སློབ་ཆུང་བསླབ་གཞི་ལས་འཕྲོས་ཏེ་རྗོད་པ་རྒྱས་བསྡུས་བྱེད་ཐབས་སྐོར་ལ་དཔྱད་པ།

ནང་དོན་གནད་བསྡུས། དཔྱད་རྩོམ་འདིའི་ནང་བྱང་ཚད་སློབ་གསོའི་བླང་བྱ་ལྟར།   བློ་རིག་བཀྲ་བའི་ལོ་ཆུང་བྱིས་པ་རྣམས་ཀྱི་ཁམས་དང་མོས་པ་དང་མཐུན་ཆེ་ཞིང་།  སྦྱོང་སྤྲོ་ལ་བློ་ལ་བྱང་བདེ་བའི་དཔེ་དང་དྲི་བ་འདྲེན་པའི་ཐབས་ལ་བརྟེན་ནས་ཁ་གསལ་གོ་བདེ་དང་ཚིག་ཉུང་དོན་འདུས་ཀྱི་སྒོ་ནས་རྗོད་པ་རྒྱས་འབྲི་དང་བསྡུས་འབྲིའི་ཐ་སྙད་ངོས་འཛིན་དང་རྒྱས་བསྡུས་བྱེད་ཐབས།    ཁྲིད་ཐབས་བཅས་ཀྱི་སྐོར་ལ་ཅུང་ཟད་ཞིབ་ཆ་ལྡན་པའི་སྒོ་ནས་དབྱེ་ཞིབ་བགྱིས་ཏེ་དཔྱད་གླེང་བཏང་འདུག

བརྡ་ཆད་གཙོ་བོ།  སློབ་ཆུང་སློབ་མ།    རྗོད་པ་རྒྱས་བསྡུས།     སློབ་ཁྲིད་བྱེད་ཐབས། 

གླེང་གཞི།

 རྗོད་པ་རྒྱས་འབྲི་དང་བསྡུས་འབྲིའི་ཐབས་ལ་འཇུག་པ་ནི་ལས་དང་པོ་བའི་སློབ་ཆུང་སློབ་མ་རྣམས་རྩོམ་འབྲིའི་ལས་ལ་འཇུག་པའི་ལྡེ་མིག་ལྟ་བུ་ཡིན་གཤིས།    ང་ཚོས་རང་ཉིད་ཀྱི་ཉེ་འཁོར་དུ་ཉིན་རེ་བཞིན་ཐོན་དང་ཐོན་བཞིན་པའི་བྱ་དངོས་གསར་པ་མཐའ་དག་ལ་དགེ་རྒན་གྱི་སྣེ་ཁྲིད་དང་ལམ་སྟོན་འོག་ལྟ་ཞིབ་དང་།  ཤེས་རྟོགས།   རྒྱུས་ལོན་བཅས་བགྱིས་ཏེ།   རྗོད་པ་རྒྱས་བསྡུས་ནས་འགོ་རྩོམ་ཏེ་རྩོམ་འབྲིའི་ལམ་ལ་ཞུགས་པ་དང་དང་བྱ་དངོས་ལ་བལྟ་ཞིབ་བྱེད་པའི་ནུས་པ་ཡར་བསྐྱེད་ཡོང་བ་བྱ་རྒྱུ་ནི་གནད་ཀྱི་དམ་པ་ཡིན།  འོན་ཏེ།  དེང་འདིར་ཕྱི་དངོས་པོའི་དཔལ་ཡོན་འཕེལ་རྒྱས་གློག་ལྟར་མྱུར་ལ་ཡོད་ཚད་རིག་ལྡན་གློག་འཕྲུལ་གྱིས་ཚབ་བྱེད་པའི་དུས་རབས་ཉེར་གཅིག་གི་དུས་འདིར།  འགྲོ་བ་མིའི་རིགས་ཀྱི་བསམ་སྦྱོར་ནི་མར་ངོའི་ཟླ་བཞིན།  ཉིན་རེ་ལས་མ་འདས་པར་བྱིང་རྒོད་དང་ལེ་ལོས་བཅིངས་ཏེ་བག་ལ་ཞ་བའི་གནས་སུ་ལྷུང་བཞིན་ཡོད་པས་ལོ་ཆུང་བྱིས་པ་ཡང་དེ་ལས་མ་འདས།   ཡང་སྒོས་སུ་ལོ་ཆུང་བྱིས་པར་དུས་ཐུང་ནང་སྦྱང་བྱའི་རིག་ཚན་གྱི་རྣམ་གྲངས་མང་བའི་སྟོབས་ཀྱིས།   སེམས་ངལ་དང་ཁུར་པོ་རི་རབ་ལས་ལྕི།   དེས་ན་གོ་བདེ་ཤེས་བདེ་དང་ཡིད་ཀྱི་དང་བ་འདྲེན་ནུས་པའི་སྣེ་མང་ཁྲིད་ཐབས་ལ་འཇུག་པ་ནི་ཁ་ཚ་དགོས་གཏུགས་ཀྱི་གནས་ཤིག་ཡིན་མོད་ཀྱང་།   དེང་གི་ཆར་གཞི་རིམ་དུ་བོད་སྐད་ཡིག་གི་ཆེད་ལས་དགེ་རྒན་དཔུང་ཁག་ཤིན་ཏུ་ཉག་ཕྲ་བས།  བོད་སྐད་ཡིག་འདི་སུས་ཁྲིད་འཁྲིད་ལྟ་བུའི་ལམ་ལུགས་སྲོལ་ངན་པ་ཐལ་རླུང་བཞིན་ཁྲིད་སྟེགས་ཐོག་མཆེད་ནས་རྒྱུན་འབྱམས་སུ་འགྲོ་བཞིན་པ་འདིས།   སློབ་ཁྲིད་དགེ་རྒན་ནས་སློབ་ཁྲིད་ལས་ལ་འཇུག་སྐབས་སློབ་མའི་བློ་ཁ་སློབ་ལ་དགུག་པར་མི་མཛངས་པ་དང་།  ཁམས་མོས་དང་མཐུན་པའི་ཁྲིད་ཐབས་ལ་འཇུག་མི་མཁས་པ།   སྐད་རིགས་གཉིས་པ་གཡར་ནས་འགྲེལ་རྗོད་བྱེད་པའི་ཁྲིད་ཐབས་བཀོལ་ཆེ་བ།    ནམ་རྒྱུན་དཔེ་ཀློག་ལ་མི་སྤྲོ་བ་བཅས་ཀྱི་ངང་ཚུལ་དེས།   གཅིག་ནས་སློབ་མའི་ཡིད་ཀྱི་དང་བ་འདྲེན་མི་ཐུབ་པ་དང་།  གཉིས་ནས་སློབ་མའི་ཤེས་བྱའི་དགོས་མཁོ་སྐོང་མི་ཐུབ།   དེ་ཡང་རྡོ་རིང་བསྟན་འཛིན་དཔལ་འབྱོར་གྱི《བྱ་སྤྲེལ་གཏམ་རྒྱུད》ལས།“གང་ཞིག་དུག་གི་རི་ལ་གནས་འགྱུར་ན། །དེ་ཡི་འདབ་ཆགས་ཐམས་ཅད་དུག་ཏུ་འགྱུར” ①ཞེས་པའི་ལེགས་བཤད་བཞིན།   གང་དེའི་སློབ་ཕྲུག་ཀྱང་དཔེ་ཀློག་ལ་འཇུག་མི་སྤྲོ་ཞིང་བརྩོན་པར་གཞོལ་བའི་སྙིང་སྟོབས་དབུལ་བས། སློབ་མའི་ཚོགས་ལ་ཤེས་ཡོན་བརྒྱུད་སྤྲོད་བྱེད་སྐབས་དཀའ་ཁག་མང་པོ་ཞིག་ཕྲད་དང་འཕྲད་བཞིན་ཡོད།      དྲང་སྲོང་རྒྱུན་ཤེས་ཀྱི་མདོ་ལས། “ཡང་དག་ཐབས་ནི་མཁས་པ་ལ། །དོན་དུ་མི་འགྱུར་གང་ཡང་མེད། །སྦྱོར་བ་ལེགས་པར་ཤེས་པ་ལ། །སྨན་དུ་མི་འགྱུར་གང་ཡང་མེད” ཅེས་གསུངས་པ་ལྟར།  ང་ཚོས་བྱ་བ་གང་ཞིག་རྩོམ་རུང་ཐབས་ལ་མཁས་ན་སྲིད་པའི་ཁྱོན་ན་མི་འགྲུབ་བྱ་བ་ཅི་ཡང་ཡོང་མི་སྲིད་པས།  རྩོམ་འབྲིའི་ལས་ལ་འཇུག་པའི་ལས་དང་པོ་བའི་ལོ་ཆུང་བྱིས་པ་རྣམས་ཀྱི་ཡིད་ཀྱི་དང་བ་འདྲེན་ཐུབ་པ་དང་།  སྐམ་ཤས་ཆེ་བའི་སློབ་ཁྲིད་ཀྱི་དཀའ་ཚེགས་ལས་རྣམ་པར་རྒྱལ་ཐུབ་ཕྱིར། འདིར་ཁོ་བོས་བསམ་ཚུལ་བརྗེ་རེས་ཀྱི་ཚུལ་དུ།   མཁྱེན་དཔྱོད་ཡངས་པའི་དགེ་བའི་བཤེས་གཉེན་རྣམ་པའི་སྤྱན་ལམ་དུ་བཞད་གད་ཚུལ་དུ་རྗོད་པ་རྒྱས་བསྡུས་བྱེད་ཐབས་དང་ཁྲིད་ཐབས་སྐོར་ལ་རང་ཉིད་ཀྱི་ལྟ་ཚུལ་རེ་གཉིས་ལམ་ཙམ་རྗོད་པར་འདོད་དོ།

