མི་གཞི་བཟང་པོ་ཞིག་དགོས་ན་འགོ་རང་ཉིད་ཀྱི་ཁྱིམ་ཚང་ནས་འཛུགས་དགོས།

ཨ་རིའི་སྲིད་འཛིན་ཨོ་བྷ་མའི་(Barack Obama) ཆེས་མཐའ་མཇུག་གི་སྲིད་འཛིན་གཏམ་བཤད་ལ་བལྟས་རྗེས་ང་ལ་མྱོང་ཚོར་ཆེན་པོ་བྱུང་།

 གཏམ་བཤད་ནང་ཁོས་ཁོ་རང་གི་བཟའ་ཟླ་མེ་ཤེར་དང་ཕྲུ་གུ་གཉིས་བརྗོད་སྐབས་བརྩེ་བ་ཟབ་པའི་མིག་ཆུ་ཤོར།  ཁོང་གིས་བཟའ་ཟླ་(Michelle) མི་ཆེལ་ལེ་ལ་(ངའི་ལྷོ་ཕྱོགས་ནས་ཡོང་བའི་བུད་མེད། འདས་ཟིན་པའི་ལོ་ངོ་ཉེར་ལྔའི་རིང་། ཁྱེད་ནི་བདག་གི་ཆུང་མ་དང་བྱིས་པའི་མ་ཡུམ་ཡིན་པས་མ་ཚད། ཁྱེད་རང་ངའི་གྲོགས་པོ་བཟང་ཤོས་དེའང་ཡིན། ཁྱེད་ཀྱིས་རང་ཉིད་ཀྱི་ཐོབ་ལེན་བྱས་པ་མིན་པའི་འགན་འཁྲི་དང་དུ་བླངས། འོན་ཀྱང་ཁྱེད་ཀྱི་ཕུལ་བྱུང་གི་སྙིང་སྟོབས་དང་ངང་རྒྱུད་ལ་བརྟེན་ནས་ཉམས་དང་ལྡན་པའི་ཐོབ་ཐང་འདི་ལ་རང་ཉིད་ཀྱི་རྟགས་ཐམ་བཞག་ཡོད་ཅེས་)བཤད་ཚར་རྗེས་ཨོ་བྷ་མས་ཁུག་མ་ནས་ལག་ཕྱིས་དཀར་པོ་ཞིག་གཏོན་ནས་མིག་ཆུ་ཕྱིས་པས་ཚོགས་རའི་རྣམ་པ་ཧ་ཅང་མི་སེམས་འགུལ་བ་ཞིག་དུ་གྱུར།   

 ནུབ་ཕྱོགས་རྒྱལ་ཁབ་ཀྱི་སྲོལ་རྒྱུན་རིག་གནས་ནང་ཁྱོ་ག་ཚང་མས་ཆུང་མ་དང་ཁྱིམ་ཚང་ལ་དགའ་གུས་ཧ་ཅང་ཆེན་པོ་བྱེད་སྲོལ་ཡོད། ཐ་ན་བུད་མེད་ལ་བརྩི་འཇོག་མི་བྱེད་མཁན་སྲིད་འཛིན་(Donald Trump)ཀྲམ་ཧྤིས་ཀྱིས་ཀྱང་མི་ཚོགས་མདུན་ནས་ཆུང་མ་ལ་གཅེས་མདོག་སྟོན་བཞིན་ཡོད། རྒྱུ་མཚན་ཁོང་ཚོས་ཆུང་མ་དང་ཁྱིམ་ཚང་ལ་དགའ་གུས་བྱེད་པ་ནི་སྐྱེས་པ་ཞིག་གི་འགན་འཁྲིའམ་རང་འབབ་ཀྱི་ལས་འགན་དངོས་ཡག་པོ་འཁུར་ཐུབ་མིན་མཚོན་གྱི་ཡོད་ཅེས་དང་དེ་ནས་མི་ཞིག་གི་མི་གཞི་དངོས་དེ་ཡང་མཐོང་ཐུབ་ཅེས་བརྗོད་ཀྱིན་ཡོད།

