ཀྲུང་གོ་བོད་ཀྱི་དྲ་བ།

སློབ་ཆུང་སློབ་མར་རྩོམ་ཡིག་གི་ལས་བྱ་བཀོད་སྒྲིག་བྱེད་ཐབས།

ཡོང་ཁུངས། : གངས་རྒྱན་ན་ཆུང་ཚགས་པར།   རྩོམ་པ་པོ། : བ་ཐར་འབུམ   སྤེལ་དུས། : 2020-09-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ང་ཚོས་སློབ་ཆུང་སློབ་མར་རྩོམ་ཡིག་གི་ལས་བྱ་བཀོད་སྒྲིག་བྱེད་སྐབས། ཐོག་མར་བྲི་བྱའི་རྩོམ་ཡིག་གང་དེའི་ཁ་བྱང་ལ་ཇི་ལྟར་བསམ་བློ་གཏོང་དགོས་པ་དང་། བརྗོད་བྱ་ཇི་ལྟར་གཏན་ཁེལ་བྱེད་པ། འབྲི་རིམ་དང་འབྲི་ཐབས་ཅི་ལྟ་བུ་ཞིག་སྤྱོད་པ་དང་། མགོ་ཇི་ལྟར་བསླངས་ནས་མཇུག་ཇི་ལྟར་བསྡུ་བ། བྱ་དངོས་ཀྱི་ཁྱད་ཆོས་གང་དག་གནད་དུ་འཛིན་པ། ཚན་པ་ག་ཚོད་ཀྱིས་འབྲི་བ་དང་། བརྗོད་བྱའི་གཙོ་ཕལ་གྱི་དབྱེ་བ་ཇི་ལྟར་དགར་བ། རང་གི་བརྗོད་འདོད་ཀྱི་བསམ་བློ་དེ་ཇི་ལྟ་བུའི་སྒོ་ནས་མཚོན་པར་བྱེད་ཚུལ་སོགས་འཁྲིད་དགོས་ལ། སློབ་ཆུང་སློབ་མ་མང་ཆེ་བར་བསླབ་ཕྱིའི་དཔེ་ཀློག་གི་གྲངས་ཉུང་བ་དང་། བྱ་དངོས་ལ་ལྟ་ཞིབ་བྱེད་པའི་ནུས་པ་ཞན་པ། རྩོམ་ཡིག་འབྲི་བའི་གོམས་སྲོལ་ཆགས་མེད་པས། དགེ་རྒན་གྱིས་ཁ་ཕྱོགས་བསྟན་ནས་བྱིས་པའི་བློ་སྒོ་འབྱེད་རྒྱུ་དང་དཀའ་ཁག་སེལ་རྒྱུ་དེ་ཧ་ཅང་གལ་ཆེ། གཤམ་དུ་རང་གི་ལྟ་ཚུལ་ཙམ་བརྗོད་ན།

གཅིག རྩོམ་གྱི་སྤྱི་ཁོག་བསྟན་ནས་འབྲི་རུ་འཇུག་པ།

རྩོམ་གྱི་སྤྱི་ཁོག་གསལ་བོར་བསྟན་ནས་འབྲི་རུ་བཅུག་ན། བརྗོད་བྱ་དང་འགལ་བའི་སྐྱོན་དང་། བརྗོད་དོན་འཆོལ་བའི་སྐྱོན། དམིགས་ཡུལ་མི་གསལ་བའི་སྐྱོན། གོ་རིམ་འཕྲུལ་བའི་སྐྱོན། གནད་འགག་བོར་པའི་སྐྱོན། ཚིག་ཉོག་མང་བའི་སྐྱོན། མགོ་མཇུག་མི་ཚང་བའི་སྐྱོན། གཙོ་ཕལ་གྱི་དབྱེ་བ་ཉོག་པའི་སྐྱོན་སོགས་འབྱུང་བ་སྔོན་འགོག་བྱེད་སླ་བས། དགེ་རྒན་གྱིས་ཐོག་མར་སློབ་མ་དང་མཉམ་དུ་ཁ་བྱང་ལ་བསམ་བློ་བཏང་སྟེ་བརྗོད་བྱ་གཏན་ཁེལ་བྱེད་པ་དང་། དེ་ནས་ཚན་པ་རེ་རེའི་ནང་དོན་གནད་བསྡུས་སྒོས་སྒོ་སམ་སྟེང་འགོད་པ་དང་། རྒྱུ་ཆ་ཇི་ལྟར་གདམ་གསེས་བྱེད་ཚུལ། བྱ་དངོས་ཀྱི་ཁྱད་ཆོས་དང་འགྱུར་ལྡོག་ཇི་ལྟར་གནད་དུ་འཛིན་ཚུལ་སོགས་རིམ་པ་བཞིན་བཤད་ནས་འབྲི་རུ་འཇུག་དགོས། 

