབ་ཅི་ཐུབ་བྱ་དགོས།

(2)བསམ་བློ་གཏོང་ཡུལ་མེད་པའི་སྐྱོན།

དགེ་རྒན་གྱིས་བསླབ་བྱའི་ནང་དོན་མ་ལུས་པ་བཤད་དེ། སློབ་མར་བསམ་གཞིག་བྱ་བའི་གནས་ཅུང་ཟད་ཀྱང་མེད་པར་བྱེད་པས་ཀྱང་སློབ་མའི་རིག་སྒོ་འབྱེད་མི་ཐུབ། ཟུར་བསྟན་ན་ལེབ་མཐོང་ཞེས་པ་ལྟར། འཆད་པའི་སྐབས་སུ་དགེ་རྒན་གྱིས་སློབ་མར་ཟུར་བསྟན་ནས། སློབ་མ་རང་གིས་ཟུར་ལ་བརྟེན་ནས་ལེབ་མཐོང་བར་བྱ་དགོས། ཟུར་བསྟན་རྒྱུ་ནི་དགེ་རྒན་གྱི་ལས་ཡིན་ལ། ལེབ་ལ་བལྟ་རྒྱུ་ནི་སློབ་མའི་ལས་ཡིན། དགེ་རྒན་གྱིས་སློབ་མར་ཟུར་དང་ལེབ་གཉིས་ཀ་བསྟན་ན། སློབ་མར་བསམ་བློ་གཏོང་ས་མེད་པས་རིག་སྒོ་འབྱེད་མི་ཐུབ་ཁར། སློབ་སྦྱོང་གི་མོས་པའང་མེད་པར་འགྱུར།

(3)ཤེས་འདོད་སྐྱེད་མི་ཐུབ་པའི་སྐྱོན།

དགེ་རྒན་གྱིས་སློབ་མར་ལུང་སྦྱིན་པ་ལྟར་སློབ་དེབ་སྒྲོག་སྦྱང་བྱས་ནས། སློབ་མར་ཤེས་འདོད་ཀྱི་འདུན་པ་སྐྱེད་མ་ཐུབ་ན། སློབ་མའི་རིག་སྒོ་འབྱེད་མི་ཐུབ་པ་མ་ཟད། བརྩོན་སེམས་ཀྱང་རིམ་གྱིས་ཉམས་ནས། སློབ་སྦྱོང་ནི་སློབ་མའི་མི་འདོད་པའི་ཁུར་པོར་འགྱུར་རོ། ། ཨ་རིའི་སློབ་གསོ་པ་ཧཱ་མན་གྱིས“སློབ་མའི་ཤེས་འདོད་སློང་ཐབས་མི་བྱེད་པའི་སློབ་ཁྲིད་ནི། ལྕགས་ནག་འཁྱག་རྡུང་བྱས་པ་ལས་མ་འདས་སོ། །”ཞེས་གསུངས་པ་བཞིན། འཆད་པའི་སྐབས་སུ་སློབ་མའི་ཤེས་འདོད་སྐྱེད་ཐབས་བྱ་རྒྱུ་ཤིན་ཏུ་གལ་ཆེ།

3.འཆད་ཡུན་རིང་ཐལ་བའི་སྐྱོན།

སློབ་ཁྲིད་བྱེད་སྐབས་སུ། དགེ་རྒན་འགའ་ཞིག་གིས་ཚོགས་ཐུན་གང་བོར་འཆད་པ་དང་། འགའ་ཞིག་གིས་ཚོགས་ཐུན་གྱི་སུམ་ཆ་གཉིས་ཙམ་ལ་བཤད་པ་སོགས་འཆད་ཡུན་ཧ་ཅང་རིང་། དགེ་རྒན་གྱི་བཤད་ཡུན་རིང་ན། སློབ་མས་བསམ་གཞིག་དང་། ཉམས་སུ་བླངས་ནས་སྦྱང་བ་བྱེད་ཁོམ་མ་མཆིས་པས། སྐབས་བབ་ཤེས་བྱ་སློབ་མའི་རྩལ་དང་ནུས་པར་ཆགས་མི་ཐུབ། ཤེས་བྱ་སློབ་མའི་ཁོང་དུ་ཆུད་ནས་རྩལ་དང་ནུས་པར་འགྱུར་བ་ནི། སློབ་ཁྲིད་ཀྱི་མཐར་ཐུག་གི་དམིགས་ཡུལ་ཡིན་པ་ལས། ཤེས་བྱ་བློ་ལ་ཟིན་པ་ཙམ་ནི་སློབ་ཁྲིད་ཀྱི་མཐར་ཐུག་གི་དམིགས་ཡུལ་མིན་པས། དགེ་རྒན་གྱིས་འཆད་པའི་དུས་ཚོད་བསྟུང་ཞིང་། སློབ་མར་སྦྱང་བ་བྱེད་པར་དུས་ཚོད་འདངས་ངེས་སྦྱིན་ཅི་ཐུབ་བྱ་རྒྱུ་ནི། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ཐམས་ཅད་ཀྱིས་འབད་པའི་ཡུལ་ཡིན་ནོ། ། དགེ་རྒན་གྱི་འཆད་ཡུན་སྟུང་ཐབས་མང་ཡང་། འདིར་ཐབས་གཉིས་དམིགས་སུ་བརྗོད་པར་བྱའོ། །