  དེར་བརྟེན་ངས་ག་དུས་ཡིན་རུང་བྱ་བཞག་ཧ་ཅང་ལེགས་འགྲུབ་བྱུང་བའི་སྐྱེས་པ་དེ་ཚོར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། བྱ་བཞག་ཐད་ལེགས་འགྲུབ་བྱུང་བའི་སྐྱེས་པ་མང་ཆེ་བས་ཁྱིམ་ཚང་ལ་སྔར་ལས་འགན་ཁུར་དང་ཁྱིམ་མིར་བྱམས་སྐྱོང་། ལྷག་པར་དུ་ཁྱིམ་ཚང་ལ་བཅངས་བའི་འདུ་ཤེས་ཧ་ཅང་ཟབ་མོ་འདུག་པས་ང་རང་མི་དེ་རིགས་ལ་དགའ་གུས་ཆེན་པོ་ཡོད།

 ཐེངས་གཅིག་ཕྱི་གླིང་པའི་ཚོང་པ་ཆེན་པོ་འགའ་དང་མི་གཞིའི་ལྟ་ཚུལ་ཐད་བགྲོ་གླེང་བྱེད་པའི་གོ་སྐབས་བཟང་པོ་ཞིག་རེག་སོང་། ཁོང་རྣམ་པས་ང་ཚོས་ལས་གནས་མཐོ་བའི་ལས་མི་བསྡུ་སྐབས་ངེས་པར་དུ་ལས་མི་དེའི་སྐྱེས་པའམ་ཆུང་མ་ཟ་མ་བཟའ་བར་མཉམ་དུ་འབོད་སྲོལ་ཡོད། གང་ཡིན་ཟེར་ན་མི་ཞིག་གིས་རང་གི་བཟའ་མིར་བཅངས་བའི་རྣམ་འགྱུར་ལས་ཁོ་པའི་དགེ་སྐྱོན་མང་པོ་མཐོང་ཐུབ་ཅེས་བཤད་བྱུང་། ངས་མི་གང་འདྲ་ཞིག་ཡིན་རུང་ཉིན་ལྟར་རྣམ་འགྱུར་དང་སྣང་ཚུལ་མི་འདྲ་བ་ཡོད་པས་ཟ་མ་བཟའ་ཐེངས་གཅིག་གི་དུས་ཚོད་ནང་མི་གཅིག་གི་མི་གཞི་ལ་ཚོད་དཔག་བྱས་ན་ཏོག་ཙམ་ཐལ་ཆེ་བ་མིན་ནམ་ཞེས་བཤད་པས། ཚོང་དཔོན་རྣམས་པས་ཟ་མ་བཟའ་ཐེངས་གཅིག་གི་དུས་ཚོད་དེའི་ཉམས་ཞིབ་བརྒྱུད་ནས་མི་དེ་ལ་རྒྱུས་མངའ་རགས་ཙམ་ཐོབ་ཐུབ་ལ། རྗེས་ཕྱོགས་སྤྱི་གཉེར་ཁང་གི་ནང་མི་དང་ལས་མིའི་འདུ་འཛོམས་མང་པོ་བཀོད་སྒྲིག་བྱེད་ཀྱི་ཡོད་པས་དེ་ནས་ལས་མི་དག་ལ་རྒྱུས་མངའ་ཆེན་པོ་ཡོང་གི་འདུག