དང་པོ།  རྗོད་པ་རྒྱས་འབྲི་བྱེད་ཐབས།

དེ་ཡང་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་མཛད་པའི《ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན》ལས། “ཡི་གེའི་ཁོངས་ནས་མིང་དབྱུང་སྟེ། །མིང་གི་ཁོངས་ནས་ཚིག་ཕྱུང་ནས། །ཚིག་གིས་དོན་རྣམས་སྟོན་པ་བྱེད” ② ཅེས་པ་ལྟར།   ཡི་གེ་ནས་མིང་དང་།  མིང་ནས་ཚིག   ཚིག་ནས་རྗོད་པ།  རྗོད་པ་ནས་རྗོད་ཕྲེང་གྲུབ་པས།   རྗོད་པ་ཞེས་པ་ནི་ཚིག་འབྲུ་མང་ཉུང་ལ་མ་བལྟོས་པར་རྗོད་དོན་ཆ་ཚང་སྟོན་པ་ལ་གོ་བར་བྱའོ།  །འོ་ན།  རྒྱས་འབྲི་ཞེས་པ་ནི་གང་འདྲ་ཞིག་ལ་ངོས་འཛིན་བྱ་དགོས་ཞེ་ན།  བསླབ་གཞིའི་ནང་།  “མ་ཡིག་གི་རྨང་གཞིའི་ཐོག་ཚིག་སྣོན་རྒྱས་སྤྲོས་བྱས་ཏེ།   མ་ཡིག་གི་ནང་དོན་ཕྲ་ཞིབ་ཇེ་རྒྱས་སུ་གཏོང་བ་ལ་གོ་དགོས”③ཞེས་རྒྱས་བསྡུས་རན་པོས་བསྟན་ཡོད་ཀྱང་།    ཞིབ་ཕྲའི་ཁྲིད་ཐབས་དང་རྒྱས་འབྲི་བྱེད་ཐབས་ཀྱི་ཐབས་ལམ་གསལ་ཁ་གང་ཡང་གནང་མི་འདུག     མིའི་རིགས་ཀྱི་རྣམ་རྟོག་ལ་མཐའ་མེད་ཕྱིར་ཁྲིད་ཐབས་ཀྱང་བགྲང་གིས་མི་ཆོད་པ་ཡོད་སྲིད་ཀྱང་།  འདིར་འཁྲིད་བྱའི་ཡུལ་ལ་དམིགས་ནས་སྔོན་ལ་གང་དེའི་གོ་དོན་ལ་ངེས་ཤེས་ཡང་དག་ཐུབ་པའི་རྨང་གཞིའི་ཐོག་སློབ་མས་གོ་བདེ་ཤེས་བདེ་དང་།    སློབ་ལ་འཇུག་སེམས་དང་བརྩོན་སེམས་ཀྱི་འདུན་པ་གསོ་ཕྱིར།   དཔེ་འདྲེན་ཐབས་དང་དྲི་བ་འདྲེན་ཐབས་ལ་བརྟེན་ནས་བཤད་པར་བྱའོ། །མ་ཡིག་གི་རྗོད་པ་གང་དེ་སྡོང་རྐང་ཞིག་ཡིན་པའི་དབང་དུ་བཏང་ན།   རྒྱས་འབྲི་ནི་མ་ཡིག་གི་སྡོང་རྐང་དེའི་སྟེང་ཡལ་ག་དང་འདབ་མ།  འབྲས་བུ་བཅས་ཀྱིས་བསྣན་པའམ་བརྒྱན་པར་བགྱིས་ཏེ་ཚང་ཚིང་གཡུ་ལོ་རྒྱས་པའི་སྡོང་པོ་ཞིག་ལ་འགྱུར་བར་བྱེད་པའི་བརྒྱུད་རིམ་ཞིག་ཡིན།   བསླབ་གཞིའི་ནང་དོན་ལྟར་ན།   མ་ཡིག་ནི་སྡོང་རྐང་དང་།    ཚིག་སྣོན་རྒྱས་སྤྲོས་ནི་ཡལ་ག་དང་འདབ་མ།  འབྲས་བུ་བཅས་དང་།   ནང་དོན་ཕྲ་ཞིབ་ཇེ་རྒྱས་ནི་ཚང་ཚིང་གཡུ་ལོ་རྒྱས་པའི་སྡོང་པོ་བཅས་ལ་གོ་བར་བྱ།    གཤམ་ལ་ཞིབ་ཕྲའི་རྒྱས་འབྲི་བྱེད་ཐབས་བྱེ་བྲག་ནང་དོན་ཁག་གསུམ་གྱི་ལམ་ནས་སྤྲོས་པར་བྱའོ། །  

