ཀྲུང་གོ་བོད་ཀྱི་དྲ་བ།

སློབ་ཚན་ཀློག་འདོན་ལ་ཀློག་སྟངས་མི་འདྲ་བ་དགོས།

ཡོང་ཁུངས། : གངས་རྒྱན་ན་ཆུང་ཚགས་པར།   རྩོམ་པ་པོ། : ཀླུ་ཤོད་སྙིང་དཀར།   སྤེལ་དུས། : 2020-09-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གླུ་བརྒྱ་གདངས་གཅིག་གིས་བླངས་ཚེ་རྣ་བའི་ཡུལ་དུ་མི་སྙན་པ་ཐམས་ཅད་ཀྱིས་ཤེས་མོད། རྩོམ་བརྒྱ་འདོན་རྟ་གཅིག་གིས་ཀློག་པ་ཡང་དེ་དང་མཚུངས་པར་ཡིད་ངོར་མི་མཛེས་པ་ཞིག་ཡིན།རྟགས་འཇུག་གི་དགོངས་བཞེད་ལྟར་ཀློག་ཟུར་མ་ཉམས་པ་ཞིག་ཐོན་ཁག་ནའང་ཡུལ་ལུང་སོ་སོའི་སྐད་གཤིས་ལ་བསམ་བློ་བཏང་སྟེ་འདོན་རྟ་སོ་སོ་བ་ཞིག་ཐོན་རྒྱུ་ནི་སློབ་ཆུང་སྐད་ཡིག་དགེ་རྒན་ཚོས་བསམ་བློ་གཏོང་རྒྱུ་ཞིག་ཡིན་པར་སྙམ།

དང་བོ། སློབ་ཚན་རྒྱུས་ལོན།

སློབ་ཆུང་སྐད་ཡིག་སློབ་དེབ་ནི་སྣ་མང་ནོར་བུ་སྤུངས་པའི་ཤེས་བྱའི་སྒྲོམ་ཆུང་ཞིག་དང་འདྲ་བར་དེ་རུ་རྒྱལ་ཁབ་ཕྱི་ནང་གི་བྱིས་སྒྲུང་གྲགས་ཅན་དང་བརྩམས་སྒྲུང་གྲགས་ཅན།དོན་བརྗོད་ལྷུག་རྩོམ་དང་ཡུལ་སྐོར་ལྷུག་རྩོམ། རིག་གནས་ལྷུག་རྩོམ་དང་ཡིད་འགྱུར་ལྷུག་རྩོམ།མགུར་གླུ་དང་གཏམ་དཔེ།  སྲོལ་རྒྱུན་ཚིགས་བཅད་སྙན་ངག་དང་དེང་རབས་རང་མོས་སྙན་ངག  ལུགས་ཀྱི་བསྟན་བཅོས་ཚན་བཤུས་མ་དང་བརྡ་སྤྲོད་སུམ་དག་གཉིས་ཀ ཉེར་མཁོའི་རྩོམ་ཡིག་སོགས་གང་ལ་གང་འཚམས་ཤིག་བསྒྲིགས་ཡོད་པས་ཁྲིད་བྱ་ལ་རྒྱུས་ཟབ་མོ་ཞིག་ལོན་དགོས། རྒྱུས་ཟབ་མོ་ཞིག་མ་ལོན་ཚེ་སློབ་ཁྲིད་ཀྱི་དཀའ་གཙོ་གནད་མི་ངེས་ལ་དཀའ་གཙོ་གནད་མ་ངེས་ཚེ་སློབ་ཁྲིད་ཀྱི་དམིགས་ཡུལ་མི་རྟོགས།སློབ་ཁྲིད་ཀྱི་དམིགས་ཡུལ་མ་ཤེས་ཚེ་ལྕེ་བརྒྱ་སྤྲུལ་ནས་སྨྲས་ཀྱང་སློབ་ཚན་གྱི་སྙིང་བོ་མི་ཟིན་པས་ཤེས་བྱ་ཐམས་ཅད་ལེབ་ལེབ་ཡིན་པའི་མ་རྟོགས་ལོག་རྟོག་གི་ཉེས་པ་འབྱུང་སྲིད།དེའི་ཕྱིར་ང་ཚོས་ཆེས་མ ་མཐའ་ཡང་སློབ་ཚན་དེ་རྩོམ་སྟངས་གང་གི་ཁོངས་སུ་གཏོགས་མིན་ཤེས་དགོས།

