སློབ་ཁྲིད་གདེང་འཇོག་བྱེད་སྟངས་ལ་ཅུང་ཟད་དཔྱད་པ།

སློབ་གསོ་འཕེལ་རྒྱས་སུ་སོང་བ་དང་སློབ་ཁྲིད་བྱེད་ཐབས་བཅོས་བསྒྱུར་བྱས་པ་ལ་བརྟེན་ནས་སློབ་ཁྲིད་གདེང་འཇོག་ནི་སློབ་གྲྭའི་སློབ་ཁྲིད་བྱ་འགུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཞིང་ཞིབ་འཇུག་གི་རིན་ཐང་ཆེ་བའི་སློབ་ཁྲིད་ལེགས་བཅོས་བྱེད་ཐབས་ཤིག་ཀྱང་ཡིན། སློབ་ཁྲིད་གདེང་འཇོག་གིས་སློབ་ཐུན་སློབ་ཁྲིད་བཅོས་བསྒྱུར་བྱེད་པའི་རྣམ་པ་སྔར་ལས་ཇེ་ལེགས་སུ་གཏོང་ཐུབ་པ་མ་ཟད་དགེ་རྒན་གྱི་སློབ་ཁྲིད་བྱེད་ཐབས་དང་སློབ་ཁྲིད་ལ་བཟུང་བའི་རྣམ་འགྱུར་དེ་ཡང་དག་པ་ནས་འཕེལ་རྒྱས་སུ་འགྲོ་བ་ལ་སྐུལ་སློང་ཚད་མེད་བྱེད་ཐུབ། སློབ་ཁྲིད་གདེང་འཇོག་གི་ལྟེ་བ་ནི་དགེ་རྒན་གྱིས་སློབ་ཁྲིད་བྱས་པའི་བཟང་ངན་ཁོ་ན་མ་ཡིན་པར་སློབ་མའི་རྒྱུད་ལ་འབྱོར་བའི་གྲུབ་འབྲས་དང་སློབ་མའི་བསམ་གཞིག་གི་ནུས་པ་སྐྱེད་བསྲིང་བྱས་ཡོད་མེད་སོགས་ཀྱི་ལྷུ་རྐང་ཞིག་ཆགས་དགོས་པ་དེ་ཡིན། དེ་བས་སློབ་ཁྲིད་གདེང་འཇོག་བྱེད་པར་གཤམ་གྱི་ལྷུ་རྐང་འགའ་ཆགས་དགོས།

དང་པོ།  སློབ་ཁྲིད་གདེང་འཇོག་གི་དམིགས་ཡུལ།

སློབ་ཁྲིད་གདེང་འཇོག་བྱེད་དགོས་པའི་དམིགས་ཡུལ་ནི་དགེ་སློབ་གཉིས་ཀ་སྒོ་ཀུན་ནས་འཕེལ་རྒྱས་སུ་འགྲོ་རྒྱུ་དེ་ཡིན།  སྤྱིར་སློབ་ཁྲིད་འདེང་འཇོག་བྱེད་པར་དམིགས་ཡུལ་གསུམ་ཡོད་པ་ནི“སློབ་ཐུན་སློབ་ཁྲིད་ཀྱི་བཟང་ངན་ལ་གསལ་འབྱེད་བྱེད་པ་དང་གཅིག སློབ་ཐུན་སློབ་ཁྲིད་ཀྱི་ལེགས་ཉེས་ལ་དཔྱད་ཞིབ་དང་ཉམས་མྱོང་བསླབ་བྱ་ཕྱོགས་སྡོམས་བྱེད་པ།  སློབ་ཁྲིད་ལ་བཟུང་བའི་ལྟ་ཚུལ་ཇེ་མཐོར་གཏོང་བ་དང་གཉིས། སློབ་ཐུན་སློབ་ཁྲིད་ཀྱི་བཟང་ཆ་ལ་གྲོས་བསྡུར་བྱེད་པ་དང་གསུམ”བཅས་ཡིན། གོང་གི་འདི་དག་ལས་ང་ཚོས་རྟོགས་ཐུབ་པ་ནི་སློབ་ཁྲིད་གདེང་འཇོག་ནི་སློབ་ཐུན་སློབ་ཁྲིད་བཅོས་བསྒྱུར་བྱེད་ཐབས་ཤིག་ཡིན་པ་ལས་སློབ་ཁྲིད་ཀྱི་རྒྱལ་ཕམ་ཐག་གཅོད་བྱེད་པ་ཞིག་རྩ་བ་ནས་མིན་པ་དེ་ཡིན། གཞན་གྱི་གདེང་འཇོག་ལ་བརྟེན་ན་རང་ཉིད་འཕེལ་རྒྱས་སུ་འགྲོ་བ་ཆོས་ཉིད་ཡིན་པ་ཤེས་དགོས། དེ་བས་སློབ་ཁྲིད་གདེང་འཇོག་བྱེད་པའི་དམིགས་ཡུལ་ནི་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་དེའི་ཆེད་ལས་ཕྱོགས་ཀྱི་ཤེས་བྱ་དང་སློབ་ཁྲིད་བྱེད་ཐབས་ལ་ལྟ་ཞིབ་ཐེངས་གཅིག་བྱས་པ་ཡིན་ལ་ཉན་མཁན་གྱི་སློབ་བུ་ཚོར་སློབ་སྦྱོང་བྱེད་འདོད་ཀྱི་ཀུན་སློང་དང་གྲུབ་འབྲས་འབྱོར་མིན་ལ་ཚོད་ལྟ་ལན་གཅིག་བྱས་པའང་ཡིན་པས་གོ་སྐབས་འདི་དང་བསྟུན་ནས་སློབ་ཐུན་སློབ་ཁྲིད་ཀྱི་མི་འདང་ས་བཅོས་བསྒྱུར་བྱེད་པ། ཆེད་ལས་ཀྱི་ཤེས་བྱ་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་ཕྱོགས་ལ་སྔར་ལས་ལྷག་པའི་སྒོ་ནས་ཤུགས་སྣོན་བྱེད་རྒྱུ་དེ་ཡིན།