ཐབས་ཇུས་དེ་བེད་སྤྱད་ནས་ང་ཚོས་མི་འགའ་ཤས་ཀྱི་བྱ་ཚུལ་བསམ་ཡུལ་ལས་འདས་པ་མང་པོ་མཐོང་ཡོང་གི་འདུག་ཅེས་བཤད་བྱུང་བས་ང་རང་ཡང་ལུས་པོ་གྲང་ཤུར་ཤུར་གྱི་ཚོར་སྣང་ཞིག་བྱུང་སོང་། རྒྱུ་མཚན་ནི་ང་ཚོའི་སྤྱི་གཉེར་ཁང་གི་དབུ་འཛིན་དེས་ཀྱང་རྒྱུན་དུ་ལས་མི་འདུ་འཛོམས་སྐབས་བཟའ་མི་བུ་ཕྲུག་འཁྲིད་དགོས་པའི་བཀའ་གནང་གི་འདུག་པས་ད་བྱས་ན་ང་ཚོའི་དབུ་འཛིན་རྣམ་པ་ཡང་(ཕྱི་ན་ཆང་བཟི་བའི་ཚུལ་བསྟན་ཡང་། དོན་དུ་དམིགས་ཡུལ་ལོགས་སུ་ཡོད།)ཅེས་པའི་དཔེ་ལྟར་ཡིན་པ་རེད།

ངོ་མ་མི་ཚེའི་བགྲོད་ལམ་སྟེང་ལ་གཡོ་རྒྱུའི་ཐབས་ལམ་ཤ་སྟག་ཡིན་ཟེར་བ་ལྟར། སྦྱིན་བདག་ཚོང་དཔོན་གང་ཡིན་ཡང་ཐབས་ཤེས་ཡོད་དགུས་ལས་མིར་ཉམས་ཞིབ་གཙང་མ་བྱས་རྗེས་གཞི་ནས་གལ་འགང་ཆེ་བའི་ལས་གནས་ཁག་རང་ཉིད་བློས་འཁེལ་བའི་མི་ལ་རྩིས་སྤྲོད་བྱེད་ཀྱི་ཡོད་པས་ཇུས་མང་བརྩིས་ཞིབ་མཁན་དག་གི་མདུན་ནས་ཕལ་ཆེར་མི་གཞི་བཟང་པོས་མ་གཏོགས་ལས་གནས་ཁག་གི་འགག་སྒོ་གྲོལ་ཐབས་བྲལ་འདུག རྗེས་སུ་ངས་ལྐོག་དུ་རྒྱལ་ནང་གི་སྤྱི་གཉེར་ཁང་མང་པོར་ལྟ་ཞིབ་བྱས་པར་ཤེས་གསལ་མི་མང་པོ་ཞིག་སྤྱི་གཉེར་ཁང་དུ་མི་གཞི་ཧ་ཅང་བཟང་པོ་ཡིན་རུང་ཁྱིམ་དུ་ལོག་རྗེས་རང་གི་བཟའ་མིར་སྣང་མེད་ཚད་མེད་བྱེད་མཁན་ཞིག་རེད་འདུག་པས་ང་རང་སྣང་ཚུལ་དེ་ལ་ཡ་མཚན་སྐྱེས་ནས་ཕྱི་གླིང་སྦྱིན་བདག་ཆེ་ཁག་འགའ་ལ་དེའི་ཐད་བཅར་འདྲི་བྱས་པས་ཁོང་རྣམ་པས་གནང་བའི་ལན་ཧ་ལམ་གཅིག་མཚུངས་རེད་འདུག ཁོང་ཚོས་མི་དེ་རིགས་སྤྱི་གཉེར་ཁང་ནང་གི་རྣམ་འགྱུར་དག་ནི་རང་ཉིད་ཀྱི་ཁེ་ཕན་ལ་འབྲེལ་བ་ཆེན་པོ་ཡོད་པས་བྱ་ཚུལ་ཐད་ཧ་ཅང་གཟབ་ནན་བྱེད་ཀྱི་ཡོད།  ཡིན་ཡང་ཁྱིམ་ཚང་ནང་དེ་ལྟར་བྱེད་དགོས་མེད། གང་ཡིན་ཟེར་ན་ཁྱིམ་ཚང་གི་བཟའ་མི་བུ་ཕྲུག་རང་ཉིད་ཀྱི་དབང་འོག་ལ་ཡོད་སྟབས་རང་ཉིད་ཀྱི་གཏན་འཇགས་རྒྱུ་ནོར་ལྟར་འགྱུར་བ་མེད་བསམ་བཞིན་ཡོད་པས་མི་དེ་རིགས་ཀྱིས་བཟའ་མིར་འཛིན་པའི་རྣམ་འགྱུར་དེ་ཁོའི་མི་གཞི་ངོ་མ་དེ་རེད་ཅེས་དང་། གལ་ཏེ་དོན་དངོས་མི་ཞིག་གིས་མི་གཞི་དངོས་དེ་ཤེས་དགོས་ན་ཁོས་རང་ཉིད་ཀྱི་ཁེ་ཕན་དང་འབྲེལ་བ་མེད་པའི་མི་ལ་འཛིན་པའི་རྣམ་འགྱུར་ལས་མཐོང་ཐུབ་ཀྱི་རེད་ཅེས་གསུང་བྱུང་། 

དཔེར་ན་མི་དེ་རིགས་ཁྱིམ་ལ་ལོག་རྗེས་ཁོང་ཚོར་ལས་གནས་ཀྱི་གནོན་ཤུགས་མེད་པ་དང་སྤྱི་ཚོགས་ཀྱི་མཚན་སྙན་ཡང་སྲུང་དགོས་མེད།ཁེ་ཕན་གྱི་རྙོག་འཛིང་དང་བྲལ་ནས་ཡོད་པས་ད་གཟོད་ཀྱི་ཁོང་ཚོ་ནི་དངོས་ཡོད་ཀྱི་མི་དེ་ཡིན་པས་སྐབས་དེ་དུས་ཁོང་ཚོས་བཟའ་མིར་འཛིན་པའི་རྣམ་འགྱུར་ཅི་འདྲ་ཡིན་པ་དེ་ཁོ་པའི་ངོ་གདོང་ངོ་མ་ཡང་དེ་འདྲ་ཞིག་རེད་ཅེས་ཚིག་ཐག་བཅད་ཆོག བཤད་ལྟངས་དེ་ལ་མི་ཁ་ཤས་ཀྱིས་ཁས་ལེན་མི་བྱེད་པར་(ངས་ཉིན་གང་ལས་གནས་ཐོག་བཟོད་སྒོམ་བྱས་ནས་བསྡད་པའི་སེམས་ངལ་དེ་རྣམས་ནང་མིར་མ་བསྟན་ན་སུ་ལ་བསྟན། ང་ལས་ཁུངས་ནང་ཉིན་གང་གུས་གུས་ཞུམ་ཞུམ་བྱེད་དགོས་པས་མ་ཚད་ད་དུང་ནང་ལ་ཡང་མུ་མཐུད་གུས་ཞབས་བྱེད་ནས་བསྡད་དགོས་རེད་དམ་ཅེས་དང་། ངས་སོ་སོའི་ནང་མིར་བསླད་མེད་ཀྱི་བརྩེ་བ་ཡོད་པས་ཁོང་ཚོས་ངའི་སྐྱོན་དང་ནོར་འཁྲུལ་ལ་དང་ལེན་བྱེད་དགོས་དང་དགོས་སོགས་)ནོར་འཁྲུལ་ལ་གཡོལ་འདོད་ཀྱི་གསལ་བཤད་དེ་དག་ནི་ངས་ཐོས་པའི་ཚད་ལས་བརྒལ་བའི་ཁྲེལ་མེད་ཀྱི་གཏན་ཚིགས་དེ་ཡིན། གལ་ཏེ་ཁྱོད་རང་སོ་སོའི་ནང་མིར་དགའ་ན། ཁོང་ཚོས་ཁྱེད་ཀྱི་སྐྱོན་ཆ་ཚང་མར་དང་ལེན་བྱེད་དགོས་སམ། གལ་ཏེ་ཁྱེད་རང་ཁོང་ཚོར་དགའ་ན། ཁོང་ཚོས་ཆ་རྐྱེན་མེད་པའི་ཐོག་ནས་ཁྱེད་ཀྱི་མ་རབས་ཐ་ཤལ་གྱི་གཤིས་ཀ་དེ་ལ་བཟོད་ནས་བསྡད་དགོས་སམ། དངོས་གནས་དེ་འདྲ་ཡིན་ན་ཁྱེད་ཀྱི་བཟའ་མི་བུ་ཕྲུག་ཡ་ང་བ་རང་རེད་འདུག