གཉིས་པ།  རྒྱུན་སྤྱོད་རྩོམ་ཡིག་གི་འདོན་རྟ།

སྒོ་སམ་གསར་འགྱུར་ལྟ་བུའི་རྒྱུན་སྤྱོད་རྩོམ་ཡིག་བཀླགས་པའི་ཚེ།སྙན་ངག་གྱེར་བ་བཞིན་འཁྱག་འཁྱོག་དང་ག་གུག་བཞག་ནས་ངོ་མ་མ་ཡིན་པའི་བརྩེ་བ་བཅོས་མ་ཞིག་ཕྱི་རུ་ཐོན་དུ་འཇུག་ལ།བོད་ཀྱི་ཡི་གེ་ཞིག་ཀློག་ཚེ་ཚོར་བས་གྱེར་དགོས་པ་ལྟ་བུའི་ངོས་ཟིན་ཞིག་འཐོབ་བཞིན་པས།ཐ་ན་དགོངས་ཞུ་ཡི་གེ་ཞིག་འབྲི་ནའང་རང་མོས་སྙན་ངག་ཡིན་ལ་མ་ཡིན་པའི་ཉམས་ཤིག་ཐོན་པས་ཆེས་གོ་བདེར་འབྲི་རྒྱུ་དེ་ཤིན་ཏུ་མི་གོ་བ་ཞིག་ཏུ་བཏང་འགྲོ།འོ་ན་རྒྱུན་སྤྱོད་རྩོམ་ཡིག་གི་རིགས་ཅི་ལྟར་ཀློག་དགོས་ཞེ་ན་ཚོར་འདུ་ཕྱི་རུ་འཕྱུར་བ་ལྟ་བུའི་ཡིད་འགྱུར་ལྷུག་རྩོམ་གྱི་ཉམས་དེ་སྐྱུར་ནས་གཟབ་ནན་གྱི་རྣམ་པ་དེ་ཐོན་དགོས་སྙམ།མདོར་ན་རྒྱུན་སྤྱོད་རྩོམ་ཡིག་ནི་ནང་སེམས་ཀྱི་འགྱུར་བ་ཕྱི་རུ་འཕོས་ནས་ཆགས་སྡང་གི་རྣམ་པ་སྟོན་པའི་རྩོམ་ཡིག་མིན་པས་སོ།།

གསུམ་པ།  སྙན་རྩོམ་གྱེར་སྟངས།

སྙན་ངག་ནི་རྩོམ་པ་བོའི་སེམས་ཀྱི་ཚོར་འདུ་དྲག་ཏུ་འཕྱོ་བའི་ངག་གི་སྒྱུ་རྩལ་ཞིག་ཡིན་པས།སྙན་རྩོམ་ཀློག་པའི་ཚེ་ན་ཀློག་མཁན་བརྩམས་ཆོས་དེའི་ནང་རོལ་གྱི་བསམ་བློའི་འཇིག་རྟེན་ལ་ཆས་ཏེ་མཐོ་དམའ་དྲག་ཞན་གྱི་གདངས་དབྱངས་ཤིན་ཏུ་གསལ་བའི་ཆགས་སྡང་གི་འགྱུར་བ་ཕྱིའི་ལུས་དང་ངག་གི་ཉམས་སུ་ཐོན་དགོས།ཡིན་ནའང་ད་ལྟ་སྙན་ངག་གྱེར་འདོན་དང་རྒྱང་སྒྲོག་སྒྲོག་འདོན་གཉིས་མཉམ་དུ་འདྲེས་ནས་ཉ་ཉུང་མཉམ་བསྲེས་ཀྱི་སྣང་ཚུལ་ཞིག་ཁྱབ་བཞིན་འདུག  ལ་ལ་ཞིག་གིས་ཡིད་འགྱུར་གྱི་ཚིག་རིས་གཅིག་ཀྱང་མེད་སར་ཚོར་བའི་འདེགས་འཇོག་བསྣན་ནས་ཀློག་འདོན་ལ་ཤིན་ཏུ་མི་མཛེས་པའི་ཉམས་ཤིག་ཐོན་པར་བྱས།དཔེར་ན། རྔ་ཆེན་རོལ་དབྱངས།  རྩོམ་པ་བོ་ནི་ཡི་དམ་ཚེ་རིང་ཡིན་ལྟ་བུའི་ཁ་བྱང་ངོ་སྤྲོད་དང་རྩོམ་པ་བོ་ངོ་སྤྲོད་ལྟ་བུ་ལ་ཡང་འགྱུར་ཁུག་བཞག་ནས།  རྩོམ་་་་་པ་པོ་་་་་ཡི་་་་་་དམ་་་་་་་ཚེ་་་་་རིང་་་་་་ལྟར་ཀློག་མཁན་ཡོད་ལ།འདི་ལྟ་བུ་ནི་གྱེར་འདོན་སྒྱུ་རྩལ་ལ་རྒྱུས་མངའ་ཅུང་ཟད་ཙམ་ཡང་མེད་པའི་རྟགས་ཡིན་པས་ཤིན་ཏུ་འཛེམ་དགོས་སོ།།