གཉིས་པ།  སློབ་ཁྲིད་གདེང་འཇོག་གི་རྩ་དོན།

སློབ་ཁྲིད་ལ་ཉན་མཁན་གྱིས་སློབ་ཁྲིད་བྱེད་མཁན་ལ་གདེང་འཇོག་ཡག་པོ་ཞིག་བྱེད་དགོས་ན་ཐོག་མར་རང་ཉིད་ལ་གཟབ་ནན་གྱི་བླང་བྱ་གདོན་དགོས་པར་མ་ཟད་སློབ་ཐུན་སློབ་ཁྲིད་ཀྱི་དགེ་རྒན་ལ་ནན་གྱིས་ལྟ་ཞིབ་བྱེད་པ། དེ་ལས་ཀྱང་གཙོ་བོར་གདེང་འཇོག་བྱ་ཡུལ་ནི་སློབ་མ་ཡིན་ལ་སློབ་མའི་ཟབ་ཞུགས་ཀྱི་གནས་ཚུལ་དང་འཕེལ་རྒྱས་ཀྱི་གནས་ཚུལ་ལ་གདེང་འཇོག་བྱེད་པ་དེ་ཡིན། དེར་བརྟེན། སློབ་ཁྲིད་གདེང་འཇོག་བྱེད་སྐབས་གཤམ་གྱི་རྩ་དོན་འགའ་རྒྱུན་འཁྱོངས་བྱེད་དགོས།

གཅིག དངོས་ཐོག་བདེན་འཚོལ་གྱི་རྩ་དོན།

སློབ་ཁྲིད་གདེང་འཇོག་བྱེད་པའི་གོ་རིམ་ཁྲོད་དུ་སློབ་ཁྲིད་ལ་ཉན་མཁན་གྱིས་འདྲ་མཉམ་དང་དྲང་བདེན་གྱི་ལྟ་ཚུལ་བཟུང་ནས་སློབ་ཁྲིད་བརྒྱུད་རིམ་ཧྲིལ་བོར་གདེང་འཇོག་བྱེད་དགོས་པ་མ་ཟད། སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་དེའི་མི་གཤིས་ཐོབ་ཐང་ལ་བརྩི་བཀུར་བྱེད་རྒྱུ་ནི་གལ་ཆེ་བ་ཡིན། དེ་བས་དངོས་ཐོག་བདེན་འཚོལ་གྱིས་སློབ་ཁྲིད་ལ་གདེང་འཇོག་བྱེད་རྒྱུ་ནི་རང་གཞན་གཉིས་ཀར་ཕན་པའི་རྒྱུ་གཙོ་བོ་ཞིག་ཡིན།

གཉིས། སྐུལ་སློང་རང་བཞིན་གྱི་རྩ་དོན།

སློབ་ཁྲིད་གདེང་འཇོག་བྱེད་པ་ནི་སློབ་ཁྲིད་བཅོས་བསྒྱུར་གྱི་ཐབས་གཙོ་བོ་ཞིག་ཡིན་པས་སློབ་ཁྲིད་བརྒྱུད་རིམ་ཁྲོད་དུ་གཞན་དང་མི་འདྲ་བའི་ཁྱད་ཆོས་སམ་སློབ་ཁྲིད་ལེགས་འགྲུབ་བྱུང་བའི་གནད་གཙོ་བོར་བཟུང་ནས་བསྔགས་བརྗོདབྱེད་དགོས་པ་མ་ཟད་གཞན་གྱིས་སློབ་སྦྱོང་བྱེད་དགོས་ཚུལ་གྱི་གདེང་འཇོག་བྱས་ནས་རྗེས་ཀྱི་སློབ་ཁྲིད་བྱ་བའི་ཁྲོད་རྒྱུན་བསྲིང་བྱེད་དགོས་པའི་བསམ་ཚུལ་འདོན་དགོས། སྐུལ་སློང་རང་བཞིན་ལ་བརྟེན་ནས་སློབ་ཐུན་སློབ་ཁྲིད་བཅོས་བསྒྱུར་བྱས་ན་སློབ་ཁྲིད་ཀྱི་དམིགས་འབེན་དང་སློབ་ཁྲིད་བྱེད་པའི་སྙིང་སྟོབས། སློབ་ཁྲིད་བྱེད་པར་སྤྲོ་སྣང་འཕེལ་བར་ནུས་པ་མི་དམན་པ་འཐོན་ངེས།