གཅིག   ཚིག་སྣོན་རྒྱས་སྤྲོས་ལམ་ནས་རྒྱས་འབྲི་བྱེད་ཐབས།

ཚིག་སྣོན་རྒྱས་སྤྲོས་ལམ་ནས་རྒྱས་འབྲི་བྱེད་ཐབས་ལ་འཇུག་དགོས་ན།  ཐོག་མར་མིང་བརྡ་ཐ་སྙད་ལ་གོ་བ་ཡང་དག་ལོན་པ་བྱེད་དགོས།   འོ་ན།  ཚིག་སྣོན་རྒྱས་སྤྲོས་ཞེས་པ་གང་ཞེ་ན།   དེ་ནི་གང་རྗོད་པར་འདོད་པའི་རྗོད་བྱའི་སྙིང་པོའམ་རྗོད་དོན་གཙོ་བོའི་ཚིག་དོན་ལ་གཞིགས་ཏེ།  མ་ཡིག་གི་ནང་དོན་ལ་མཐུན་འཇུག་དང་དེའི་རྨང་གཞིའི་ཐོག  གཅིག་ནས་བྱ་དངོས་གང་དེའི་མི་སྣ་དང་།   གནས་ཡུལ།   དུས་ཚོད།  བྱ་བའི་འབྱུང་འཕེལ་འབྲས་གསུམ་དང་།  གཉིས་ནས་དཔེ་རྒྱན་དང་།  ཚད་ཚིག   གྲངས་ཚིག   ཁྱད་གཞིར་སྦྱར་བའི་ཁྱད་ཚིག   རྣམ་འགྱུར་སྟོན་པའི་ཚིག་སོགས་གསབ་ཐབས་ཀྱིས་ཚིག་སྦྱོར་ཕུན་སུམ་ཚོགས་པར་བགྱིས་ཏེ།   ཚིག་སྔ་ཕྱི་འབྲེལ་ཆགས་པའི་སྒོ་ནས་རྗོད་དོན་གཙོ་བོའི་ནང་དོན་དེ་བས་འཐུས་ཚང་དང་ཞིབ་ཕྲ།   གསོན་ཉམས་ལྡན་པ་ཙམ་མ་ཟད།    རྗོད་དོན་ཁ་གསལ་ཞིང་ཆ་ཚང་བའི་སྒོ་ནས་མ་ཡིག་གི་ནང་དོན་སྔར་བས་ཕུམ་སུམ་ཇེ་ཚོགས་དང་ཕྲ་ཞིབ་ཇེ་རྒྱས་སུ་གཏོང་ཐབས་ལ་གོ་བ་ལེན་ན་སློབ་མས་གོ་བདེ་ཤེས་བདེ་དང་ཡིད་ལ་འཇགས་བདེ་བའི་ཁྱད་ཆོས་མངའ་བར་སེམས།   ཚིག་སྣོན་རྒྱས་སྤྲོས་ཐབས་ཀྱི་རྒྱས་འབྲི་བྱེད་ཐབས་ནི་སློབ་རིམ་མི་འདྲ་བར་གཞིགས་ཏེ་བསླབ་གཞིའི་ནང་གོམ་པ་རིམ་བགྲོད་ཀྱིས་བྱ་དངོས་ལ་བལྟ་ཞིབ་བྱེད་ཚུལ་དང་ཞིབ་འབྲི་བྱེད་སྟངས་ཀྱི་སྐོར་བྱེ་བྲག་ནང་དོན་ཁག་ལྔ་ཙམ་གྱི་ལམ་ནས་ཞིབ་ཅིང་ཕྲ་ལ་རྒྱས་ཤིང་རྒྱས་པའི་སྒོ་ནས་བསྟན་ཡོད་པས།    འདིར་ཡིག་ཚོགས་ལ་དོགས་ནས་སྤྲོས་པར་མི་བྱ་བས་ཞིབ་པར་བསླབ་གཞི་ལས་ཤེས་པར་བྱའོ།

གཉིས།    རིགས་འདེད་ཀྱི་དྲི་བ་འདྲེན་པའི་རྒྱས་འབྲི་བྱེད་ཐབས།

དྲི་བ་འདྲེན་པའི་ཐབས་ཀྱིས།  གཅིག་ནས་གང་འཁྲིད་བྱའི་ནང་དོན་དག་སློབ་མས་གོ་བདེ་ཤེས་བདེ་ཡོང་བ་དང་།  ཡིད་ཀྱི་དང་བ་འདྲེན་པ།  བསམ་གཞིག་གི་བློ་སྒོ་འབྱེད་པ།   སྐད་བརྡའི་ནུས་རྩལ་གསོ་ཐུབ་པ་བཅས་ཀྱི་བླ་ན་མེད་པའི་ནུས་པ་ཐོན་ཐུབ་པ་དང་།    གཉིས་ནས་སློབ་མའི་བློ་ཁ་གཞན་བསྐུལ་ནས་རང་འགུལ་ཕྱོགས་སུ་བར་བརྒལ་ཡོང་ཐུབ་པ་དང་།  གསུམ་ནས་སློབ་ཁྲིད་ཀྱི་ལས་ཆོད་མྱུར་བ་དང་སློབ་མའི་ཤེས་ཚད་ཀྱི་ཐད་ལ་ཡང་བློ་ཡུལ་ལས་འདས་པའི་ཕན་འབྲས་ཐོན་ཐུབ།   དེ་ཡང་སློབ་མའི་ཁམས་མོས་དང་ལོ་ནའི་ཁྱད་ཆོས་ལ་བསྟུན་ནས་ཁྲིད་ཐབས་ལ་འཇུག་པ་ནི་གལ་འགངས་ཤིན་ཏུ་ཆེ་གཤིས།  མཁས་དབང་དགེ་འདུན་ཆོས་འཕེལ་གྱིས“མི་འདོད་ནན་གྱིས་བསྐུལ་བའི་དོན་ཡང་མེད། །འདོད་པ་བཙན་གྱིས་འགོག་པའི་དོན་ཡང་མེད”④ཅེས་གསུངས་པ་ལྟར།   སློབ་མའི་ཁམས་མོས་ཀྱི་མཐུན་ཆོས་དང་ལོ་ནའི་ཐུན་མིན་གྱི་ཁྱད་ཆོས་ལ་གཞིགས་ཏེ།  གང་རྗོད་པར་འདོད་པའི་རྗོད་དོན་སྙིང་པོ་གནད་དུ་བཟུང་སྟེ།   སྤྱིར་དྲི་བ་འདྲེན་ཐབས་དང་།  ཁྱད་པར་རིགས་འདེད་ཀྱི་དྲི་བ་འདྲེན་ཐབས་ལ་བརྟེན་ནས་རྒྱས་འབྲི་བྱེད་ཐབས་དཔེར་རྗོད་དང་བཅས་ཏེ་ཁ་གསལ་གོ་བདེའི་ཚུལ་གྱིས་བཤད་པར་བྱའོ།  །དཔེར་ན།  བྱིའུ་ཆུང་གིས་གླུ་དབྱངས་བླངས།  ཞེས་པའི་རྗོད་པ་ལྟ་བུར་མཚོན་ན།   ཐོག་མར།  བྱིའུ་ཆུང་གིས་ག་དུས་གླུ་དབྱངས་བླངས་སོང་ངམ།   དེ་ནས།   གང་འདྲ་བྱས་ཏེ་གླུ་དབྱངས་བླངས་སོང་ངམ།   ཞེས་པ་ལྟ་བུ་རྒྱུ་མ་ཕུ་འདེད་ཀྱི་དྲི་བ་འདྲེན་པའོ། །འདིར་ཁྲིད་ཐབས་དེ་རྒྱས་ཤིང་རྒྱས་པར་རྗོད་འདོད་ཀྱང་ཡིག་ཚོགས་ལ་འཇིགས་པས་རེའུ་མིག་གི་ལམ་ནས་དཔེ་མཚོན་ཙམ་བཀོད་དེ་འཐུས་པར་བྱ་ཡི།   གཞན་རྣམས་རིགས་འགྲེའི་ཚུལ་གྱིས་རིགས་པས་དཔྱད་དེ་ཤེས་པར་བྱའོ།

43.jpeg

གསུམ།   བརྗོད་སྙིང་སྟོན་པའི་མིང་བརྡ་ཐ་སྙད་བརྗེ་བསྒྱུར་དང་འཕྲི་སྣོན་བྱ་མི་རུང་།

དེ་ཡང་ཚེ་དབང་ལྷ་མོའི《བརྡ་སྤྲོད་རིག་པའི་སྤྱི་བཤད》ལས། “ཐ་སྙད་ཅེས་པ་ནི་ཡི་གེ་འཇུག་པའི་ཡུལ་ཏེ་བྱ་དངོས་སྣ་ཚོགས་པའི་མིང་རྣམས་ལ་ཟེར་ཞིང་། མིང་ཚིག་དེ་དག་ཡི་གེའི་ལམ་དུ་བཀོད་ནས་གཞན་ལ་དོན་སྟོན་པར་བྱེད་ནུས་པས་ན་ཡི་གེའི་འཇུག་པའི་ཡུལ་ཞེས་ཟེར” ⑤ ཅེས་བསྟན་པ་ལྟར།    འཇིག་རྟེན་འདིར་འགྲོ་བ་མིའི་རིགས་ཐོག་མར་བྱུང་བ་ནས་བཟུང་འཇིག་རྟེན་ཁམས་ཀྱི་བྱ་དངོས་རྣམས་མཚོན་བྱེད་ཀྱི་མིང་འདོགས་སྲོལ་བྱུང་བ་ནི་སྨྲོས་མ་དགོས་པ་ཞིག་རེད།  དེ་ཡང་དངོས་པོ་གང་ཞིག་མཚོན་པར་བྱེད་པའི་མིང་གི་འདོགས་ཚུལ་ངོ་བོའི་སྒོ་ནས་དབྱེ་ན་འདོད་རྒྱལ་དང་རྗེས་གྲུབ་ཀྱི་མིང་གཉིས་སུ་བྱུང་ཡོད་ཀྱང་།   འདིར་སྐབས་སུ་མ་བབས་པས་དེ་དོན་རྒྱས་པར་སྤྲོས་པར་མི་བྱའོ།   །དེ་ཡང་རྗོད་པ་རྒྱས་འབྲི་བྱ་སྐབས་རྗོད་པ་གང་དེའི་མ་ཡིག་གི་རྗོད་དོན་སྙིང་པོ་མཚོན་པར་བྱེད་པའི་མིང་བརྡ་ཐ་སྙད་སོར་བཞག་བྱེད་དགོས་པ་ལས་ཕན་ཚུན་བརྗེ་བསྒྱུར་དང་འཕྲི་སྣོན་བྱ་མི་རིགས།   དེ་ལས་ལྡོག་ན་རྗོད་དོན་སྙིང་པོའི་ནང་དོན་དང་ནང་འགལ་འབྱུང་སྲིད།    དེ་ཡང་འདིར་བསྟན་པའི་མིང་ནི།    གང་ཟག་གི་དོན་སྟོན་པའི་མིང་།   སྲོག་ཆགས་ཀྱི་དོན་སྟོན་པའི་མིང་།    ས་གནས་ཀྱི་དོན་སྟོན་པའི་མིང་།      དངོས་པོའི་དོན་སྟོན་པའི་མིང་སོགས་ལ་རིགས་འགྲེ་བར་བྱའོ། །དེ་དག་གི་མཚན་གཞི་ཙམ་བཀོད་ན་འདི་ལྟ་སྟེ།(1)  གང་ཟག་གི་དོན་སྟོན་པའི་མིང་།  ཨ་མའི་ཕྱག་ཟུང་།  ལྟ་བུར་མཚོན་ན།   རྗོད་སྙིང་སྟོན་པའི་མིང་བརྡ་ཐ་སྙད་ནི་“ཨ་མ”ཡིན་པས། “ཨ་མ”དེ“ཨ་ཕ”འམ་“ཕ་མར”བཅོས་པའམ་འཕྲི་སྣོན་བྱ་མི་རུང་། (2)སྲོག་ཆགས་ཀྱི་དོན་སྟོན་པའི་མིང་།    ར་རྒན་གྱིས་རྩྭ་བཟས།  ལྟ་བུར་ཆ་བཞག་ན།  རྗོད་སྙིང་སྟོན་པའི་མིང་བརྡ་ཐ་སྙད་ནི་ར་རྒན་ཡིན་པས།   མིང་བརྡ་ཐ་སྙད་དེར་འཕྲི་སྣོན་གྱིས“ར་”དང་“ར་ལུག་”སོགས་སུ་བཅོས་པར་མི་བྱའོ།(3) ས་གནས་ཀྱི་དོན་སྟོན་པའི་མིང་།    ལྷ་སར་ཆགས་པའི་ཕོ་བྲང་པོ་ཏ་ལ།  ལྟ་བུར་མཚོན་ན།  རྗོད་སྙིང་སྟོན་པའི་མིང་བརྡ་ཐ་སྙད་ནི་ལྷ་ས་ཡིན་པས།  “ལྷ་ས”དེ“ལྷོ་ཁ”འམ“ནག་ཆུར”བཅོས་པའམ་འཕྲི་སྣོན་བྱ་མི་རུང་།  (4)  དངོས་པོའི་དོན་སྟོན་པའི་མིང་།    སྨྱུ་གུས་ཡི་གེ་བྲིས།   ལྟ་བུར་མཚོན་ན།  རྗོད་སྙིང་སྟོན་པའི་མིང་བརྡ་ཐ་སྙད་ནི་སྨྱུ་གུ་ཡིན་པས།  “སྨྱུ་གུ”དེ“ས་སྨྱུག”གམ“ཞ་སྨྱུག”ལ་བཅོས་པའམ་འཕྲི་སྣོན་བྱ་མི་རུང་།  