སྐྱེས་པ་རབ་ཞིག་ཡིན་ན་སྔོན་ལ་རང་གི་ཁྱིམ་ཚང་ལ་བདེ་བ་བསྐྲུན་ཐུབ་དགོས། ཁྱིམ་ཚང་ལ་བདེ་བ་བསྐྲུན་ཐུབ་ན་རང་སེམས་ལ་བདེ་བ་ཆེན་པོ་ཐོབ་ཐུབ། རང་སེམས་ལ་བདེ་བ་ཐོབ་ན་གཞི་ནས་སྤྱི་ཚོགས་ལ་བདེ་སྐྱིད་བསྐྲུན་ཐུབ།  མི་སུ་ཞིག་ཡིན་རུང་རང་ཉིད་ཀྱིས་གནོད་འཚེ་ཐུབ་པ་དང་རང་ཉིད་ལ་བཟོད་བསྲན་ཐུབ་མཁན་ནི། ནམ་ཡང་རང་ལ་སྙིང་ཉེ་བའི་མི་དང་རང་ལ་དགའ་བའི་མི་ལས་མེད། དེར་བརྟེན་ང་ཚོར་གོམས་གཤིས་ངན་པ་དེ་འདྲ་ཡོད་ན་ད་བཅོས་རན་འདུག ང་ཚོ་ཚང་མར་སྐྱོན་ཆ་ཡོད་ངེས་རེད་དེ་ནི་ངོ་ཚ་དགོས་པའི་དོན་ཞིག་མ་ཡིན། རྒྱུ་མཚན། མི་སུ་འདྲ་ཞིག་ཡིན་ཀྱང་ལྷན་སྐྱེས་ཀྱི་ཡང་དག་ཞིག་གཏན་ནས་མིན། འོན་ཀྱང་མི་ཐ་ཤལ་འགའ་རེས་རང་ཉིད་ཀྱི་ནོར་འཁྲུལ་ལ་ཁས་ལེན་དང་བསྒྱུར་བཅོས་བྱེད་རྒྱུ་ཕར་བཞག་ད་དུང་ཨུ་ཚུགས་ཀྱི་རྒྱུ་མཚན་མང་པོ་བགྲང་ནས་རང་ཉིད་ལ་དག་སེལ་གང་ཐུབ་བྱེད་པ་དེ་ནི་ངོ་ཚ་དགོས་པ་ཞིག་དང་མི་ཚེའི་ནང་གི་ཕམ་ཁ་ཆེ་ཤོས་དེ་རེད། དངོས་གནས་བྱས་ན་ཁྱིམ་ཚང་གི་འབྲེལ་བ་ལ་ཡང་གཉོར་སྐྱོང་ཡག་པོ་བྱེད་དགོས་ངེས་ཡིན་ཁྱིམ་ཚང་ནི་མི་ཞིག་གིས་རང་ཚུགས་དང་བློ་སྦྱོང་ཡུལ་གྱི་གནས་ཡག་ཤོས་དེ་རེད།
    དེ་ནས་བུད་མེད་ཅིག་ལ་བརྗོད་ན་ལོ་ཤས་སྔོན་ང་རང་ཁེ་ལས་གཟབ་སྦྱོང་སྦྱོང་བརྡར་འཛིན་གྲྭར་འགྲོ་སྐབས་གྲོགས་མོ་ཞིག་ངོ་ཤེས་བྱུང་། ཁོང་གིས་ག་དུས་ཡིན་རུང་ལུས་ཤ་སྐམ་པོ་བཟོ་གྱི་ཡིན་ཟེར་བ་དང་། ལུས་སྦྱོང་ཡག་པོ་བྱེད་ནས་རང་ཉིད་ཀྱི་ལུས་ཁམས་བདེ་ཐང་ལ་སྔར་ལས་ཡར་རྒྱས་བཏང་གི་ཡིན་གསུང་བཞིན་ཐ་ན་སྐད་འཕྲིན་ཐོག་ལ་ཡང་ལུས་པོའི་བདེ་ཐང་དང་རྣམ་ཤེས་ཀྱི་ཉམས་རྒྱུད་གཅིག་ཕྱོགས་ཡིན་པས་ལུས་སྦྱོང་ལ་དོ་སྣང་བྱ་རྒྱུ་གལ་ཆེན་ཡིན་ཅེས་བཀོད་འདུག  