གསུམ། བརྩེ་སེམས་ཅན་གྱི་རྩ་དོན།

སློབ་ཁྲིད་སྐབས་སུ་དགེ་རྒན་གྱིས་སློབ་མ་ལ་བརྩེ་བ་དང་སློབ་མས་དགེ་རྒན་ལ་གུས་བཀུར་བྱེད་རྒྱུ་ནི་དགེ་སློབ་ཟུང་འབྲེལ་གྱི་གཞི་རྩའི་ཆ་རྐྱེན་ཞིན་ཡིན། དེ་དང་ཁ་བྲལ་ན་སློབ་ཐུན་སློབ་ཁྲིད་དེ་ལེགས་འགྲུབ་འབྱུང་མི་ཐུབ་ལ་འབྲས་བུའང་ཡག་པོ་ཞིག་གཏན་ནས་འབྱུང་མི་སྲིད། དེ་ལ“བརྩེ་སེམས་དེ་སློབ་སྦྱོང་བྱ་འགུལ་གྱི་སྒུལ་ཤུགས་མ་ལག་གམ་མཐུན་རྐྱེན་དུ་འགྱུར་སྲིད་དེ། རང་འགུལ་གྱི་སྤྲོ་སེམས་ཉམས་མྱོང་དེས་དངོས་བརྒྱུད་གང་རུང་ནས་མིའི་ཀུན་སློང་དང་འདུ་ཤེས་ལ་བོགས་ཐོན་བྱུང་སྟེ་མིའི་སློབ་སྦྱོང་གི་ལས་ཆོད་ཇེ་ཆེ་རུ་གཏོང་ཐུབ། དེར་བརྟེན། སློབ་གསོ་བ་དང་སློབ་གཞོལ་བ། ཡང་ན་བསླབ་པ་པོ་དང་བསླབ་པ་པོའི་བར་གྱི་བརྩེ་སེམས་བློ་སེམས་བསྣོལ་འདྲེས་ཀྱིས་སློབ་ཁྲིད་ཀྱང་བརྩེ་སེམས་ཅན་དུ་བསྒྱུར་སྲིད། འདི་ནི་སློབ་ཐུན་སློབ་ཁྲིད་ལ་གདེང་འཇོག་བྱེད་དུས་ཀྱི་རྩ་བའི་རྩ་དོན་གལ་ཆེན་ཞིག་རེད”ཞེས་པ་ལས་ཤེས་ཐུབ།

བཞི། ཁ་ཕྱོགས་སྟོན་པའི་རྩ་དོན།

སློབ་ཁྲིད་གོ་རིམ་ལ་ནན་ཏན་གྱིས་ཉན་རྗེས་སུ་གདེང་འཇོག་བྱེད་སྐབས་ལེགས་པའི་ཆ་ལ་བསྟོད་བསྔགས་དང་མི་འདང་སར་བཅོས་བསྒྱུར་བྱེད་ཐབས་ཀྱི་མཛུབ་སྟོན་བྱེད་དགོས། དེ་ལ་དེང་རབས་སློབ་ཁྲིད་སྒྲིག་ཆས་དང་མ་ལག་ལས་བཀོལ་སྤྱོད་བྱེད་དགོས་པ་དག་མཚམས་སྦྱོར་དང་རང་གི་ཉམས་མྱོང་ལས་སློབ་ཁྲིད་ལེགས་འགྲུབ་བྱུང་བའི་ཆ་དེ་སྦ་གསང་མེད་པར་བཤད་པ། ད་དུང་དགེ་རྒན་གཞན་པའི་སློབ་ཁྲིད་ལ་ཉན་ནས་ཁྲིད་ཐབས་དང་དུས་ཚོད་བཀོད་སྒྲིག་བྱེད་སྟངས་སོགས་ལ་སློབ་སྦྱོང་བྱེད་དགོས།

ལྔ། ཚན་རིག་རང་བཞིན་གྱི་རྩ་དོན།

སློབ་ཐུན་སློབ་ཁྲིད་བྱེད་པ་དེ་དགེ་རྒན་གྱིས་རང་གི་ཉམས་མྱོང་ཁོ་ན་ལ་བརྟེན་ནས་ཇུས་འགོད་བྱས་ཏེ་རྩ་འཛུགས་བྱས་ན་ཆོག་པ་ཞིག་མིན་པར་དེ་བསླབ་གཞིའི་དགོངས་དོན་དང་བསྟུན་དགོས་པ་མ་ཟད། སློབ་མའི་དོན་དངོས་ཆུ་ཚད་དང་བསྟུན་ནས་སློབ་ཁྲིད་བྱས་ན་སློབ་མས་གོ་སླ་བ་ཡིན། དེ་བས། སློབ་ཁྲིད་ལ་ཉན་པའི་གོ་རིམ་ཁྲོད་དུ་བསླབ་གཞིའི་དགོངས་དོན་དང་འཚམ་མིན་ལ་མཉམ་འཇོག་བྱེད་དགོས་པ་དང་། དེང་རབས་སློབ་ཁྲིད་ཀྱི་ཐབས་ཤེས་བཀོལ་ཡོད་མེད་གཙིགས་སུ་འཛིན་རྒྱུ་ཧ་ཅང་གལ་ཆེ།  སློབ་ཁྲིད་གདེང་འཇོག་བྱེད་སྐབས་གཙོ་དཀའ་གནད་འབུར་དུ་ཐོན་ཡོད་མེད་དང་ནང་དོན་ཇུས་འགོད་བྱས་པ་འོས་འཚམ་ཡིན་མིན་གྱི་རྩ་དོན་དམིགས་སུ་འཛིན་རྒྱུའང་གནད་ཆེའོ། །