(1)སློབ་མས་རང་སྦྱོང་བྱེད་པ།

སྲོལ་རྒྱུན་གྱི་འཆད་ཐབས་སུ། སློབ་ཚན་གསར་པ་འཁྲིད་ཚེ། བསླབ་བྱ་མ་ལུས་པ་དགེ་རྒན་གྱིས་བཤད་ནས་ཁྲིད་ན། སློབ་ཚན་གསར་པར་དགེ་རྒན་གྱིས་མ་ཁྲིད་ཀྱང་སློབ་མས་ཤེས་པའི་ཆ་འགའ་ཡོད་པའང་དགེ་རྒན་གྱི་བཤད་བྱར་གྱུར་པས། དུས་ཚོད་མང་པོ་ཆུད་ཟོས་སུ་གཏོང་བ་རེད། ཚུལ་འདི་ཟློག་ཐབས་ལ་སློབ་ཚན་གསར་པ་སྔོན་ལ་སློབ་མར་སྔོན་སྦྱོང་བྱར་བཅུག་སྟེ། དགེ་རྒན་གྱིས་སློབ་མས་སྔོན་སྦྱོང་བྱས་པ་ནས་རྟོགས་མ་ཐུབ་པའི་ཤེས་བྱ་རྣམས་བཙལ་ནས་འཆད་དགོས། དགེ་རྒན་གྱིས་སློབ་མས་མ་རྟོགས་པ་དང་ལོག་པར་རྟོག་པའི་ཆ་དག་རྙེད་ནས་འཆད་ན། གནད་དུ་འགྲོ་ཞིང་འཆད་ཡུན་ཐུང་བས། སློབ་མར་རྩལ་དང་ནུས་པ་སྐྱེད་བྱེད་ཀྱི་སྦྱང་བ་བྱེད་ཁོམ་ཡང་ཡོད། དེང་སང་དགེ་རྒན་གྱིས་བཤད་པ་མང་ཐལ་བ་ཟློག་བྱེད་ལ་འཁྲིད་ཐབས་གསར་པ་མང་པོ་ཡོད། དཔེར་ན། དེང་སང་རྔ་པ་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་དུ་སྤེལ་བཞིན་པའི“ལྟ་འཁྲིད་སྦྱོང་གསུམ”དང་། རྒྱལ་ཁབ་ཕྱི་ནང་ཀུན་ལ་དར་བཞིན་པའི“ལུགས་ལྡོག་སློབ་ཁྲིད”སོགས་ནི་དགེ་རྒན་གྱི་འཆད་ཡུན་སྟུང་བྱེད་ཀྱི་ཐབས་བཟང་པོ་ཡིན་ནོ། །

(2)སློབ་མས་རྟོག་ཞིབ་བྱེད་པ།

སློབ་ཁྲིད་ཀྱི་མགོ་རྩོམ་མ་ཐག དགེ་རྒན་གྱིས་སྔོན་ལ་སློབ་མར་དངོས་ཡོད་ཀྱི་གནས་ཚུལ་ལམ་དཔེ་འགའ་སློབ་མར་དཔྱད་གཞིར་བཀོད་ནས། སློབ་མས་དེ་དག་ལ་ལྟ་ཞིབ་བྱས་ནས། གནས་ཚུལ་ལམ་དཔེ་དེ་དག་གི་ཁོང་དུ་གནས་པའི་གནས་ལུགས་སམ་ཆོས་ཉིད་འཚོལ་དགོས། སློབ་མས་དེ་དག་ནས་རྙེད་པའི་ཆོས་ཉིད་ནི་ཚོགས་ཐུན་དེར་བསླབ་པར་བྱ་བའི་ཤེས་བྱ་ཡིན། ཐབས་འདི་ལེགས་པར་སྤྱོད་ཐུབ་ན། སློབ་མས་རྟོགས་པའི་ཤེས་བྱ་ནི་དགེ་རྒན་གྱིས་བཤད་ནས་རྟོགས་པ་མ་ཡིན་པར། སློབ་མ་རང་ཉིད་ཀྱིས་དཔྱད་ནས་རང་སྟོབས་ཀྱིས་རྟོགས་པ་ཡིན་པས། སློབ་མས་ཚེ་གང་བོར་མི་བརྗེད་པ་མ་ཟད། སློབ་མའི་བསམ་གཞིག་དང་གསར་གཏོད་ཀྱི་ནུས་པའང་སྐྱེད་ཐུབ་པས་ཕན་ཡོན་མཐའ་ཡས་པ་ཡོད།

མདོར་ན། འཆད་ཐབས་ཀྱི་སྐྱོན་སྤོང་ཞིང་ཡོན་ཏན་ལ་རྩལ་འདོན་ཅི་ཐུབ་བྱེད་པ་དང་ཆབས་ཅིག དགེ་རྒན་གྱི་འཆད་ཡུན་བསྟུང་བ་དང་སློབ་མའི་སྦྱོང་ཡུན་བསྲིང་བ་ལ་འབད་དེ། ཤེས་བྱ་དང་རྩལ་དང་ནུས་པ་ཟུར་མ་ཉམས་པར་གྲུ་བཞི་ལམ་གྱིས་འཁྱེར་བར་འབད་པ་ནི་དགེ་རྒན་རྣམས་ཀྱི་གཞོལ་བྱའོ། །

* འཇམ་དབྱངས་བཀྲ་ཤིས། སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་སློབ་གསོའི་ཚན་རིག་ཞིབ་འཇུག་ཁང་དུ་ཕྱག་ལས་གནང་བཞིན་ཡོད།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།