ཡིན་ཡང་ཁོང་གིས་ང་ལ་བཞག་པའི་བག་ཆགས་ནི་ལས་ཀ་གང་འདྲ་ཞིག་བསྒྲུབས་ཀྱང་མགོ་རྩོམ་སྐབས་ཨ་གསར་གྱི་ཚ་འཚབ་ཙམ་ལས་མཐའ་སྐྱོང་གནང་གི་མི་འདུག  ཁོང་རང་གིས་ཀྱང་ང་ལ་ཁྱེད་ནས་ང་ལ་ཞིབ་འཇུག་གནང་རོགས་ང་ལ་སྐྱོན་ག་རེ་འདུག་གམ་ཅེས་ཡང་དྲིས་མྱོང་། འོན་ཀྱང་དེ་དུས་ང་གཉིས་དབར་དེ་ཙམ་རྒྱུས་མངའ་མེད་པས་ངས་ལམ་སེང་ལན་འདེབས་ནུས་མ་བྱུང་། རྗེས་ལ་གློ་བུར་གྱི་གོ་སྐབས་ཤིག་ལས་ང་ཚོ་མི་མང་པོ་ཞིག་ཁོང་གི་ཁྱིམ་ལ་མགྲོན་དུ་ཕྱིན་པ་ཡིན།   ང་ཁོང་གི་ཁྱིམ་ལ་འབྱོར་བ་དང་ངས་ཁོང་གི་རྗེས་ཕྱོགས་ནས་ལས་ཀ་ག་རེ་ཡིན་རུང་ལེགས་འགྲུབ་དེ་ཙམ་ཡོངས་ཐབས་མེད་པ་མཐོང་སོང་། གང་ཡིན་ཟེར་ན་དེ་ཉིན་ཁོང་གི་སྐུ་མགྲོན་མང་པོ་གདན་འདྲེན་ཞུས་ཡོད་རུང་ཁོང་གི་ཁྱིམ་ཚང་ནང་ཛར་ཛོར་གྱིས་ཁེངས་ནས་མི་སེམས་འཁྲུགས་དགོས་པ་ཞིག་འདུག ཚོམས་ཆེན་གྱི་འབོལ་ཁྲིའི་ཐོག་མི་བསྡད་ཤུལ་ལ་མ་གཏོགས་གཞན་ཐལ་རྡུལ་གྱིས་ཁེངས་ནས་ཧ་ལམ་རྒྱུན་རིང་ཕྱི་རྒྱུ་བྱུང་མེད་པ་འདྲ་ལ་ཁང་པའི་གང་སར་ལྷམ་དང་གྱོན་གོས་གཙང་མ་དང་གཙོག་པ་ཚང་མ་རང་གར་གཡུག་ནས་འདུག  དེ་ནས་ཐབ་ཚང་ནང་ཕོར་པ་འཁྲུ་རྒྱུ་མང་པོ་ཡོད་པས་མ་ཚད་ཕོར་པ་ཁ་ཤས་ནང་གི་ཟ་ལྷག་རུལ་ནས་སྤུ་ཡང་ཆགས་འདུག  མི་ཞིག་གིས་ཁྱིམ་ཚང་ལ་འཛིན་པའི་འདུ་ཤེས་ནི་འཚོ་བ་ལ་འཛིན་པའི་འདུ་ཤེས་དེ་རེད་ཁོང་གི་རང་ཉིད་ཀྱི་འཚོ་བ་ལ་འདུ་ཤེས་དེ་ཙམ་ལས་མེད་ན་ལས་ཀ་གཞན་ཡག་པོ་ཞིག་སྒྲུབ་ཐུབ་ཐབས་བྲལ།
