ཀྲུང་གོ་བོད་ཀྱི་དྲ་བ།

ཕྱིའི་སྐད་ཡིག་སློབ་ཁྲིད་ལས་ཕ་སྐད་རིག་གནས་ཁྱབ་སྤེལ་བྱེད་ཐབས་ཅུང་ཟད་གླེང་བ། —— དམའ་འབྲིང་གི་དབྱིན་ཡིག་སློབ་ཁྲིད་ཀྱི་མྱོང་བརྒྱུད་དཔེ་མཚོན་དུ་བཀོད་པ།

ཡོང་ཁུངས། : བོད་ཀྱི་སློབ་གསོ་སྤྱིའི་དེབ247ལས་དྲངས།   རྩོམ་པ་པོ། : སྒྲོལ་མ།   སྤེལ་དུས། : 2020-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

[གནད་བཏུས] དགེ་རྒན་གྱི་སློབ་ཁྲིད་ཐབས་ཇུས་བཟང་པོ་ཞིག་ཡིན་ན་དེ་ཐད་ཀར་སློབ་ཁང་སློབ་ཁྲིད་ཀྱི་ཕན་འབྲས་རང་བཞིན་དངོས་ལ་ཐུག་ཡོད་སྟབས། ཕྱིའི་སྐད་ཡིག་སློབ་ཁྲིད་ཀྱི་བྱེད་ཐབས་ལ་བརྟེན་ནས་མི་རིགས་རང་གི་ཕ་སྐད་རིག་གནས་ཁྱབ་སྤེལ་བྱེད་རྒྱུ་དེ་ཡང་ཕྱིའི་སྐད་ཡིག་དགེ་རྒན་གྱི་འགན་འཁྲི་གལ་ཆེན་ཞིག་ཏུ་བབ་ཡོད་པས། དཔྱད་རྩོམ་འདིར་སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་ཇི་ལྟར་བྱས་ནས་ཕ་སྐད་རིག་གནས་ཀྱི་གོ་གནས་ཟིན་པར་བྱེད་པ་དང་། དེ་ཇི་ལྟར་ནུས་ཐོན་སྒོས་ཁྱབ་སྤེལ་བྱེད་དགོས་ཚུལ་གླེང་ཡོད།