དྲུག གསར་བཏོད་ཅན་གྱི་རྩ་དོན།

“སློབ་མའི་གསར་བཏོད་ཀྱི་སྙིང་སྟོབས་དང་ལག་ལེན་གྱི་ནུས་པ་གསོ་སྐྱོང་བྱ་རྒྱུ་ནི་སློབ་ཐུན་སློབ་ཁྲིད་ཀྱི་ཆེས་གལ་ཆེ་བའི་ལས་འགན་ཞིག་ཡིན། སློབ་ཐུན་ནི་སློབ་མའི་གསར་བཏོད་ཀྱི་སྙིང་སྟོབས་སྐྱོང་སའི་ལམ་བུ་གཙོ་བོ་ཡིན་མོད། སློབ་ཐུན་སློབ་ཁྲིད་ཡོད་དོ་ཅོག་གིས་ཁོ་ཚོའི་གསར་བཏོད་ཀྱི་སྙིང་སྟོབས་གསོ་སྐྱོང་བྱེད་ཐུབ་པ་ཞིག་ག་ལ་ཡིན་ཏེ། སློབ་ཐུན་ནི་གསར་བཏོད་ཀྱི་སྙིང་སྟོབས་སྐྱོང་སའི་གཤིན་ས་ཡིན་སྲིད་ལ་གསར་བཏོད་ཀྱི་སྙིང་སྟོབས་ཁྱུར་མིད་གཏོང་བའི་དུར་སའང་ཡིན”ཞེས་པ་ལྟར། སློབ་ཁྲིད་གདེང་འཇོག་བྱེད་སྐབས་སློབ་མར་རང་དབང་གི་དུས་ཚོད་བྱིན་ཡོད་མེད་དང་བསམ་གཞིགས་ཀྱི་ནུས་པ་བསྐྱེད་བསྲིང་བྱས་ཡོད་མེད། དོགས་སློང་གི་དྲི་བ་བརྡར་ཤ་གཅོད་ཐུབ་མིན་བཅས་ལ་དཔྱད་པ་ཞིབ་ཏུ་བཏང་ནས་གྲོས་བསྡུར་བྱེད་དགོས། སློབ་ཁྲིད་རྗེས་ཀྱི་གདེང་འཇོག་བརྒྱུད་ནས་སློབ་མ་ལྟེ་བར་འཛིན་ཚུལ་དང་སློབ་མའི་གསར་གཏོད་ཀྱི་ནུས་པ་བསྐྱེད་བསྲིང་བྱེད་པའི་ཕྱོགས་ལ་སྐུལ་ལྕག་གནང་འོས།

གསུམ་པ། སློབ་ཁྲིད་གདེང་འཇོག་གི་ཚད་གཞི།

དེང་རབས་སློབ་གསོ་འཕེལ་རྒྱས་སུ་ཕྱིན་པ་དང་། སློབ་ཁྲིད་སྒྲིག་ཆས་གསར་བ་ལོ་རེ་ནས་ཟླ་རེར་དར་ཁྱབ་བྱུང་བ་དང་བསྟུན་ནས་སློབ་ཁྲིད་བྱེད་ཐབས་ལ་བཅོས་བསྒྱུར་བྱེད་དགོས་ཤིང་། དེ་ལ་གདེང་འཇོག་བྱེད་སྟངས་ཀྱང་མི་འདྲ་བ་དགོས་པ་རེད།

གཅིག སློབ་ཁྲིད་དམིགས་འབེན་ཚད་ལྡན་ཡིན་པ།

“སློབ་ཐུན་སློབ་ཁྲིད་ཀྱི་དམིགས་འབེན་དེ་བསླབ་ཚན་ཚད་གཞི་དང་འཚམས་དགོས་ཤིང་། དེ་ལ་གཞིར་བཟུང་ནས་སློབ་ཐུན་རེ་རེའི་དམིགས་འབེན་གཏན་ཁེལ་བྱེད་དགོས་པར་མ་ཟད་སློབ་ཐུན་སློབ་ཁྲིད་ཀྱི་དམིགས་འབེན་དེ་སློབ་མའི་སློབ་སྦྱོང་གི་ཆུ་ཚོད་དང་འཚམས་དགོས”ཞེས་པ་བཞིན་དགེ་རྒན་གྱིས་བསམ་བསམ་འདོད་འདོད་གྱིས་ནང་དོན་གང་ཡང་རུང་བ་ཞིག་ཇུས་འགོད་བྱས་ན་ཆོག་པ་ཞིག་མིན་ཏེ། འདི་ལ་སློབ་ཁྲིད་གདེང་འཇོག་གི་གོ་རིམ་ཁྲོད་ནས་དཔྱད་པ་ཞིབ་མོ་གཏང་དགོས།