44.jpeg

གཉིས་པ།  རྗོད་པ་བསྡུས་འབྲི་བྱེད་ཐབས།

བསྡུས་འབྲི་ནི་གོ་བདེར་བཤད་ན་ཚིག་ཉུང་དོན་འདུས་ཀྱི་ཚིག་ཏུ་གྲུབ་ཚུལ་གྱི་རྣམ་པ་ཞིག་ཡིན།  རྗོད་པ་བསྡུས་འབྲི་བྱེད་ཐབས་ལ་རྗོད་པ་གང་དེའི་སྒྲིག་གཞི་ཁོང་དུ་ཆུད་པ་དང་རྗོད་དོན་སྙིང་པོ་རྟོགས་ཐུབ་པའི་ཁྱད་ཆོས་ལྡན་ཡོད།    རྗོད་པའི་དོན་ནི་གོང་དུ་བསྟན་ཟིན་པས་བསྐྱར་ཟློས་མི་དགོས་པར།   བསྡུས་འབྲི་ཞེས་པ་ནི་ལོ་རིམ་བཞི་པའི་སྟོད་ཆའི་བསླབ་གཞིའི་ནང་།   “རྗོད་པ་གང་དེའི་རྗོད་བྱའི་སྙིང་པོར་དམིགས་ནས་ནང་དོན་ཕལ་པ་རྣམས་དོར་ཏེ།  ནང་དོན་གཙོ་བོ་རྣམས་ཕྱོགས་བསྡུས་ཀྱི་འབྲི་བ་ལ་གོ་དགོས”⑥ཞེས་ཚིག་ཟིན་ཙམ་བསྟན་ཡོད་ཀྱང་།   ཞིབ་ཕྲའི་བསྡུས་འབྲི་བྱེད་ཐབས་ཐད་གསལ་སྟོན་གང་ཡང་གནང་མི་འདུག་པས།   སློབ་ཁྲིད་དངོས་ལ་འཇུག་སྐབས་དགེ་སློབ་ཚང་མར་དཀའ་ཁག་མང་པོ་ཞིག་ཕྲད་དང་འཕྲད་བཞིན་འདུག   དེས་ན།   སློབ་མས་གོ་བདེ་ཤེས་བདེ་དང་ངག་ལ་བྱང་བདེ་བའི་ཕྱིར་དཔེ་འཇོག་པའི་ཁྲིད་ཐབས་ལ་བརྟེན་ན་ཕན་པ་ཆེ་བར་སེམས།    རྗོད་པ་རྒྱས་འབྲི་ནི་ཚང་ཚིང་གཡུ་ལོ་རྒྱས་པའི་སྡོང་པོ་ཞིག་ཡིན་པའི་དབང་དུ་བཏང་ན།   བསྡུས་འབྲི་ནི་ཚང་ཚིང་གཡུ་ལོ་རྒྱས་པའི་སྡོང་པོ་དེར་ཡལ་གཅོད་བརྒྱབ་ཟིན་རྗེས་ཀྱི་སྡོང་རྐང་དེའོ། །   དེ་ཡང《སྐད་ཡིག་བསླབ་ཚན་གྱི་ཚད་གཞི》ལས། “རྗོད་བྱའི་སྙིང་པོ་གསལ་ཞིང་ཚིག་སྦྱོར་བདེ་ལ། གནད་དུ་ཁེལ་བའི་སྒོ་ནས་རང་གི་བསམ་ཚུལ་རྗོད་ཐུབ་པ་དགོས”⑦ཞེས་བསྟན་པ་ལྟར།  རྗོད་པ་རྒྱས་བསྡུས་བྱེད་ཐབས་ནི་རྩོམ་འབྲིའི་ལས་ལ་འཇུག་པའི་ལྡེ་མིག་ལྟ་བུ་ཡིན་གཤིས།   གཤམ་ལ་བསྡུས་འབྲི་བྱེད་ཐབས་སྐོར་མདོར་བསྟན་ཙམ་བྱེ་བྲག་ནང་དོན་ཁག་གསུམ་ཙམ་གྱི་ལམ་ནས་རྗོད་པར་བྱའོ། །

 གཅིག    བརྗོད་དོན་གཙོ་ཕལ་ཤན་འབྱེད་ཀྱིས་བསྡུས་འབྲི་བྱེད་ཐབས།

 རྗོད་པ་རྒྱས་འབྲི་བྱེད་ཐབས་ནི་སློབ་ཆུང་ལོ་རིམ་དང་པོ་ནས་གསུམ་པའི་བར་གོམ་པ་རིམ་བགྲོད་ཀྱིས་ཚོགས་གསུམ་སྦྱོར་བའི་རྣམ་གཞག་ལྟར་མདོར་བསྟན་གྱི་ཚུལ་དུ་བསླབས་ཟིན་པས།   རྒྱས་འབྲི་བྱེད་ཐབས་ཁོང་དུ་ཆུད་ན་བསྡུས་འབྲི་ནི་གཅིག་ཤེས་ཀུན་གྲོལ་ལྟར་རིགས་པས་དེད་ནས་ཤེས་རྟོགས་ཐུབ་པས་མ་ཁྱབ།  རྗོད་པ་བསྡུས་འབྲི་བྱ་སྐབས་གང་རྗོད་པར་འདོད་པའི་རྗོད་བྱ་གང་དེའི་རྗོད་དོན་གཙོ་ཕལ་ལ་བརྡར་གཅོད་དང་ཤན་འབྱེད་བྱ་རྒྱུ་གནད་འགག་ཡིན་མོད་ཀྱང་།  བསླབ་གཞིའི་ནང་གོ་དོན་དང་ལྷན་ཚིག་ཟིན་ཙམ་ལས་རྒྱས་སྤྲོས་དང་ཞིབ་གསལ་གྱི་ཆ་གང་ཡང་གནང་མི་འདུག   གནད་དེར་གསལ་ཁ་ཐོན་ཕྱིར་རང་གི་འདོད་ཚུལ་ཅུང་ཟད་གླེང་བར་བྱའོ། །  འོ་ན།   རྗོད་དོན་གཙོ་ཕལ་ཤན་འབྱེད་ཀྱིས་བསྡུས་འབྲི་བྱེད་ཐབས་ཅི་འདྲ་ཞེ་ན།    མ་ཡིག་གི་ནང་དོན་ལ་གཞིགས་ཏེ་ཚིག་དོན་སྔ་ཕྱི་འབྲེལ་བ་སྟོན་པའི་ཨི་ལྡན་གྱི་ཕྲད་སོར་བཞག་གི་རྨང་གཞིའི་ཐོག  རིགས་འདེད་ཀྱི་དྲི་བ་འདྲེན་པའོ། །དེ་ཡང་དྲི་ལན་ནི་རྗོད་དོན་གཙོ་བོ་དང་དེ་བྱིངས་རྣམས་རྗོད་དོན་ཕལ་པར་འཇོག་པའི་ཐབས་ལ་བརྟེན་ནས་ཚིག་དོན་གཙོ་ཕལ་ཤན་འབྱེད་བགྱིས་ཏེ་ཚིག་དོན་གཙོ་བོ་རྣམས་སོར་བཞག་དང་ཕལ་པ་རྣམས་དོར་ཏེ་བསྡུས་འབྲི་བྱེད་པར་བྱའོ།   དེ་འདྲའི་ཐབས་ཚུལ་ནི་སློབ་ཆུང་སློབ་མར་འོས་ཤིང་འཚམ་ལ་མན་ངག་ཅིག་ཏུ་ཡང་སེམས།    གཤམ་ལ་རིགས་འདེད་ཀྱི་དྲི་བ་འདྲེན་ཐབས་དཔེ་མཚོན་ཙམ་ཞུས་ན་འདི་ལྟ་སྟེ།  ༡ ག་རེ།    གང་རེད་དམ།     ༢ སུ།    གང་བྱེད་ཀྱི་འདུག་གམ།     ༣ ག་རེ།     གང་འདྲ་འདུག་གམ།    ལྟ་བུའོ།  