[གནད་ཚིག] ཕ་སྐད་ཁྱབ་སྤེལ། སྐད་བརྡའི་གཞི་རྩའི་ནུས་རྩལ། ཕྱིའི་སྐད་ཡིག

སྔོན་འགྲོའི་གཏམ།

ཕྱིའི་སྐད་ཡིག་སློབ་ཁྲིད་ནི་སྐད་བརྡའི་གཞི་རྩའི་ནུས་རྩལ་བྱང་ཆུབ་པར་བྱེད་པའི་བརྒྱུད་རིམ་ཁོ་ན་ཙམ་མ་ཡིན་པར། ཕྱོགས་གཉིས་ཀྱི་རིག་གནས་མི་འདྲ་བའི་རྒྱབ་ལྗོངས་ལ་རྒྱུས་ལོན་དང་། རིག་གནས་བརྗེ་རེས་བྱེད་པའི་སྐད་བརྡའི་ལག་ཆ་བཟང་པོ་ཞིག་ཏུ་ངོས་བཟུང་ནའང་འཚམ་པར་སྣང་། ཕྱིའི་སྐད་ཡིག་ལ་སློབ་གཉེར་བྱས་ན་མི་རྣམས་ཀྱིས་ཐད་ཀའི་སྒོ་ནས་རིག་གནས་མི་འདྲ་བའི་སྐད་བརྡ་གཉིས་བར་གྱི་རིན་ཐང་དང་། རིག་གནས་དེའི་ཕན་ནུས་དང་གོ་གནས་ལ་རོལ་མྱོང་བྱེད་ཐུབ་ཕྱིར། ཕྱིའི་སྐད་ཡིག་གི་སློབ་ཁྲིད་ལ་མཚོན་ན། རིག་གནས་ལས་བརྒལ་བའི་མཐུན་འབྲེལ(跨文化交际)ནི་སྐད་བརྡའི་མཐུན་འབྲེལ་ཁོ་ན་ཙམ་མ་ཡིན་པར་རིག་གནས་ཀྱི་མཐུན་འབྲེལ་ཞིག་ཀྱང་ཡིན་ཏེ། རིག་གནས་ཀྱི་རྒྱབ་ལྗོངས་ལ་ཧེ་བག་ཡོད་པ་ནི་སྐད་བརྡ་རེ་རེའི་ཆོས་ཉིད་ཅིག་ཅི་ལ་མིན། རྒྱལ་ཁབ་གང་དང་གང་ལའང་སྐད་བརྡ་སོ་སོའི་ནུས་པ་ལ་བརྟེན་ནས། གཞན་གྱི་སྔོན་ཐོན་རིག་གནས་ནང་འདྲེན་དང་ཕུལ་བྱུང་ཉམས་མྱོང་བརྗེ་རེས་བྱས་ཏེ། ཤེས་རིག་དཔལ་ཡོན་དར་ཞིང་ལྷག་པར་ལོ་ཙཱའི་བྱ་གཞག་གོང་དུ་འཕེལ་བའི་ལོ་རྒྱུས་བརྒྱུད་རིམ་ཡོད་པ་བཞིན། རང་ཅག་བོད་ཀྱི་ཐུན་མོང་དང་ཐུན་མོང་མིན་པའི་བཅུ་ཕྲག་རིག་གནས་ཀྱི་གཙུག་ལག་ཡོངས་སུ་གྲུབ་པའི་བརྒྱུད་རིམ་ཁྲོད་དུ་ཡང་། སྔར་ཆོས་རྒྱལ་ལོ་པཎ་རྣམས་ཀྱིས་ཕྱིའི་སྐད་ཡིག་འཆད་རྩོམ་སྒྱུར་གསུམ་དང་སྒྲ་འགྱུར་རིགས་ལམ་རྟོག་དཔྱོད་གནང་བ་ལ་བརྟེན་ནས། བོད་ཀྱི་རིག་གནས་རྒྱུད་འཛིན་དར་སྤེལ་དང་ཁ་གསབ་ཆད་སྐོང་གི་མཛད་འཕྲིན་བླ་ན་མེད་པ་བསྐྱངས་ཡོད། དེ་བས་ཕྱིའི་སྔོན་ཐོན་སྐད་ཡིག་སློབ་ཁྲིད་བྱེད་པའི་བརྒྱུད་རིམ་ཁྲོད་ཕ་སྐད་རིག་གནས་ཀྱི་ཁྱད་ཆོས་དང་ཕན་ནུས་མངོན་པར་མཚོན་རྒྱུ་ཤིན་ཏུ་གལ་ཆེ་བར་མཐོང་། རིག་གནས་ལས་བརྒལ་བའི་མཐུན་འབྲེལ་ཟེར་བ་ནི་ཕ་རོལ་པོའི་སྐད་བརྡ་རྐྱང་མ་ལས་ཚུར་འདྲེན་རྒྱུ་དེ་ཁོ་ན་ཙམ་མ་ཡིན་པར། ཐོག་མར་ཕ་སྐད་རིག་གནས་ནི་རིག་གནས་ལས་བརྒལ་བའི་མཐུན་འབྲེལ་གྱི་སྔོན་འགྲོ་དང་རྨང་གཞི་ཡིན་པ་གསལ་བོར་ཤེས་རྟོགས་ཡོད་དགོས། འདིར་ཁོ་མོས་ལོ་ངོ་གསུམ་རིང་དམའ་འབྲིང་གི་དབྱིན་ཡིག་སློབ་ཁྲིད་བྱས་པའི་མྱོང་བརྒྱུད་ལས་ཕ་སྐད་ཁྱབ་སྤེལ་བྱེད་ཐབས་སྐོར་ཅུང་ཟད་གླེང་བར་བྱ་བའོ། །