གཉིས། སློབ་ཁྲིད་ནང་དོན་ཚད་ལྡན་ཡིན་དགོས།

སློབ་ཁྲིད་ཀྱི་དཀའ་སླ་རན་ཞིང་མང་ཉུང་འོས་འཚམས་ཤིག་ཡིན་དགོས་ལ། ནང་དོན་ཀྱང་ཡང་དག་ཡིན་དགོས་པར་མ་ཟད་འཚོ་བ་དངོས་དང་འབྲེལ་ཞིང་། སློབ་མའི་ཆུ་ཚད་དང་བསྟུན་ཐུབ་པ་ཞིག་ཡིན་དགོས། གཞན་སློབ་ཁྲིད་ཀྱི་སྣེ་འདྲེན་དེ་སློབ་ཁྲིད་ཀྱི་ནང་དོན་ལ་འཚམས་མིན་དང་སློབ་ཁྲིད་ཀྱི་གོ་རིམ་གསལ་བོ་ཡིན་མིན། གཙོ་དཀའ་གནད་འབུར་དུ་ཐོན་ཡོད་མེད། དུས་ཚོད་བཀོད་སྒྲིག་འོས་འཚམས་ཡིན་མིན། སློབ་མའི་གོ་བ་ལེན་ཐུབ་མིན་སོགས་ཕྱོགས་མི་འདྲ་བ་རེ་རེ་ནས་གདེང་འཇོག་བྱས་ཏེ་བཅོས་བསྒྱུར་གྱི་ཁ་ཕྱོགས་སྟོན་དགོས།

གསུམ། སློབ་ཁྲིད་ཀྱི་ཐབས་ཤེས་ཚད་ལྡན་ཡིན་དགོས།

དགེ་སློབ་ཟུང་འབྲེལ་བྱེད་པའི་ཐབས་ཤེས་གཙོ་བོར་བཟུང་ནས་སློབ་ཁྲིད་བྱེད་རྒྱུ་གལ་ཆེ་ལ། ལྷག་པར་དུ་སློབ་མའི་སྔོན་སྦྱོང་གི་འདུ་ཤེས་དང་། བསམ་གཞིགས་གཏོང་བ་ལ་དུས་ཡུན་གང་འཚམས་ཤིག་བྱིན་ནས་ཕན་ཚུན་ལ་དྲི་བ་འདོན་པ་དང་གྲོས་བསྡུར་བྱེད་པ། རྩོད་གླེང་རྒྱག་པ་སོགས་ཐབས་སྣ་ཚོགས་པ་བཀོལ་ཡོད་མེད་ལ་གདེང་འཇོག་བྱེད་དགོས། དེ་ཡང“སློབ་ཁྲིད་ལ་ཐབས་རྩལ་ཡོད།   ཐབས་རྩལ་ལ་ངེས་གཏན་མེད་ཅེས་པ་ལྟར་དགེ་རྒན་གྱིས་རིགས་མི་འདྲ་བའི་སློབ་ཁྲིད་ནང་དོན་དང་ཆུ་ཚད་མི་འདྲ་བའི་སློབ་མ་ལ་བསྟུན་ནས་ཁོ་ཚོའི་བློ་རིག་དང་འཚམ་ཞིང་འཁྲུག་ཆ་དོད་པའི་ཁྲིད་ཐབས་སྣ་ཚོགས་སྤྱོད་པ། ཁོ་ཚོའི་རང་འགུལ་གྱི་བསམ་བློ་ལ་སྐུལ་མ་བཏང་ནས་འཚོལ་རྟོག་ཞིབ་འཇུག་བྱེད་དུ་བཅུག་ཏེ་ཆུ་ཚོད་མི་འདྲ་བའི་སློབ་མ་དག་ལ་ཁྲིད་བྱ་གཅིག་ལ་ཐོབ་བྱ་མི་འདྲ་བ་དུ་མ་ཡོད་པར་བྱེད་དགོས”ཞེས་པ་བཞིན་ནོ། །

བཞི། སློབ་ཁྲིད་ཀྱི་མཇུག་འབྲས་ཚད་ལྡན་ཡིན་དགོས།

སློབ་ཁྲིད་ཀྱི་མཇུག་འབྲས་ལེགས་པོ་ཞིག་འབྱུང་དགོས་ན་སློབ་ཁྲིད་ཀྱི་ནང་དོན་དང་བརྒྱུད་རིམ་ལ་ཁ་འབྲལ་ཐབས་མེད་པས། སློབ་ཐུན་སློབ་ཁྲིད་ཀྱི་གོ་རིམ་ཁྲོད་དུ་དགེ་རྒན་དེར་ཁྲིད་བྱའི་ནང་དོན་ལ་བྱང་ཆ་ལྡན་པ། གསར་བཏོད་ཀྱི་རིགས་ལམ་ཡོད་པ་སོགས་ལ་འབྲེལ་བ་དམ་ཟབ་ཡོད་པར་མ་ཟད། དགེ་རྒན་གྱིས་སློབ་མ་ཚོར་ལག་ལེན་གྱི་གོ་སྐབས་གནང་ཞིང་དབྱེ་ཞིབ་དང་གྲོས་བསྡུར་བྱས་པ་བརྒྱུད་ནས་རང་འགུལ་གྱིས་སློབ་པ་དང་། དོགས་སློང་གིས་བསམ་གཞིགས་གཏོང་བ། ཕན་ཚུན་བགྲོ་གླེང་བྱེད་པ་སོགས་ཀྱི་ཐབས་ཤེས་བརྒྱུད་ན་དགེ་རྒན་གྱིས་ཁྲིད་བདེ་ཞིང་སློབ་མའི་རྒྱུད་ལ་ཤེས་བྱ་འབྱོར་སླ་བས་དོན་གནད་འདི་ཡང་ཡིད་འཇགས་པར་བྱེད་རྒྱུ་གལ་ཆེའོ། །