བཞི་བ། གནའ་གཏམ་བཤད་སྟངས།

གནའ་གཏམ་ནི་བྱིས་པའི་རྩོམ་རིག་གི་ཁྱབ་ཁོངས་སུ་གོ་གནས་ངེས་ཅན་ཟིན་པའི་རྩོམ་སྟངས་བྱེ་བྲག་ཅིག་ཡིན་ལ།གནའ་གཏམ་དུ་དཀར་ནག་གཉིས་ཀྱི་མི་སྣའི་སེམས་ཁམས་དང་དྲང་ལྡོག་གཉིས་ཀྱི་ལངས་ཕྱོགས་མཚོན་པ་ལ་མི་སྣའི་གཤིས་ཀ་འབྲི་བཞེངས་དང་ལབ་གླེང་གི་རྒྱུན་སྤེལ་ནས་བསྟན་ཡོད་པས།གནའ་གཏམ་གླེང་བརྗོད་ནི་སྙན་ངག་གྱེར་འདོན་དང་མཚམས་སྦྱོར་སྒྲོག་འདོན་གཉིས་ཀྱི་བར་ན་གནས་པའི་འདོན་སྟངས་ཁྱད་པར་བ་ཞིག་ཡིན།གནའ་གཏམ་ནི་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ཀྱི་ཁ་བརྡ་ལྟར་བཤད་དགོས་པ་ཞིག་ལས་གྱེར་དགོས་པ་ཞིག་མིན་མོད།ཡིན་ནའང་མི་སྣའི་སེམས་ཁམས་ཕྱིར་མཚོན་ཕྱིར་ཆགས་སྡང་གི་རྣམ་པ་མངོན་པར་གསལ་དགོས་པ་ཞིག་ཡིན།དཔེར་ན་གནའ་གཏམ་ཞིག་ཏུ་མི་སྣ་གསུམ་ཡོད་ཚེ་བཤད་མཁན་གྱི་ལུས་སྟེང་ནས་ཆེས་མ་མཐའ་ཡང་རྣམ་པ་མི་མཚུངས་པའི་ཉམས་འགྱུར་གསུམ་འཛོམས་དགོས་ལ་སྒྲ་གདངས་དྲག་ཞན་མི་མཚུངས་པའི་སྐད་ཆ་བཤད་སྟངས་གསུམ་ལྡན་དགོས།དེ་དག་མ་ལྡན་ཚེ་ཆེས་མཚར་སྣང་ལྡན་པའི་གནའ་གཏམ་ཡང་གནའ་གཏམ་མིན་པ་ལྟ་བུ་ཞིག་ཏུ་ལོག་འགྲོ།མདོར་བསྡུས་ན་གནའ་གཏམ་གླེང་བརྗོད་ཀྱི་སླད་དུ་གར་གྱི་ཉམས་བརྒྱད་པོར་བློ་སྦྱོང་བྱ་རྒྱུ་གལ་ཤིན་ཏུ་ཆེ་སྙམ།

ལྔ་བ།  གསལ་བཤད་རྩོམ་ཡིག་ཀློག་སྟངས།

གསལ་བཤད་རྩོམ་ཡིག་ནི་བྱ་དངོས་ཤིག་གཞན་ལ་མཚམས་སྦྱོར་བའམ་ངོ་སྤྲོད་བྱེད་པའི་རིགས་སུ་གཏོགས་པས།དེ་ལ་ཚོར་འདུ་དབྱངས་སུ་གྱེར་ནས་ཀློག་མི་དགོས་པར་ལྷོད་ལྷོད་ཀྱི་རྣམ་པས་ཡོང་དགོས་ལ།གསར་འགྱུར་རྩོམ་ཡིག་ཀློག་པ་བཞིན་གཟབ་ནན་གྱི་རྣམ་པ་ཞིག་ཀྱང་ཐོན་དགོས།མཚམས་རེར་གསལ་བཤད་རྩོམ་ཡིག་ཏུ་གྲངས་ཀ་འགོད་པ་དང་གནས་ལུགས་འདྲེན་པ།ཡང་ན་ལུང་འདྲེན་པའི་ཚིག་ཀྱང་ཐོན་པས་ཚིག་དག་ཅིང་འབྲུ་གསལ་བོའི་ངང་ནས་ཉན་མཁན་གྱི་རྒྱུད་ལ་སྤྲོད་བྱའི་ཆོས་དེ་ལེགས་པར་ཤེས་སུ་འཇུག་དགོས་སྙམ།

སློབ་ཚན་སོ་སོ་ནི་རྩོམ་སྟངས་མི་མཚུངས་པའི་རྩོམ་ཡིག་རེ་རེ་ཡིན་པས་དེ་ཚིག་བརྒྱ་གདངས་གཅིག་གིས་ཀློག་མི་རུང་བར།གང་ལ་གང་འཚམས་ཀྱི་འདོན་རྟ་ཞིག་ཐོན་པའི་ཕྱོགས་ལ་འབད་རྒྱུ་ནི་སྐད་ཡིག་སློབ་ཁྲིད་ཀྱི་སྐད་ཆའི་སྦྱོང་བརྡར་ཞིག་ཏུ་སྙམ་མོ།།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།