45.jpeg

གཉིས།  ཡལ་གཅོད་རྒྱག་ཐབས་ཀྱི་བསྡུས་འབྲི་བྱེད་ཐབས།

ཡལ་གཅོད་ཞེས་པའི་དོན་ནི་ཚང་ཚིང་གཡུ་ལོ་རྒྱས་པའི་སྡོང་པོའི་ཡལ་ག་དང་ལོ་འདབ་སོགས་བཅད་གཅོད་ཀྱིས་སྡོང་རྐང་ཞིག་ཏུ་འགྱུར་བའི་བྱེད་ལས་ཤིག་ཡིན།   བསྡུས་འབྲི་ནི་གོ་བདེར་བཤད་ན་ཚིག་ཉུང་དོན་འདུས་ཀྱི་ཚིག་ཏུ་གྲུབ་ཚུལ་གྱི་རྣམ་པ་ཞིག་ཡིན་པས།    རྗོད་པ་གང་དེའི་མ་ཡིག་གི་ནང་དོན་དང་སྒྲིག་གཞི་མི་འགྱུར་བའི་རྨང་གཞིའི་ཐོག་རྒྱན་ཚིག་སོགས་ནང་དོན་ཕལ་པ་རྣམས་དོར་ནས་ནང་དོན་གཙོ་བོ་རྣམས་ཕྱོགས་བསྡུས་ཀྱི་འབྲི་བའི་བརྒྱུད་རིམ་ཞིག་ཡིན།    གཤམ་ལ་ཡལ་གཅོད་བྱེད་ཐབས་བྱེ་བྲག་གི་ནང་དོན་ཁག་གསུམ་དུ་དབྱེ་ནས་རྗོད་པར་བགྱིས་ན་འདི་ལྟ་སྟེ།

༡  ཁྱད་གཞིར་སྦྱར་བའི་ཁྱད་ཚིག་དང་ཚིག་མཛེས་པར་བྱེད་པའི་རྒྱན་ཚིག  ཚིག་དོན་སྔ་ཕྱི་གཉིས་འབྲེལ་བ་སྟོན་པའི་ཨི་ལྡན་གྱི་ཕྲད་བཅས་དོར་ནས་བསྡུས་འབྲི་བྱེད་པ། དཔེར་ན། (༡)བློ་རིག་བཀྲ་བའི་སྤྲེལ་ཕྲུག  ལྟ་བུར་མཚོན་ན།  བློ་རིག་བཀྲ་བ་ནི་ཁྱད་གཞི་སྤྲེལ་ཕྲུག་ལ་སྦྱར་བའི་ཁྱད་ཚིག་ཡིན་པས། ཁྱད་ཚིག་དེ་དང་ཚིག་དོན་སྔ་ཕྱི་གཉིས་འབྲེལ་བ་སྟོན་པའི་འབྲེལ་སྒྲའི་ཕྲད་“འི”དོར་ནས་བསྡུས་འབྲི་བྱ།   (༢)《ལོ་རིམ་དང་པོའི་སྨད་ཆའི》བསླབ་གཞི་ལས།  “བརྩོན་འགྲུས་ཆེན་པོས་སློབ་སྦྱོང་བྱེད”⑧ལྟ་བུར་མཚོན་ན།  བརྩོན་འགྲུས་ཆེན་པོ་ནི་སློབ་སྦྱོང་བྱེད་པའི་རྣམ་འགྱུར་རམ་རྒྱན་ཚིག་ཡིན་པས། རྒྱན་ཚིག་དེ་དང་ཚིག་དོན་སྔ་ཕྱི་གཉིས་འབྲེལ་བ་སྟོན་པའི་བྱེད་སྒྲའི་ཕྲད“འིས”དོར་ནས་བསྡུས་འབྲི་བྱ་བའོ།

48.jpeg

༢  དོན་ལ་བཀོད་པའི་དཔེ་དང་མཚུངས་པ་གསལ་བྱེད་ཀྱི་སྒྲ། ཚིག་དོན་སྔ་ཕྱི་གཉིས་འབྲེལ་བ་སྟོན་པའི་ཨི་ལྡན་གྱི་ཕྲད་བཅས་དོར་ནས་བསྡུས་འབྲི་བྱེད་པ།  དཔེར་ན།   《ལོ་རིམ་བཞི་པའི་སྨད་ཆའི》བསླབ་གཞི་ལས། “གླང་པོ་ཆེ་ཕྲེད་དུ་ཉལ་བ་ལྟ་བུའི་དམར་པོ་རི”⑨ ལྟ་བུར་མཚོན་ན།  གླང་པོ་ཆེ་འཕྲད་དུ་ཉལ་བ་ནི་དམར་པོ་རིའི་གཟུགས་སུ་བཀོད་པའི་དཔེ་ཡིན་པས།   དོན་ལ་བཀོད་པའི་དཔེ“གླང་པོ་ཆེ་འཕྲེད་དུ་ཉལ་བ”དང་།  མཚུངས་པ་གསལ་བྱེད་ཀྱི་སྒྲ“ལྟ་བུ”དང་།   ཚིག་དོན་སྔ་ཕྱི་གཉིས་འབྲེལ་བ་སྟོན་པའི་འབྲེལ་སྒྲའི་ཕྲད“འི”དོར་ནས་བསྡུས་འབྲི་བྱ།