གཅིག ཕྱིའི་སྐད་ཡིག་སློབ་ཁྲིད་ལས་ཕ་སྐད་རིག་གནས་ཀྱི་གོ་གནས་དང་ཕན་ནུས།

མིག་སྔར་རང་རྒྱལ་དུ་ཕྱི་རྒྱལ་གྱི་སྐད་ཡིག་མང་པོའི་བསླབ་ཚན་དེ་སློབ་ཆེན་ཁག་གི་ཆེད་ལས་དང་།ཆེད་ལས་མ་ཡིན་པའི་འཁྲིད་ཚན་གང་རུང་དུ་བཀོད་སྒྲིག་བྱས་ཡོད་ཅིང་། སློབ་གྲྭ་ཆུང་འབྲིང་ཁག་ཏུའང་དབྱིན་ཡིག་གི་འཁྲིད་ཚན་བཀོད་སྒྲིག་བྱས་ཡོད། འོན་ཀྱང་། དབྱིན་ཡིག་གི་བསླབ་གཞིའི་ནང་དོན་གཙོ་བོ་ནུབ་ཕྱོགས་རིག་གནས་ལ་རྒྱུས་ལོན་བྱེད་རྒྱུ་གཙོར་བཟུང་སྟེ་རྒྱ་ཡིག་གིས་རྩོམ་སྒྱུར་བྱས་ཡོད་སྟབས། མཐའ་མཚམས་ས་ཁུལ་དུ་གནས་པའི་གྲངས་ཉུང་མི་རིགས་ཀྱི་ཆུང་འབྲིང་སློབ་གྲྭ་ཁག་ཏུ་དགེ་རྒན་ཚོས་བོད་རིགས་སློབ་མར་དབྱིན་ཡིག་སློབ་ཁྲིད་བྱེད་སྐབས། མིང་ཚིག་འགྲེལ་བཤད་དང་སློབ་ཚན་ཀློག་འགྲེལ་སོགས་སློབ་ཁྲིད་ཀྱི་དུས་རིམ་གང་ཡིན་ཡང་སྐབས་མང་ཤོས་སུ་རྒྱ་སྐད་ལ་བརྟེན་དགོས་ཡོད། སྤྱིར་བཏང་དུ་ཕྱིའི་སྐད་ཡིག་སློབ་ཁྲིད་བྱེད་མཁན་དེ་བོད་རིགས་དགེ་རྒན་ཞིག་ཡིན་ན། སྐད་གཉིས་སློབ་ཁྲིད་ཀྱི་བྱེད་ཐབས་ལ་བརྟེན་ནས་མི་རིགས་རང་གི་ཕ་སྐད་རིག་གནས་ཀྱི་གོ་གནས་ལ་བརྩི་མཐོང་བྱེད་པའི་འགན་འཁྲི་དེ་བོད་རིགས་དགེ་རྒན་སུ་ལའང་ཡོད་སྙམ། དཔེར་ན། བདག་གིས་དེ་སྔ་ལོ་ངོ་གསུམ་རིང་ཁྲིད་པའི་འཛིན་གྲྭ་དེ་དག་གི་ནང་བོད་རིགས་སློབ་མ་གཅིག་པུ་ལས་མེད་པས། དབྱིན་སྐད་ཁོ་ནས་འཁྲིད་རྐྱང་མི་བྱེད་པར་ཕ་སྐད་ཀྱི་ཕན་ནུས་ཀྱང་མངོན་པར་མཚོན་ནས་དབྱིན་བོད་སྐད་གཉིས་ཟུང་འབྲེལ་སྒོས་སློབ་ཁྲིད་བྱས་ན། སློབ་ཁྲིད་ཀྱི་ཐབས་ཇུས་འདིས་སློབ་མ་སོ་སོའི་ཕྱིའི་སྐད་ཡིག་ལ་གོ་བ་ལོན་པའི་ནུས་པ་སྔར་ལས་སྔོག་ཐུབ་པ་དང་། སློབ་མའི་བསམ་བློའི་དགོས་འདུན་ཡང་ཅི་ནུས་ཀྱིས་སྐོང་ཐུབ་ཡོད་པར་གདོན་མི་ཟའོ། ། དེ་བས་ཉི་ཧོང་གི་སྐད་ཡིག་དང་དབྱིན་ཡིག་སོགས་ཕྱིའི་སྐད་ཡིག་གི་སློབ་ཁྲིད་གང་གི་སྐབས་སུའང་། མི་རིགས་རང་གི་སྐད་བརྡའི་ཆོས་ཉིད་ལ་མཐུན་པའི་བརྡ་སྤྲོད་ཐབས་དང་། ཐུན་མིན་གྱི་འཆད་ཐབས། འཁྲིད་ཇུས། དེ་མིན་ཕ་སྐད་རིག་གནས་ཁྱབ་སྤེལ་བྱེད་པར་འཚམ་པའི་སྤྱི་འགྲོས་ལ་སྣང་ཆུང་མི་བྱེད་པར། གཞན་གྱི་སྔོན་ཐོན་སྐད་ཡིག་འཁྲིད་པའི་དུས་མཚུངས་སུ་ཕ་སྐད་རིག་གནས་ཀྱི་ཁྱད་ཆོས་དང་མངོན་པར་མཚོན་ཅི་ཐུབ་བྱས་ན། ཕ་སྐད་ཀྱི་གོ་གནས་དེའི་དབང་གིས་སློབ་མས་སྐད་བརྡ་ནང་བྱན་ཆུད་པར་བསྐྱེད་པའི་ཕན་ནུས་ཤིན་ཏུ་ཆེ་བའང་མངོན་གསལ་ཡིན།

