དཔེ་ཀློག་གི་གོམས་གཤིས་ནི་འཚོ་བའི་གསོན་ཤུགས་ཡིན།

ཉི་ཧོང་གི་བུ་ཕྲུག་ལ་ཆུང་དུས་ནས་དཔེ་ཀློག་གི་གོམས་གཤིས་ལེགས་པོ་ཡོད། འདི་ནི་ཉི་ཧོང་བ་ཡོངས་ཀྱི་དཔེ་ཀློག་གི་རྣམ་པ་དང་འབྲེལ་བ་ཆེ་ལ། དེ་བས་ཁྱིམ་ཚང་གི་སློབ་གསོ་དང་ཁ་འབྲལ་ཐབས་མེད། དེས་ན།  ང་ཚོས་ཉི་ཧོང་གི་སློབ་གསོའི་ཐབས་ལམ་འདི་དག་སྤྱད་ནས་བུ་ཕྲུག་ལ་དཔེ་ཀློག་གི་གོམས་གཤིས་འཇགས་སུ་འཇུག་དགོས།

༡ དཔེ་ཀློག་གི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས།

དཔེ་ཀློག་ལེགས་པར་མ་བྱས་སྔོན་ལ་དཔེ་ཀློག་གི་གོམས་གཤིས་ཤིག་ལྡན་དགོས། དཔེ་ཀློག་གི་གོམས་གཤིས་འཇགས་པར་ཁོར་ཡུག་ཞིག་ཡོད་དགོས།  དཔེ་ཀློག་གི་ཁོར་ཡུག་ནི་སྤྱིར་ན་སྤྱི་ཚོགས་ཡོངས་དང་ཁྱིམ་ཚང་གི་ཁོར་ཡུག་དང་འབྲེལ་བ་ཆེ་སྟེ། ཁྱིམ་བདག་གིས་བུ་ཕྲུག་ལ་ལྷིང་འཇགས་ལྡན་པའི་དཔེ་ཀློག་གི་ཁོར་ཡུག་ཞིག་བསྐྲུན་ནས། བུ་ཕྲུག་ལ་དཔེ་ཀློག་གི་གསོན་ཤུགས་ལེགས་པོ་ཞིག་རྒྱས་པར་བྱེད་དགོས།

ཁྱིམ་བདག་གིས་དཔེ་དེབ་དག་ཁང་པའི་མཛེས་རྒྱན་དུ་སྤྱད་ནས་ཁང་པའི་གྲུ་ཟུར་གང་དུ་བསླེབས་ཀྱང་དཔེ་དེབ་བཟུང་ནས་བལྟ་རྒྱུ་ཡོད་པའི་རྣམ་པ་ཞིག་དང་། དེ་མིན་ཆུང་དུས་ནས་དཔེ་དེབ་ནི་བུ་ཕྲུག་གི་རྩེད་ཆས་ནང་མེད་དུ་མི་རུང་བ་ཞིག་ཏུ་གྱུར་པ་བྱེད་དགོས། འདི་ལྟར་གྱི་དུས་རིམ་ལས་བུ་ཕྲུག་ལ་དཔེ་དེབ་དང་འབྲལ་མི་ཕོད་པའི་དགའ་ཞེན་ཞིག་བསླེབས་ནས་བུ་ཕྲུག་ལ་འབོར་དུ་མེད་པའི་དཔེ་ཀློག་གི་གོམས་གཤིས་ཤིག་འཇགས་སྲིད།