བཞི་བ།  སློབ་ཁྲིད་གདེང་འཇོག་གི་གཞི་རྩའི་ནུས་རྩལ།

སློབ་ཁྲིད་ཀྱི་གཞི་རྩའི་ནུས་རྩལ་ནི་སློབ་ཁྲིད་ཀྱི་བྱ་བར་མཁོ་བའི་ལག་ཆ་བཟང་ཤོས་དེ་ཡིན་ལ་སློབ་ཁྲིད་ཇེ་ལེགས་སུ་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་ཡང་ཡིན། དེ་ཡང་དགེ་རྒན་ལ་འབྲི་ཀློག་བཤད་གསུམ་གྱི་ཆ་རྐྱེན་འཛོམས་དགོས་པར་མ་ཟད། དགེ་རྒན་གྱི་ཀུན་སྤྱོད་ཀྱིས་སློབ་མའི་ཡིད་སེམས་འགུགས་ཐུབ་པ་བྱུང་ན་ཉན་སྤྲོ་ཞིང་རྒྱུད་ལ་འཇགས་པར་ཕན་ཐོགས་ཆེན་པོ་ལྡན།

གཅིག སྐད་ཆའི་སྒྲ་དག་ཅིང་དལ་མགྱོགས་རན་པ།

བསླབ་དེབ་ངོས་ཀྱི་ཤེས་བྱ་རྣམས་དགེ་རྒན་གྱིས་སྐད་ཆའི་སྦྱོར་བ་ལ་བརྟེན་ནས་སློབ་མའི་རྒྱུད་ལ་གཞག་དགོས། སྐད་ཆ་ཡང་དག་ཅིག་བཤད་མ་ཐུབ་ན་དགེ་སློབ་འབྲེལ་འདྲིས་ལ་གནོད་པ་གདོན་མི་ཟ། དེ་བས་སློབ་ཐུན་སྐབས་སུ་ཡུལ་སྐད་དང་ལུང་སྐད་མི་བཤད་པར་ཡིག་སྐད་ཀྱི་ལམ་ནས་སློབ་ཁྲིད་བྱས་ན་རོང་འབྲོག་སློབ་མ་སུས་ཀྱང་གོ་ནུས། དེ་མིན་སློབ་ཁྲིད་ཀྱི་སྐབས་སུ་ཁྲིད་བྱའི་ནང་དོན་ལྟར་སྐད་ཆའི་དལ་མགྱོགས་ལ་ཚོད་འཛིན་བྱེད་དགོས་པ་མ་ཟད། སློབ་མའི་རྣམ་འགྱུར་ལ་བརྟགས་ནས་སྐད་གདངས་ཀྱི་དྲག་ཞན་ལ་འགྱུར་བ་གཏོང་དགོས་ལ། སྐད་ཆའི་སྔ་ཕྱི་འབྲེལ་ཆགས་ཤིང་ཆེད་ལས་ཀྱི་མིང་ཚིག་གཞིར་བཟུང་ཏེ་སྨྲ་བ་དག་པོར་བརྗོད་ནས་ཉན་སྤྲོ་བ་ཞིག་ཡོང་དུ་གཞུག་དགོས། སློབ་ཁྲིད་གདེང་འཇོག་གི་སྐབས་སུ་དགེ་རྒན་གྱི་སྐད་གདངས་དང་སྐད་ཆའི་དལ་མགྱོགས། བརྩེ་དུང་དང་ལྡན་མིན་ལ་དཔྱད་ཞིབ་བྱེད་དགོས།

གཉིས། སྒོ་སམ་ཇུས་འགོད་ཚད་ལྡན་ཡིན་དགོས།

སྒོ་སམ་གྱི་ཇུས་འགོད་ཡག་མིན་གྱིས་སློབ་ཁྲིད་ཀྱི་གོ་རིམ་གསལ་བོ་ཡིན་མིན་མཚོན་ཞིང་། སློབ་མ་རྣམས་ཀྱིས་ཁྲིད་བྱའི་ནང་དོན་ལ་གོ་བ་ཟབ་མོ་ལེན་པར་རམ་འདེགས་བྱེད་ཐུབ་ཅིང་། ཟིན་བྲིས་སུ་འགོད་པ་ལའང་ཕན་ཐོགས་ཆེན་པོ་ལྡན། སྒོ་སམ་ཇུས་འགོད་ཡག་པོ་ཞིག་བྱེད་པ་ལ་ཐོག་མར་ཡིག་གཟུགས་གྲལ་དག་པོར་འབྲི་རྒྱུ་དང་། ཁྲིད་བྱའི་ནང་དོན་ལྟར་ཡི་གེའི་ཆེ་ཆུང་བགར་ནས་བཀོད་སྒྲིག་བྱེད་ཆོག གྲངས་ཀ་སོགས་གསལ་བོར་འབྲི་དགོས་ལ་རི་མོ་ཡོད་ན་ཚོན་མདོག་ཅན་གྱི་ས་སྨྱུག་གིས་འབྲི་འོས། དེ་ལྟར་བྱས་ན་སློབ་མས་གོ་བ་ལེན་པ་ལ་ནུས་པ་མི་དམན་པ་འཐོན་སྲིད་པས་སློབ་ཁྲིད་འདེང་འཇོག་གིིས་སྐབས་ཀྱང་འདི་ཉིད་ཤིན་ཏུ་གནད་ཆེན་པོར་འཛིན་རིགས་སོ། །