གཉིས། ཕ་སྐད་རིག་གནས་ཕྱིའི་སྐད་ཡིག་སློབ་ཁྲིད་ལ་མཉམ་འདྲེས་བྱེད་པའི་ཐབས་ཇུས།

1.ཕྱིའི་སྐད་ཡིག་གི་བསླབ་གཞི་གསར་སྒྱུར་བྱེད་པ།

སྐད་བརྡ་ནི་དུས་དང་བསྟུན་ནས་གསར་སྒྱུར་བྱེད་པའི་ཤེས་བྱ་ཞིག་སྟེ། མིག་སྔར་རང་རྒྱལ་དུ་འབྲིང་རིམ་སློབ་གྲྭ་ཕལ་མོ་ཆེས་བཀོལ་སྤྱོད་བྱེད་བཞིན་པའི་དབྱིན་ཡིག་གི་བསླབ་གཞིར་ཕལ་ཆེར་ལོ་དུ་མར་བཀོལ་བ་དེ་སྔར་ལྟར་བེད་སྤྱོད་གཏོང་བཞིན་ཡོད་ཅིང་།བསླབ་གཞིའི་ནང་དོན་ཡང་རྙིང་པ་རྙིང་རྐྱང་དུ་གྱུར་ནས་དུས་རབས་འཕེལ་རྒྱས་ཀྱི་རྗེས་ཆོད་ཐུབ་མེད། ཉེ་ཆར་རང་རེའི་མཚོ་སྔོན་ས་ཆའི་མི་རིགས་སློབ་གྲྭ་ཆུང་འབྲིང་ཁག་ཏུ་བཀོལ་བཞིན་པའང་དེ་སྔ་རྩོམ་སྒྱུར་བྱས་པའི་བསླབ་གཞི་ཁོ་ན་ཉིད་ཡིན་པས། ནང་དོན་ལ་མིའི་རིགས་ཀྱི་བྱ་དངོས་གསར་པའི་བརྡ་ཆད་ཁ་སྣོན་མང་པོ་བྱས་མེད། དེ་བས་ང་ཚོས་ཕྱིའི་སྐད་ཡིག་འཁྲིད་པའི་དགེ་རྒན་དག་གིས་རྒྱུགས་དམིགས་སློབ་གསོར་བསྟུན་རྐྱང་མི་བྱེད་པར། ཕྱིའི་སྐད་ཡིག་དེའི་མ་འོངས་པའི་སྐད་བརྡའི་ཁོར་ཡུག་དང་བཀོལ་སྤྱོད་ཀྱི་རིན་ཐང་རྟོགས་དགོས། དེས་ན་ཐོག་མར་ང་ཚོས་ཕྱིའི་སྐད་ཡིག་གི་རྩ་གནད་དང་ཕྱིའི་སྐད་ཡིག་གི་བསླབ་གཞི་བཅོས་སྒྱུར་བྱེད་པར་བསམ་བློ་བཏང་སྟེ། ཕྱིའི་སྐད་ཡིག་བསླབ་པའི་ཁོར་ཡུག་དེ་དུས་བསྟུན་མཉམ་སྐྱོད་ཀྱི་སྤྱི་འགྲོས་ལ་མཐུན་པ་ཞིག་ཡོང་བར་བྱ་དགོས།