༢ དཔེ་ཀློག་གི་གོམས་གཤིས་བཟང་པོ་ཞིག་བུ་ཕྲུག་གི་ལུས་སེམས་ལ་སིམ་པར་བྱེད་དགོས།

ཁྱིམ་བདག་གིས་རྒྱུན་དུ་བུ་ཕྲུག་དཔེ་ཀློག་ཁང་དང་དཔེ་ཚོང་ཁང་སོགས་དཔེ་དེབ་དང་འབྲེལ་བའི་ཁོར་ཡུག་ཏུ་མང་དུ་ཁྲིད་ནས་དཔེ་དེབ་ཀྱི་ཁོར་ཡུག་ལས་སྤྲོ་སྣང་ཞིག་ཐོབ་པར་བྱེད་དགོས། སྤྲོ་སྣང་དེ་ལས་བུ་ཕྲུག་དཔེ་ཀློག་ལ་འཇུག་པའི་གསོན་ཤུགས་རྒྱས་ཐུབ།དཔེ་ཀློག་ནི་སྤྱིར་ན་སྤྲོ་སྣང་ལྡན་པའི་བྱ་བ་ཞིག་ཡིན་ལ། བུ་ཕྲུག་ལ་དཔེ་ཀློག་ནི་བདེ་སྐྱིད་དང་ཆེས་སྤྲོ་སྣང་ལྡན་པའི་ལས་ཤིག་ཏུ་ཚོར་བའི་བསམ་བློ་ཞིག་སྐྱེ་ཚེ། ད་གཟོད།  དཔེ་ཀློག་གི་གོམས་གཤིས་དེས་བུ་ཕྲུག་གི་མི་ཚེ་དང་འབྲལ་ཐབས་མེད་པར་གཟུགས་དང་གྲིབ་མ་ལྟར་ཡོང་ངོ་།།

༣ བུ་ཕྲུག་དང་མཉམ་དུ་དཔེ་དེབ་ཀློག་བྱེད་ཅིང་ནང་དོན་མཉམ་གླེང་བྱེད་པ།

མིང་དུ་གྲགས་པའི་བྱིས་རྩོམ་མཁན་ཇོའོ་སེ་ཏན་-ཅཱ་ཏན་桥斯坦-贾德གྱིས་གསུངས་པ་ལྟར་ན། རྣམ་དཔྱོད་དང་ལྡན་པའི་ཕ་མ་ཞིག་ཡིན་ཕྱིར། བུ་ཕྲུག་གི་ཟས་གོས་ལེགས་པར་བྱུང་བའི་རྗེས་སུ། གནད་དོན་ཆེན་ཤོས་ནི། བུ་ཕྲུག་ལ་དཔེ་དེབ་ལེགས་པོ་ཞིག་ཉོས་ནས། བུ་ཕྲུག་གི་ཉལ་ཁང་དུ་འཇོག་གི་ཡོད།དེ་ལས་ལེགས་པའི་ཐབས་དམ་པ་ནི་བུ་ཕྲུག་དང་མཉམ་དུ་དཔེ་ཀློག་བྱས་ནས། དཔེ་དེབ་ནང་གི་དགའ་སྐྱོ་ཆགས་སྡང་རྣམས་དང་ཕན་ཚུན་མཉམ་རོལ་བྱེད་དགོས། གཟབ་དགོས་པ་ཞིག་ལ། བུ་ཕྲུག་གིས་དཔེ་དེབ་ཀློག་སྟངས་དང་བསམ་གཞིག་བྱེད་སྟངས་ལ་སྐྱོན་བརྗོད་བྱེད་མི་རུང་། སྐྱོན་བརྗོད་ནི་བུ་ཕྲུག་དཔེ་ཀློག་ལ་འཇུག་པའི་བཀག་རྡོ་ལྟ་བུ་ཡིན་པས། འདིས་དཔེ་ཀློག་གི་གོམས་གཤིས་མེད་པར་བཟོ་ཡི་ཡོད།

༤ རྒྱུན་འཁྱོངས་ནི་རྒྱལ་ཁའི་རྒྱུ་ཡིན།

དཔེ་ཀློག་གི་གོམས་གཤིས་བཟང་པོ་ནི་ཉིན་གཅིག་ལ་གསོ་སྐྱོང་ཐུབ་པ་ཞིག་མ་ཡིན་པས། བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་དགོས། ཁྱིམ་བདག་རྣམ་པས་དཔེ་ཀློག་རྒྱུན་འཁྱོངས་བྱས་ནས་བུ་ཕྲུག་ལ་མིག་ལྟོས་བཟང་པོར་བྱ་དགོས་ཏེ། ཕ་མ་རྣམ་པས་ཆུ་ཡི་ལྦུ་བ་ཙམ་དུ་མ་ཡིན་པར། ཉིན་གྱི་ཁ་ཟས་ལྟར་བསྟེན་ཐུབ་ཚེ། བུ་ཕྲུག་ལ་དཔེ་ཀློག་གི་གོམས་གཤིས་འཇགས་ནས་དཔེ་དེབ་ནི་མི་ཚེ་གཅིག་གི་ཟླ་བོ་ཇི་བཞིན་འགྱུར་ངེས་སོ། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།