དཔེར་ན།《མེ་ཏོག་འདེབས་པ》ལྟ་བུའི་ཁ་བྱང་བཀོད་སྒྲིག་བྱས་རྗེས། བརྗོད་འདོད་ཀྱི་དོན་དེ་མེ་ཏོག་གི་སྟེང་ན་ཡོད་དམ། ཡང་ན་འདེབས་པའི་སྟེང་ན་ཡོད། ཡང་ན་མེ་ཏོག་འདེབས་པ་ཞེས་པའི་ཁ་བྱང་ཧྲིལ་བོའི་སྟེང་ན་ཡོད་ཅེས་དྲི་བ་དང་དབྱེ་ཞིབ་ལ་བརྟེན་ནས་ཐག་གཅོད་བྱས་ན། ད་གཟོད་བརྗོད་བྱ་གཏན་ཁེལ་བྱེད་སླ་བ་དང་། དེ་ནས་མེ་ཏོག་འདེབས་པའི་གོ་རིམ་དེ་དོན་གྱི་རིམ་པ་གསུམ་མམ་བཞི་ལ་བགོས་རྗེས། རེ་རེ་བཞིན་ཚིག་ཉུང་དོན་གསལ་སྒོས་སྒོ་སམ་སྟེང་བྲིས་ནས་མཛུབ་ཁྲིད་བྱས་ན། སློབ་མ་ཚོས་བྱ་དངོས་ཀྱི་འབྱུང་རྐྱེན་དང་། འཕེལ་རིམ། འགྱུར་ལྡོག  ཁྱད་ཆོས། ཆོས་ཉིད་བཅས་ལ་རྒྱུས་ལོན་བྱེད་ནུས་པར་མ་ཟད། རྩོམ་འབྲིའི་བློ་སྒོ་ཡང་འབྱེད་ཐུབ་པས། དགེ་རྒན་གྱིས་རྩོམ་གྱི་ཁ་བྱང་ཁོ་ན་ཙམ་བཀོད་སྒྲིག་བྱས་ནས་བསྐྱུར་ན་མི་འགྲིག་པར། རྩོམ་གྱི་རྒྱུ་ཆ་དང་རྩོམ་འབྲིའི་གོ་རིམ་སོགས་མཁོ་སྤྲོད་བྱེད་རྒྱུ་ཧ་ཅང་གལ་ཆེ། 

གཞན་ཡང་སྒོ་སམ་གྱི་ངོས་སུ་ཡུལ་ལྗོངས་མཚོན་པའི་རི་མོ་བྲིས་ཏེ། རྩོམ་གྱི་རྒྱུ་ཆ་མཁོ་སྤྲོད་བྱས་ན། རྩོམ་གྱི་ནང་དོན་རྒྱ་ཆེ་རུ་གཏོང་ཐུབ་ལ། ལྟ་ཞིབ་ཀྱི་ནུས་པའང་འཕེལ་རྒྱས་སུ་འགྲོ་ངེས་ཡིན།

གཉིས། འབྲི་ཐབས་བཤད་ནས་འབྲི་རུ་འཇུག་པ།

གཞན་ཡང་བརྗོད་བྱ་དང་། འབྲི་རིམ། རྩོམ་སྟངས། རྩོམ་ལུས་བཅས་བཀོད་སྒྲིག་བྱས་པས་མི་ཆོག་པར། འབྲི་ཐབས་དམིགས་སུ་བཀར་ནས་འབྲི་རུ་འཇུག་རྒྱུ་དེའང་གཙོ་གནད་ཅིག་ཡིན། 