2.བསླབ་གཞིའི་ནང་དོན་ལ་མི་རིགས་ཀྱི་རིག་གནས་དང་འཚོ་བའི་ཁྱད་ཆོས་འཛོམས་པ།

དེ་ཡང་གོང་སྨྲས་བཞིན་བསླབ་གཞིའི་ནང་དོན་དེ་གཙོ་བོ་ནུབ་ཕྱོགས་རིག་གནས་རྐྱང་རྐྱང་ལ་འབྲེལ་བ་ཡོད་པ་གལ་དུ་མི་འཛིན་པར། བསླབ་གཞིའི་དཀའ་སླའི་གནས་ཚུལ་ཡང་སློབ་མའི་ཆུ་ཚད་དང་བསྟུན་ནས་གཙོ་བོ་མི་རིགས་རང་གི་རིག་གནས་དང་། ཡུལ་སྲོལ་གོམས་གཤིས། ད་ལྟའི་སྤྱི་ཚོགས་འཚོ་བ་སོགས་ལ་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་པ་དང་བར་བཅུག་རི་མོ་ཁ་སྣོན་བྱས་ཏེ། བསླབ་གཞིའི་སྤྱི་ཁོག་ལ་མི་རིགས་ཀྱི་ཁྱད་ཆོས་དང་བསམ་བློའི་སྒྱུ་རྩལ་གྱི་ཆ་ལྡན་པའི་བསྒྱུར་བཅོས་ཅུང་ཟད་བྱས་ན། སློབ་མར་ཕྱིའི་སྐད་ཡིག་གི་ཕྱོགས་བསྡུས་ཤེས་བྱ་མཁོ་སྤྲོད་བྱས་པ་དེས། ཞོར་དུ་རང་གི་མི་རིགས་ཀྱི་ཕ་སྐད་རིག་གནས་དང་ཤེས་བྱ་ཡང་མི་རིགས་གཞན་ལ་ཁྱབ་སྤེལ་བྱས་ཡོད།

3.ཕྱིའི་སྐད་ཡིག་འཁྲིད་ཐབས་དེ་ཕ་སྐད་རིག་གནས་དང་ཁ་མི་འབྲལ་བར་བྱེད་པ།

སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་དུ་ཕྱིའི་སྐད་ཡིག་བཀོལ་ནས་མི་རིགས་རང་གི་རིག་གནས་ཀྱི་སྣང་ཚུལ་མཚོན་དགོས་ན། སློབ་ཁྲིད་སྐབས་སུ་དགེ་རྒན་གྱིས་ཕྱིའི་སྐད་ཡིག་གང་ཞིག་ཁྲིད་ན། སྐད་ཡིག་དེ་སློབ་ཐུན་གྱི་མགོ་ནས་མཇུག་བར་ཕྱིའི་སྐད་ཡིག་རྐྱང་རྐྱང་གིས་མི་འཁྲིད་པར། ཐ་སྙད་འགྲེལ་བཤད་དང་། སློབ་ཚན་ཀློག་འགྲེལ། རྩོམ་འབྲིའི་ཤེས་བྱ་མཁོ་འདོན་བྱེད་པ་སོགས་གང་ཡིན་ཡང་མི་རིགས་ཀྱི་ཕ་སྐད་བཀོལ་ཚད་ཀྱིས་ཕྱིའི་སྐད་ཡིག་གི་བརྒྱ་ཆའི་ལྔ་བཅུ་ཟིན་པར་བྱས་ན། སློབ་མའི་ཉིན་རྒྱུན་འཚོ་བའི་ཁྲོད་དུ་ཕྱིའི་སྐད་ཡིག་གི་ཤེས་བྱ་གསོག་ཉར་དང་། ཕྱིའི་སྐད་ཡིག་གི་ཆུ་ཚད་མཐོར་འདེགས་ཡོང་བའང་བྱེད་ཐབས་སྔ་མ་ལས་ལྡབ་འགྱུར་གྱིས་ཕན་འབྲས་འབྱུང་ཐུབ་ཡོད།