མ་ཡིག ཚིག་དོན་ཕལ་པ། བསྡུས་འབྲི།

གླང་པོ་ཆེ་འཕྲེད་དུ་ཉལ་བ་ལྟ་བུའི་དམར་པོ་རི།གླང་པོ་ཆེ་འཕྲེད་དུ་ཉལ་བ་ལྟ་བུ་འི་དམར་པོ་རི།

47.jpeg

 ༣   གྲངས་ཚིག་དང་ཚད་ཚིག   རིགས་དབྱེའི་བྱེ་བྲག་གི་ནང་དོན་རྣམས་དོར་ནས་བསྡུས་འབྲི་བྱེད་པ།   དཔེར་ན།(༡)  ད་ལོ་ང་ཚོའི་གྲོང་ཚོས་ཚྭ་དོ་པོ་བརྒྱ་དང་བརྔ་བསྡུ་འཕྲུལ་འཁོར་བཅུ་ཉོས་པ་ཡིན།   དེ་ལྟ་བུར་མཚོན་ན།   གྲངས་ཚིག་“བརྒྱ”དང་“བཅུ”    ཚད་ཚིག་“དོ་པོ”བཅས་དོར་ནས་བསྡུས་འབྲི་བྱ།  (༢)  ཞི་ཧྲ་གླིང་ཚོམ་ཁུལ་གྱི་རྒྱ་མཚོའི་མདོག་ནི་སྔོ་ནག་དང་།  སྔོ་དཀར།  ལྗང་དཀར།   ཁམ་སེར་སོགས་ཁ་དོག་རྣམ་པ་སྣ་ཚོགས་སུ་མངོན།  དེ་ལྟ་བུར་མཚོན་ན།   རིགས་དབྱེའི་བྱེ་བྲག་གི་ནང་དོན“སྔོ་ནག་དང་།  སྔོ་དཀར།  ལྗང་དཀར།   ཁམ་སེར”དོར་ནས་བསྡུས་འབྲི་བྱ།

 གསུམ།  དམིགས་བསལ་གྱི་ཚིག་དོན་སོར་བཞག་བྱེད་ཐབས།

 ༡   བྱ་བའི་ཚིག་གི་རྣམ་འགྱུར་སྟོན་པ་ལས།    བྱ་བ་བྱེད་བཞིན་པ་དང་བྱ་བ་བྱས་ཟིན་པའི་ཚིག་རྣམས་སོར་བཞག་བྱ་དགོས། (༡)བྱ་བ་བྱེད་བཞིན་པ་སྟོན་པའི་ཚིག་ནི་བཞིན།  སྒང་།   གིན། / ཀྱིན། / གྱིན། ལྟ་བུ་དང་།   (༢)   བྱ་བ་བྱས་ཟིན་པ་སྟོན་པའི་ཚིག་ནི་ཚར།  ཟད།  ཆད།  སོང་།  ལྟ་བུའོ།

 ༢   མ་ཡིག་ནང་དགག་སྒྲའི་དོན་སྟོན་པའི་ཚིག་ཕྲད་མ་མི་མིན་མེད་བཅས་སོར་བཞག་བྱེད་དགོས་པ་ལས་དོར་མི་རུང་།

 ༣   དུས་མཉམ་དུ་གནས་པའི་རྗོད་བྱ་ཁག་གཉིས་སོར་བཞག་བྱ་དགོས།  དཔེར་ན།    ངས་ལོ་གསར་གྱི་དགོང་ཚོགས་ཐོག་ཡིད་འོང་ཞབས་བྲོ་དང་རྣ་བར་འཇེབས་པའི་གླུ་སྒྲ་མཐོང་ཐོས་བྱུང་། ལྟ་བུར་ཆ་མཚོན་ན།  སོར་བཞག་བྱེད་དགོས་པའི་རྗོད་བྱ་གཉིས་ནི་ཞབས་བྲོ་དང་གླུ་སྒྲའོ།