གསུམ། འགྲོ་ལུགས་འདུག་སྟངས་ཚད་ལྡན་ཡིན་དགོས།

སློབ་ཐུན་གྱི་སྐབས་སུ་དགེ་རྒན་ནི་གར་སྟེགས་སྟེང་གི་འཁྲབ་སྟོན་པ་དང་འདྲ་ལ། སློབ་མ་ནི་ལྟད་མོ་བ་དང་མཚུངས་པས་རང་གི་ཕྱིའི་ལུས་ངག་གི་ཉམས་དང་ནང་བསམ་བློའི་འགྱུར་བ་ལ་གཟབ་གཟབ་བྱེད་དགོས། དགེ་རྒན་གྱིས་སློབ་ཁྲིད་སྐབས་སུ་མཉམ་འཇོག་བྱེད་དགོས་པ་ལ་འགྲོ་ལུགས་འདུག་སྟངས་དང་གདོང་གི་འཛུམ་མདངས། མིག་གི་ཉམས་འགྱུར། གྱོན་པ་གོན་སྟངས་སོགས་འདུ་བ་ཡིན། དེ་དག་གིས་སློབ་ཁྲིད་ལ་རམ་བུ་འདེགས་ཐུབ། དགེ་རྒན་ནི་སྤྱི་ཚོགས་སྟེང་གི་ལས་རིགས་གཞན་པའི་མི་དང་མི་འདྲ་བར་དགེ་དཔེ་གཞན་སྟོན་གྱི་ནུས་པ་ཐོན་དགོས་པས་རང་གི་ལས་རིགས་དང་འཚམས་པའི་གྱོན་པ་གོན་རྒྱུ་ཤིན་ཏུ་གལ་ཆེ། ལྷག་པར་སློབ་ཁྲིད་སྐབས་སུ་གདོང་ལ་འཛུམ་མདངས་རྒྱས་པ་དང་། མིག་གི་རྣམ་འགྱུར་གྱིས་སློབ་མའི་ཡིད་སེམས་འགུགས་ཐུབ་པ་ཞིག་བྱུང་ན་སློབ་ཁྲིད་ལ་ཉན་སྤྲོ་བའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་པ་ཡིན་པས། སློབ་མས་ཧུར་བརྩོན་བྱེད་འདོད་ཀྱི་འདུན་པ་ཞིག་རང་ཤུགས་ཀྱིས་སྐྱེ་སྲིད། སློབ་ཁྲིད་སྐབས་སུ་སློབ་མས་མ་རབས་ཀྱི་བྱ་བ་ལས་པའམ་ཡང་ན་རིག་པ་ལྷོད་པའི་སྐབས་རྣམས་སུ། དགེ་རྒན་གྱིས་སྐད་གསེང་མཐོན་པོས་སྡུག་དམོད་མི་བྱེད་པར་ལག་པ་དང་མིག་མདངས་གང་རུང་གིས་བརྡ་བསྟན་ཏེ་དྲན་སྐུལ་བྱས་ན་སློབ་མའི་སྐྱོན་ཆ་བསྒྱུར་སྟངས་ཀྱི་ཐབས་བཟང་པོ་ཡིན་སྙམ། སློབ་ཁྲིད་ལ་གདེང་འཇོག་བྱེད་སྐབས་དགེ་རྒན་གྱི་ལུས་ངག་ཡིད་གསུམ་གྱིས་སློབ་ཁྲིད་ལ་རམ་འདེགས་ཐོན་ཐུབ་མིན་ལ་དོ་སྣང་བྱེད་དགོས།

ལྔ་བ།   སློབ་ཁྲིད་གདེང་འཇོག་གི་ཕན་འབྲས།

མི་སུ་དང་གང་ཞིག་ཡིན་ཡང་རང་གི་སྐྱོན་ཆ་མི་ཤེས་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཅིག་ཡིན་པས་སློབ་གྲྭ་ཆུང་འབྲིང་དགེ་རྒན་རྣམས་ཀྱིས་ཀྱང་ཕན་ཚུན་གྱི་སློབ་ཁྲིད་ལ་ཉན་པ་དང་། དཔྱད་འཇོག་གི་གོ་རིམ་བརྒྱུད་ནས་ནོར་བ་ཡོ་བསྲང་དང་མི་འདང་སར་ཁ་གསབ་བྱེད་འོས།