4.མི་རིགས་རང་གི་འཚོ་བར་འབྲེལ་བའི་ནང་དོན་སྐོར་གྱི་རྩོམ་འབྲིའི་ལས་བྱ་བཀོད་སྒྲིག་བྱེད་པ།

ཕྱིའི་སྐད་ཡིག་ཅིག་སློབ་སྐབས་སྐད་ཡིག་དེའི་ཉན་ཤུགས་སྐྱེད་སྲིང་བྱེད་པ་དང་། ཀློག་འདོན་སྐྱེད་སྲིང་བྱེད་པ། རྩོམ་འབྲིའི་ནུས་པ་སྐྱེད་སྲིང་བྱེད་པ་བཅས་ཀྱི་བརྒྱུད་རིམ་འདི་ཤིན་ཏུ་གལ་གནད་དུ་འཛིན་དགོས་པ་ཞིག་སྟེ། ལྷག་པར་རྩོམ་འབྲིའི་ནུས་པ་མཐོར་འདེགས་བྱུང་ན། སླད་ཕྱིན་སློབ་མས་སྐད་ཡིག་དེ་ལ་བརྟེན་ནས་རང་གི་སྐད་ཡིག་མི་རིགས་གཞན་ལ་ཁྱབ་སྤེལ་བྱེད་པ་དང་མཐུན་འབྲེལ་འཛུགས་པར་ནུས་པ་བླ་ལྷག་ཐོན། དེ་བས་ཕྱིའི་སྐད་ཡིག་གི་དགེ་རྒན་གྱིས་སློབ་མར་རྩོམ་འབྲིའི་ལས་བྱ་བཀོད་སྒྲིག་བྱེད་སྐབས། སློབ་ཚན་གྱི་བརྗོད་བྱའི་སྙིང་པོ་ཁོ་ན་གནད་དུ་མི་འཛིན་པར། རྩོམ་ཡིག་གི་ནང་དོན་མི་རིགས་རང་གི་རིག་གནས་ཤེས་བྱ་དང་སྤྱི་ཚོགས་འཚོ་བ་ལ་འབྲེལ་དུ་བཅུག་ནས་འབྲི་དགོས་པའི་བླང་བྱ་བཏོན་ན། དེ་ཡིས་ཚད་ངེས་ཅན་ཞིག་ནས་སློབ་མས་རང་གི་འཚོ་བ་དང་ཁོར་ཡུག་དངོས་ལ་བརྟེན་ནས་མི་རིགས་ཤིག་གི་བསམ་པའི་སྣང་ཚུལ་དང་། འཇིག་རྟེན་ལྟ་ཚུལ། འཚོ་བའི་འགྱུར་ལྡོག་སོགས་མངོན་པར་མཚོན་ཐུབ་པས། ཕྱིའི་སྐད་ཡིག་སློབ་པའི་བརྒྱུད་རིམ་ཁྲོད་ཕ་སྐད་རིག་གནས་ཀྱི་གོ་གནས་དང་། དེའི་ཁྱབ་སྤེལ་གྱི་ནུས་པའང་རང་བཞིན་གྱིས་ཐོན་ཐུབ་པར་སྙམ།