    ངས་མི་དེ་རིགས་མང་པོ་མཐོང་སོང་། ཁོང་ཚོས་ག་དུས་ཡིན་རུང་ཁྱིམ་ཚང་ནང་གི་མ་སྐྱིད་པ་མང་པོ་གླེང་ནས་ཕྱི་ལ་འཁྱམས་འགྲོ་བ་དང་ལུས་སྦྱོང་ལ་ཁ་གཡར་ནས་སེམས་པའི་བདེ་བ་འཚོལ་ཐབས་བྱེད་པ་ལས་དོན་དངོས་ཁྱིམ་ཚང་གིས་འབག་བཙོག་དང་། ཟང་ཟིང་གི་ཞན་ཚད་ལ་ལེགས་བཅོས་མ་བྱས་པ་མ་ཚད་སྐྱེས་པ་དང་བུ་ཕྲུག་ལ་ཁྱིམ་ཚང་གི་དྲོ་སྐྱིད་སྟེར་བའི་ནུས་པ་ཡང་བྲལ་ནས། རང་ཉིད་ཀྱི་འགན་འཁྲི་དང་རང་སྐྱོན་ལ་ཁས་ལེན་ཡང་བྱེད་འདོད་མེད་པར་སྐད་ཆ་ཆེན་པོ་ཁོ་ནར་བརྟེན་ནས་འཚོ་ཐབས་བྱེད་ཀྱིན་འདུག ངས་ལྟས་ན་ཁྱེད་རྣམས་གང་དུའང་ཕེབས་དགོས་དོན་མི་འདུག ཉིན་ལྟར་གྱི་ཁྱིམ་ལས་ཚང་མ་ཡག་པོ་སྒྲུབ་ན་གཅིག་ནས་ཁྱིམ་ཚང་གཙང་ཞིང་གྲ་འགྲིག་པ་ཞིག་བཟོ་ཐུབ་ལ། གཉིས་ནས་རང་ཉིད་ཀྱི་ལུས་སྦྱོང་ཡང་མཉམ་དུ་ཡོང་གི་ཡོད་པས་འདི་ནི་གཅིག་བསྒྲུབས་གཉིས་ཕན་ཞིག་མ་རེད་དམ། ཁྱིམ་ཚང་ནི་ང་ཚོའི་ལུས་སེམས་གསོ་གནས་ཡག་ཤོས་དེ་རེད་ལ་ང་ཚོས་དུས་ཚོད་མང་ཆེ་བ་ཁྱིམ་ཚང་ནང་བསྐྱལ་ནས་བསྡད་ཀྱི་ཡོད་པས་ཁྱིམ་ཚང་གི་འཚོ་བར་བཀོད་སྒྲིག་ཡག་པོ་ཞིག་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཞིག་རེད། ཁྱིམ་ཚང་གི་ཁོར་ཡུག་གི་རྣམ་པ་ལས་ཁྱིམ་བདག་ཞིག་གིས་འཇོན་ཐང་དང་གཤིས་ཀ་ཡང་ཤེས་ཐུབ།

ང་ཚོས་རྟག་ཏུ་དགོན་པར་ཕྱིན་ནས་སེམས་པའི་ལྷིང་འཇགས་འཚོལ་བ་ལས་ཁྱིམ་དུ་ཁུ་སིམ་སྟབས་བདེའི་འཚོ་བ་ཞིག་བསྐྲུན་ཐུབ་ན་དགའ་ཆེ་བ་མིན་ནམ། ང་ཚོའི་ཁང་པ་གཡར་བ་ཡིན་རུང་ང་ཚོའི་འཚོ་བ་ནི་གཡར་བ་ཞིག་མིན་པས་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་གོམས་འགྲོད་ལེགས་པོ་ཞིག་སྤོ་དགོས་ན་ཕོ་མོ་སུ་ཡིན་རུང་དང་པོ་རང་གི་ཁྱིམ་ཚང་ནས་འགོ་འཛུགས་ཏེ་འགྲོ་དགོས་པ་ངེས་གཏན་ཡིན།།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།