དཔེར་ན། ཇི་བཞིན་བརྗོད་པའི་རྩོམ་ཡིག་ལས་གོ་རིམ་ཇི་བཞིན་བརྗོད་པའི་རྩོམ་ཚུལ་ལྟར་འབྲི་རུ་འཇུག་པ་དང་། གསལ་བཤད་རྩོམ་ཡིག་ལས་གཤིབ་བསྡུར་དང་དཔེ་འགོད་པའི་ཐབས་ལྟ་བུ་སྤྱོད་དུ་བཅུག་ན། རྩོམ་ཡིག་འབྲི་ཚུལ་ཤེས་སླ་བར་མ་ཟད། རྗོད་བྱེད་ཀྱི་ཚིག་དང་བརྗོད་བྱའི་དོན་ལ་དོ་སྣང་དང་གདམ་གསེས་བྱེད་སྲིད་པས། ང་ཚོས་འབྲི་ཐབས་དང་མཚོན་ཐབས་ཁྱད་པར་བ་ལ་བརྟེན་ནས་རྩོམ་གྱི་བརྗོད་སྙིང་འབུར་དུ་ཐོན་པར་རམ་འདེགས་བྱེད་དགོས།

གསུམ། བརྗོད་བྱའི་སྙིང་བོ་ཇི་ལྟར་མཚོན་ཚུལ་བཤད་ནས་འབྲི་རུ་འཇུག་པ།

མིག་སྔར་སློབ་མ་མང་བོ་ཞིག་ཚིག་ཁོ་ནའི་རྗེས་སྙེག་པ་ལས། རྩོམ་གྱི་བརྗོད་སྙིང་ལ་དེ་འདྲའི་དོ་སྣང་མི་བྱེད། གལ་ཏེ་ཚིག་མཛེས་ཀྱང་བརྗོད་བྱས་སྟོང་ཚེ། སྲོག་དང་བྲལ་བའི་བེམ་པོ་དང་མཚུངས་པས། ང་ཚོས་སློབ་མ་རང་ཉིད་ཀྱི་དགའ་སྐྱོ་ཆགས་སྡང་གི་སེམས་ཀྱི་འགྱུར་བ་མཚོན་དགོས་ཚུལ་གྱི་རེ་བ་འདོན་དགོས། 

དཔེར་ན། རང་ཁྱིམ་དང་སློབ་གྲྭ་སོགས་འཚོ་གནས་ཀྱི་ཁོར་ཡུག་ལས་ཐོན་པའི་འཚོ་བའི་ཉམས་མྱོང་དང་སྣང་ཚུལ་མཚོན་པར་བྱས་ན་རྩོམ་གྱི་བརྗོད་སྙིང་འབུར་དུ་ཐོན་པར་མ་ཟད། ཀློག་པ་པོར་ཡིད་འགུགས་ཀྱི་ནུས་པ་འདོན་ཐུབ་པས། བྱིས་པའི་ཕུགས་བསམ་མཚོན་པའི་ཆེད་དུ། བསམ་བློའི་སྙིང་བོའམ་བརྗོད་བྱའི་སྲོག་མཚོན་དགོས་ཚུལ་གྱི་རེ་བ་མང་དུ་འདོན་དགོས། 

མདོར་ན། རྩོམ་གྱི་སྒྲིག་གཞི་ནི་བརྗོད་སྙིང་མཚོན་པ་ལ་རམ་འདེགས་བྱེད་སྤྱད་ཀྱི་ཐབས་ལམ་ཞིག་ཡིན་པར་མ་ཟད། རྩོམ་རིག་བརྩམས་ཆོས་ཀྱི་རྣམ་པའི་གྲུབ་ཆ་ཞིག་ཡིན་པའང་ཤེས་སུ་བཅུག་སྟེ། སློབ་ཆུང་སློབ་མའི་རྩོམ་འབྲིའི་ཆུ་ཚད་གོང་དུ་སྤེལ་བར་སྐབས་བསྟུན་སྒོས་བསམ་གཞིག་དང་ཚོད་ལྟ་བྱས་ན། ང་ཚོས་བྱིས་པའི་ནང་སེམས་སུ་ལུས་པའི་རྩོམ་འབྲིའི་དཀའ་ཁག་དེ་རྟོགས་པར་འགྱུར་རོ།།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།