5.འབྲེལ་དྲྭ་བརྒྱུད་ནས་སློབ་ཁང་སློབ་ཁྲིད་ཀྱི་ནུས་པ་ཁྱབ་སྤེལ་གཏོང་བ།

དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་ནས་བཟུང་། འཛམ་གླིང་གི་སྒང་ལ་འབྲེལ་དྲྭ(互联网)ཆུ་གཏེར་རྒྱས་པ་བཞིན་འཕེལ་རྒྱས་བྱུང་སྟེ། ཕྱིའི་སྐད་ཡིག་སློབ་མཁན་ལ་སློབ་སྦྱོང་གི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཞིག་མཁོ་སྤྲོད་བྱས་ཡོད་པས། ད་སྐབས་དྲྭ་རྒྱའི་ཐོག་ནས་འཆར་བརྙན་ལ་བརྟེན་ནས། ཕྱིའི་སྐད་ཡིག་གང་རུང་སྦྱོང་བའི་རྣམ་པ་གསར་པའི་སློབ་སྦྱོང་བྱེད་ཐབས་དེ་ཡིས་ཧ་ལམ་སློབ་ཁང་སློབ་ཁྲིད་ཀྱི་ཚབ་བྱེད་ཐུབ་ཡོད། དེའི་ཕྱིར་ཕྱིའི་སྐད་ཡིག་གི་དགེ་རྒན་གྱིས་འཁྲིད་བྱའི་སློབ་ཐུན་རེ་རེ་དེ་འཐུས་སྒོ་ཚང་བ་ཞིག་ཏུ་ལེགས་སྒྲིག་བྱས་ཏེ། འབྲེལ་དྲྭ་བརྒྱུད་ནས་སློབ་གསོའི་ལས་རིགས་ཁྱབ་སྤེལ་གཏོང་ཐུབ་ཚེ། གལ་སྲིད་སློབ་ཁྲིད་ཀྱི་ཐབས་ཇུས་བཟང་པོ་ཞིག་ཡིན་ན། རང་རེའི་ལྗོངས་ཞིང་ལྔའི་མི་རིགས་ས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་ཁག་གིས་ཀྱང་སློབ་ཁྲིད་ཀྱི་ཐབས་ཇུས་དེ་བཀོལ་སྤྱོད་དང་ཉེར་ལེན་བྱས་ཆོག་པས། འབྲེལ་དྲྭ་དང་། དགེ་རྒན། སློབ་མ་བཅས་གཞི་གཅིག་ཅན་གྱི་སློབ་ཁྲིད་བྱེད་ཐབས་འདིས་ཀྱང་། ཕྱིའི་སྐད་ཡིག་གི་སློབ་ཁྲིད་ལ་བརྟེན་ནས་ཕ་སྐད་རིག་གནས་ཁྱབ་སྤེལ་བྱེད་ཐུབ་སྙམ།

གསུམ། ཕ་སྐད་རིག་གནས་ཁྱབ་སྤེལ་བྱེད་པ་དེ་འགན་འཁྲི་ཞིག་ཏུ་བསམ་དགོས།

ཕྱིའི་སྐད་ཡིག་གི་དགེ་རྒན་ཕལ་མོ་ཆེས་རྒྱལ་ཁབ་ཀྱི་འཆར་གཞི་དང་། སློབ་གསོའི་སྡེ་ཁག་གིས་བཀོད་སྒྲིག་བྱས་པའི་སློབ་ཁྲིད་ཀྱི་སྒྲིག་སྲོལ་དེའི་འོས་འགན་འགྲུབ་ཐུབ་པ་ཙམ་ལ་དམིགས་ནས། རྒྱུགས་དམིགས་སློབ་གསོའི་གནས་སྐབས་ཙམ་གྱི་བླང་བྱ་དེ་ཁོ་ན་དགོས་གལ་ཏུ་བརྩི་བ་ལས། སློབ་མའི་མ་འོངས་པའི་ཁྱོན་ཡོངས་ཀྱི་ཁོར་ཡུག་གི་དགོས་འདུན་དང་བྱ་བའི་དགོས་མཁོར་བསམ་བློ་ཆེར་མི་གཏོང་། འོན་ཀྱང་། དགེ་རྒན་ཞིག་ཡིན་ཕྱིན་སྐབས་བབ་ཀྱི་སློབ་ཁྲིད་ཁོ་ན་ཙམ་མ་ཡིན་པར། སློབ་མའི་མ་འོངས་པའི་ཁོར་ཡུག་གི་དགོས་འདུན་སོགས་སློབ་གསོའི་འགན་འཁྲི་མང་པོ་ཞིག་ཕྲག་ཏུ་བབས་ཡོད་ཅིང་། ལྷག་པར་ཕྱིའི་སྐད་ཡིག་གི་དགེ་རྒན་ཞིག་ཡིན་ན། སྐད་ཡིག་དེའི་ནང་དུ་མི་རིགས་རང་གི་སྐད་དང་ཡི་གེའི་ཕན་ནུས་ཀྱང་མཉམ་འདྲེས་ཀྱི་སྒོ་ནས་སྣོན་ཅི་ཐུབ་བྱེད་དགོས། མདོར་ན་ཕྱིའི་སྐད་ཡིག་གི་ཕན་ནུས་ལ་བརྟེན་ནས་རང་གི་ཕ་སྐད་རིག་གནས་ཀྱང་དུས་བསྟུན་མཉམ་སྐྱོད་ཀྱིས་ཁྱབ་སྤེལ་བྱེད་ཐུབ་པར་བྱ་རྒྱུ་ནི། གཞན་གྱི་སྐུལ་མ་ལ་མི་བརྟེན་པར་ཕྱིའི་སྐད་ཡིག་གི་དགེ་རྒན་སུས་ཀྱང་མ་སྐུལ་དང་བླངས་ཀྱི་སྒོ་ནས་རང་ཉིད་ཀྱི་འགན་འཁྲི་ཞིག་ཏུ་སེམས་པར་འོས།