མདོར་ན།   དེང་གི་ཆར་《སྐད་ཡིག་བསླབ་ཚན་གྱི་ཚད་གཞི》ལས།  “སློབ་མ་ནི་སློབ་སྦྱོང་དང་འཕེལ་རྒྱས་ཀྱི་གཙོ་གཞི་ཡིན།  སྐད་ཡིག་བསླབ་ཚན་གྱིས་ངེས་པར་དུ་སློབ་མའི་ལུས་སེམས་འཕེལ་རྒྱས་དང་སྐད་ཡིག་སློབ་སྦྱོང་གི་ཁྱད་ཆོས་གཞིར་བཟུང་སྟེ།  སློབ་མའི་སྒེར་གྱི་ཁྱད་པར་དང་སློབ་སྦྱོང་གི་དགོས་མཁོ་མི་འདྲ་བར་དོ་སྣང་བྱེད་དགོས་པ་དང་།  སློབ་མའི་མཚར་སྣང་གི་བསམ་པ་དང་ཤེས་འདོད་ཀྱི་འདུན་པར་གཅེས་སྐྱོང་བྱས་ཏེ།  སློབ་མའི་རང་འགུལ་གྱི་འདུ་ཤེས་དང་ཡར་འགྲོའི་བསམ་བློར་སྐུལ་སློང་ལེགས་པོ་བྱས་ནས།  རང་ཚུགས་དང་།  མཉམ་ལས།  འཚོལ་དཔྱད་བཅས་ཀྱི་སློབ་སྦྱོང་བྱེད་ཚུལ་སྐུལ་སྤེལ་གཏོང་དགོས”⑩ཅེས་བསྟན་པའི་དམིགས་ཚད་ལྟར་སྐད་ཡིག་གི་ཆོས་ཉིད་དང་ཚན་རིག་མཐུན་པའི་ཁྲིད་ཐབས་ལ་མི་འཇུག་པར།   སྐབས་འཕྲལ་གྱི་སྐར་གྲངས་ཙམ་ལ་དམིགས་ནས་མཁྲེགས་སྐྱོར་མཁྲེགས་འཛིན་ལ་དང་ཞེན་གནང་བ་ལས་སློབ་མའི་སྐད་ཡིག་གི་ཡོན་ཚད་དང་མི་གཞི་གསོ་སྐྱོང་ལ་སྣང་མེད་རྡོག་རོལ་དང་།    བསླབ་གཞིའི་ནང་དོན་འཆད་ཁྲིད་སྐབས་སུ་ཡང་བམ་བཤད་དམ་རགས་ཀློག་ཙམ་གྱིས་འཐུས་པར་བགྱིས་ཏེ་གཙོ་བོ་ཡིག་རྒྱུགས་ལ་ཁ་གཏད་གཅོག་ཐུབ་ཙམ་དང་།   རང་གི་འོས་འགན་ལེགས་གྲུབ་ཐུབ་ཙམ་གྱི་དམིགས་ཡུལ་བཟུང་ནས་འཆད་ཉན་གནང་མཁན་ཤས་ཆེ།  དེ་ལས་ཉེན་ཚབས་ཆེས་ཆེ་བ་ནི“ཡོན་ཏན་དབྱུག་པའི་རྩེ་ལ་ཡོད”ཅེས་པའི་ཁ་དཔེ་ལྟར།  བློ་འཛིན་མི་ཐུབ་པའི་སློབ་མར་ཆད་གཅོད་འདྲ་མིན་བྱས་པ་ལས་སློབ་མའི་འགལ་རྐྱེན་སེལ་ཐབས་ཐད་བསམ་གཞིག་ཡེ་མེད་དང་།    ལྐུགས་པ་ཨུ་ཚུགས་ཀྱིས་ཤེས་བྱ་ལྡུད་པའི་མ་རངས་པའི་བྱ་སྤྱོད་དེ་རིགས་ཀྱིས།  དམར་ལྷོག་ལྷོག་ཏུ་སྦར་གྱིན་པའི་བྱིས་པའི་སྦྱོང་འདོད་དང་དགའ་སྣང་།  རང་རྟོན་དང་རང་བརྩིའི་བསམ་པའི་མེ་སྟག་སྟེང་ཆུ་བཤོས་པ་བཞིན་མོས་པ་དང་དད་སེམས་ཀྱི་སྙིང་སྟོབས་ཡོངས་སུ་བཅོམ་པར་བྱེད།   དེ་ཡང་མཁས་དབང་དགེ་ཆོས་ཀྱིས“མི་འདོད་ནན་གྱིས་བསྐུལ་བའི་དོན་ཡང་མེད། །འདོད་པ་བཙན་གྱིས་འགོག་པའི་དོན་ཡང་མེད”⑪ ཞེས་གསུངས་པ་ལྟར།    སློབ་མའི་ཁམས་དང་མོས་པར་བསྟུན་མི་ཐུབ་ན་གང་འཁྲིད་བྱའི་རིགས་ཚན་དེར་གཡོལ་གང་ཐུབ་བྱེད་པ་ལས་དེར་འཇུག་པའི་སྤྲོ་བ་དང་དང་བ་ནི་ནམ་ཡང་ཡོད་མ་ཡིན།  ལྷག་པར་དུ། དད་པ་ཡོན་ཏན་ཀུན་གྱི་རྩ་བ་ཡིན་པས།  དད་མོས་ཀྱི་རྩ་བ་མྱགས་པའི་འཆད་ཉན་ནི་ལྗང་པ་འཐེན་ནས་འཚར་ཐབས་བྱེད་པའི་ཆོས་ཉིད་ཙམ་ལས་མ་འདས།  དེ་ཡང་མདོ་ལས། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་རྣམས་མི་འཇུག་སྟེ།  །ས་བོན་མེ་ཡིས་འཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །  ཞེས་གསུངས་པ་ལས་གསལ་རྟོགས་ཡོང་ཐུབ།   དེས་ན་རྒྱ་ཆེའི་བཤེས་གཉེན་རྣམ་པས་རྣམ་དཔྱོད་རྩལ་སྤྲུགས་དང་བསམ་གཞིག་གི་སྒོ་འཕར་ཡངས་པར་ཕྱེ་ཏེ།  སློབ་མའི་ཁམས་དང་མོས་པ་དང་མཐུན་ཞིང་ལོ་ནའི་ཁྱད་ཆོས་དང་འཚམ་ལ།  མི་སྒེར་བྱེ་བྲག་པར་དམིགས་པའི་ཁྲིད་ཐབས་ལ་འཇུག་མཁས་པའི་སྒོ་ནས་སློབ་མའི་དད་མོས་ཀྱི་བློ་སྒོ་འབྱེད་པ་དང་།  རང་རྟོན་རང་བརྩིའི་བསམ་པ་གསོ་བ།  རྒྱ་ཡན་དུ་ཤོར་བའི་བློ་ཁ་སློབ་ལ་འགུག་པ།  གོ་བདེ་ཤེས་བདེ་དང་དང་བ་འདྲེན་ནུས་པའི་ཐབས་འཕྲུལ་ཁྱད་འཕགས་བཅས་ཀྱི་ཁྲིད་ཐབས་ལ་བརྟེན་ནས།  མིག་མདུན་གྱི་ཁེ་ཕན་ཙམ་ལ་མ་དམིགས་པར་གཟིགས་རྒྱང་རིང་བའི་ལྷག་བསམ་གྱིས་ཀུན་ནས་བསྐུལ་ཏེ།   ཤེས་རིག་གི་སྐྱེད་ཚལ་ཡངས་མོ་རུ་ཡོན་ཏན་གྱི་སྦྲང་རྩི་འཐུ་བའི་གསེར་སྦྲང་སློབ་མའི་ཚོགས་ལ་རང་ནུས་ཅི་ལྕོགས་དང་བུམ་པ་གང་བྱོའི་ཚུལ་གྱིས་ཤེས་ཡོན་ལྡུད་གྱུར་ན་ཅི་འདྲའི་དགེ་ལེགས་ཤིག་ཨང་།   

དཔྱད་གཞིའི་ཡིག་རིགས།

①རྡོ་རིང་བསྟན་འཛིན་དཔལ་འབྱོར།  བྱ་སྤྲེལ་གཏམ་རྒྱུད [ M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།   2015ལོ།  ཤ20

②སི་ཏུ་ཆོས་ཀྱིི་འབྱུང་གནས།  ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན།[ M] མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་།   2017ལོ།   ཤ212

③  ལྗོངས་ཞིང་ལྔའི་མཉམ་སྒྲིག་བསླབ་གཞི།   བོད་སྐད་ཡིག    ལོ་རིམ་བཞི་པའི་སྟོད་ཆ། [ M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།2016ལོ།    ཤ32

④⑪དགེ་འདུན་ཆོས་འཕེལ།  མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས།[ M]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།   2005ལོ།    ཤ408

⑤ཚེ་དབང་ལྷ་མོ།  བརྡ་སྤྲོད་རིག་པའི་སྤྱི་བཤད། [ M]མི་རིགས་དཔེ་སྐྲུན་ཁང་།   2012ལོ།    ཤ113

⑥ ⑨ལྗོངས་ཞིང་ལྔའི་མཉམ་སྒྲིག་བསླབ་གཞི།   བོད་སྐད་ཡིག    ལོ་རིམ་བཞི་པའི་སྟོད་ཆ། [ M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།2016ལོ།    ཤ4   ཤ32

⑦⑩སྐད་ཡིག་བསླབ་ཚན་གྱི་ཚད་གཞི།    འགན་བབས་སློབ་གསོའི་བསླབ་ཚན་གྱི་ཚད་གཞི།   [ M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2015ལོ།   ཤ7   ཤ3

⑧ལྗོངས་ཞིང་ལྔའི་མཉམ་སྒྲིག་བསླབ་གཞི།   བོད་སྐད་ཡིག    ལོ་རིམ་དང་པོའི་སྨད་ཆ། [ M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།2016ལོ།    ཤ39

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།