གཅིག དགེ་རྒན་བཅོས་བསྒྱུར་བྱས་པ།

སློབ་ཁྲིད་གདེང་འཇོག་གི་གོ་རིམ་ཁྲོད་ནས་རང་ཉིད་ཀྱི་རིག་པས་བརྡར་ཤ་གཅོད་མ་ཐུབ་པ་དག་དགེ་རྒན་གཞན་གྱི་དཔྱད་འཇོག་ལས་ཤེས་ཐུབ་ལ། དཔྱད་འཇོག་གི་གོ་སྐབས་དང་བསྟུན་ནས་རང་ཉིད་ཀྱིས་མ་ཤེས་པ་དང་། གོ་བ་ཟབ་མོ་འབྱུང་མ་ཐུབ་པའི་དཀའ་གནད་རྣམས་གཞན་ལ་བློ་དྲིས་ཏེ་རང་རྒྱུད་འབྱོར་བར་བྱེད་དགོས། སློབ་ཁྲིད་སྐབས་ཀྱི་ལུས་ཀྱི་ཉམས་དང་གདོང་གི་འཛུམ། མིག་གི་མདངས་སོགས་ཀྱི་མི་འདང་ས་དང་། འབྲི་ཀློག་བཤད་གསུམ་གྱི་སྐྱོན་རྣམས་བསལ་ཏེ་སློབ་ཁྲིད་ཀྱི་སྦྱོར་བ་ཚད་ལྡན་ཅན་དུ་གཏོང་བ་ཕན་ཐོགས་ཆེ།

གཉིས། སློབ་ཁྲིད་བཅོསབསྒྱུར་བྱས་པ།

སློབ་ཁྲིད་ཀྱི་གདེང་འཇོག་བརྒྱུད་ནས་སློབ་ཁྲིད་ཀྱི་དམིགས་ཚད་ཡང་དག་ཡིན་མིན་དང་བསླབ་གཞིའི་ནང་དོན་ལ་དབྱེ་ཞིབ་བྱས་པ་གཏིང་ཟབ་མིན། སློབ་ཁྲིད་ཀྱི་རིག་ལམ་གསལ་བོ་ཡིན་མིན། སློབ་ཐུན་གྱི་སྒྲིག་གཞི་འོས་འཚམས་ཡིན་མིན། སློབ་ཁྲིད་ཀྱི་བྱེད་ཐབས་ཚན་རིག་དང་མཐུན་མིན།   སློབ་ཁྲིད་ཀྱི་གཞི་རྩའི་ནུས་རྩལ་འཛོམས་མིན། སློབ་ཁྲིད་ཀྱི་མཇུག་འབྲས་ལེགས་མིན་སོགས་ཀྱི་ཕྱོགས་ནས་དབྱེ་ཞིབ་གསལ་བོ་བྱེད་ཐུབ་པས་ཕན་ཐོགས་མི་དམན་པ་ཡོད།

གསུམ། སློབ་མ་བཅོས་བསྒྱུར་བྱས་པ།

སློབ་ཁྲིད་གདེང་འཇོག་ལས་སློབ་མའི་ཟབ་ཞུགས་ཀྱི་ཚད་དང་སློབ་མའི་འབྲེལ་འདྲིས་དང་གྲུབ་འབྲས་ཀྱི་གནས་ཚུལ་བཅས་ལ་རྒྱུས་ལོན་གསལ་བོ་ཞིག་བྱེད་ཐུབ་པས། ཕྱིས་ཀྱི་སློབ་ཁྲིད་བྱ་བའི་ཁྲོད་དུ་སློབ་མ་ལྟེ་བར་འཛིན་དགོས་པའི་དགོངས་དོན་ལའང་ངེས་པ་གསལ་བོ་ཞིག་རྙེད་ཐུབ།

པུའུ་ལོས་ནཱ་ཡིས“དགེ་རྒན་རྣམས་ཀྱིས་གདེང་འཇོག་དང་དེ་བསླབ་དེབ་དང་ཁྲིད་ཐབས་སོགས་ལ་དོན་དང་མཐུན་པའི་ནུས་པ་ཐོན་གྱི་ཡོད་མེད་ཀྱི་དཔྱད་བྱེད་ཅིག་ཏུ་ངོས་འཛིན་མོད། འོན་ཀྱང་དེ་ལས་ཀྱང་གལ་ཆེ་བ་ནི་དེས་ང་ཚོ་ལ་སློབ་ཁྲིད་ཇི་ལྟར་ཇེ་ལེགས་སུ་གཏོང་བར་བློ་རིག་གི་མཛུབ་སྟོན་བྱེད་ཀྱིན་ཡོད”ཅེས་པ་ནང་བཞིན། སློབ་ཁྲིད་གདེང་འཇོག་ནི་དགེ་རྒན་གྱི་ཆེད་ལས་ཤེས་བྱ་གཏིང་ཇེ་ཟབ་དང་སློབ་ཁྲིད་ཀྱི་རྒྱུ་སྤུས་ཇེ་ལེགས་སུ་གཏོང་བའི་གནད་ཅིག་ཡིན་ནོ། །

②  ④《如何评课》祝智庭主编,华东师范大学出版社,2009年5月,P1 P6

② ③ ⑤རྟ་མགྲིན་རྡོ་རྗེ་དང་མགོན་པོ་བསོད་ནམས་གཉིས་ཀྱིས་རྩོམ་སྒྲིག་བྱས་པའི《ཁྲིད་གཞི་གསར་བ། འདུ་ཤེས་གསར་བ》2008ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་སྐྲུན། P122    P124   P135

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།