མཇུག་བསྡུ་བའི་གཏམ།

ཕྱིའི་སྐད་ཡིག་བསླབ་པའི་དགེ་མཚན་ནི་ཕྱི་ཕྱོགས་ལ་འབྲེལ་མཐུད་དང་། རྒྱལ་སྤྱིའི་འགྲོ་འོང་ལ་ཕན་པའི་རིག་གནས་བརྗེ་རེས་ཀྱི་ལག་ཆ་བཟང་པོ་ཞིག་ཏུ་ངོས་བཟུང་ཆོག་ཅིང་། ཡང་ན་རྒྱལ་སྤྱིའི་ཁྱབ་ཁོངས་འོག་སྔོན་ཐོན་རིག་གནས་ནང་འདྲེན་དང་ཁྱབ་སྤེལ་བྱེད་རྒྱུ་དེ་ཡིན། རང་རེའི་བོད་ལའང་འཛམ་གླིང་དུ་མི་རིགས་གཞན་ལ་ངོམ་དུ་རུང་བའི་བཅུ་ཕྲག་རིག་གནས་ཀྱི་བང་མཛོད་དང་། དེ་མིན་སློབ་གསོའི་ལས་རིགས་ངོས་ནས་ཀྱང་མི་རིགས་རང་གི་སྐད་ཡིག་གི་འཆད་ཐབས་དང་འཁྲིད་ཇུས་ཐུན་མོང་མ་ཡིན་པ་ཡོད་པས། དེ་ལ་བརྟེན་ནས་ཕྱིའི་སྐད་ཡིག་སློབ་ཁྲིད་བྱེད་པའི་བརྒྱུད་རིམ་ཁྲོད་ཕ་སྐད་རིག་གནས་ཀྱི་གོ་གནས་ལ་བརྩི་མཐོང་དང་། དེའི་ཕན་ནུས་དང་དགེ་མཚན་རྟོགས་པར་བྱས་ཏེ། གཞན་གྱི་ཕུལ་བྱུང་རིག་གནས་བཀོལ་ནས་བོད་རང་སའི་རིག་གནས་ཀྱི་རྒྱུ་གཙོ་བོར་གྲུབ་པའི་བྱ་དངོས་ཡོད་ཚད་ཀྱི་སྣང་ཚུལ་མཚོན་ཐུབ་པར་བྱ་དགོས་པས། ཕྱིའི་སྐད་ཡིག་གི་དགེ་རྒན་རྣམ་པས། སློབ་ཐུན་རེ་རེ་དང་སློབ་ཚན་རེ་རེའི་ངོས་ནས་ཅི་ནུས་ཀྱིས་ཕ་སྐད་རིག་གནས་ཁྱབ་སྤེལ་བྱེད་པའི་མ་ལག་འཛུགས་སྐྲུན་དང་། དེ་ཉིད་བྱེ་བྲག་ཏུ་ལག་ལེན་དོན་འཁྱོལ་ཡོང་བར་བྱ་རྒྱུ་ནི། མི་རིགས་རང་གི་རིག་གནས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་མཐུན་པའི་འོས་འགན་གལ་ཆེན་ཞིག་ཏུ་མཐོང་ངོ་། །

དཔྱད་གཞིའི་ཡིག་ཆ།

[1] 匡少平 材料科学与工程专业英语[M]第3 版 化学工业出版社 2015.

[2] 刘兴波 关于专业外语教学改革的思考——以公共管理专业英语教学为例[J]大学教育2013(6):106-108.

[3] 李秀梅 大学英语教学中加强母语文化导入的必要性研究[J] 西华大学学报,2012(05).

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།