ཀྲུང་གོ་བོད་ཀྱི་དྲ་བ།

བོད་སྐད་བྱ་ཚིག་གི་གཞུང་ལུགས་དང་ལག་ལེན་རྣམ་བཤད།

ཡོང་ཁུངས། : དྲ་རྒྱ་ལས་བཏུས།   རྩོམ་པ་པོ། : བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་སློབ་གླིང་།དུད་བླ་བུ་ཆུང་།   སྤེལ་དུས། : 2020-03-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དང་པོ། སྤྱིར་བཤད་པ།

  སྤྱིར་ན་འཁོར་འདས་དངོས་པོ་རྣམས་ཀྱི་རང་བཞིན་ལ།  ངོ་བོ་གནས་པའི་ཆ་ཞིག་དང་།  འཕོ་འགྱུར་གཡོ་བའི་ཆ་གཅིག་སྟེ།  བརྟན་པ་དང་གཡོ་བའི་ཆ་གཉིས་ཡོད།  ངོ་བོ་བརྟན་པའི་རང་བཞིན་དག་རྗོད་པར་བྱེད་པའི་ཆ་ནས་མིང་རྐྱང་གི་རིགས་དང་།  གཡོ་བ་འཕོ་འགྱུར་གྱི་རང་བཞིན་རྣམས་མཚོན་པར་བྱེད་པའི་ཆ་ནས་བྱ་ཚིག་སྟེ་རྗོད་བྱེད་ཀྱི་མིང་ལ་རིགས་ཆེ་བ་གཉིས་སུ་དགར་སྲོལ་བྱུང་།

བྱ་ཚིག་ཅེས་པ་ནི་བྱ་བ་བརྗོད་པའི་མིང་ལ་ཟེར་ཞིང་།  བྱ་བ་ནི་དངོས་པོ་རྣམས་ཀྱི་རང་སྟེང་དུ་གྲུབ་པའི་འགུལ་བསྐྱོད་དམ་འཕོ་འགྱུར་གྱི་ཆ་དེ་ཡིན།  དངོས་པོའི་སྐྱེ་འཇིག་དང་དར་རྒུད་ཀྱི་འཕོ་འགྱུར་ནི་རྣམ་པ་ཆེས་སྣ་ཚོགས་པས་དེའི་ངོས་འཛིན་ལ་གྲུབ་མཐའི་བཞེད་ལུགས་མི་འདྲ་སྣ་ཚོགས་ཤིག་ཡོད།  འགལ་བ་དང་འབྲེལ་བའི་ཆོས་ཉིད་ལས་བྱུང་བའི་དངོས་པོའི་འགྱུར་བ་དེ་ལ་སྤྱིར་ན།  གྲངས་དང་ཚད་གཞིའི་འགྱུར་བ་སྟེ་ཚད་འགྱུར་དང་། དངོས་པོ་རང་ངོས་ཀྱི་ངོ་བོའི་འགྱུར་བ་སྟེ་གཤིས་འགྱུར་བཅས་འགྱུར་བ་གཉིས་ཡོད་པ་སོགས་དེ་དང་དེ་དག་ནི་མཚན་ཉིད་རིག་པའི་གཞུང་དུ་གསལ་ཞིང་སྐབས་འདིར་ཆེར་མ་འབྲེལ་བས་བཏང་སྙོམས་སུ་བཞག་གོ།

གཉིས་པ། བྱ་ཚིག་གི་ངོ་བོ་དང་།སྒྲ་བཤད།མིང་གི་རྣམ་གྲངས།

ངོ་བོ།  སེམས་ལྡན་གྱི་དངོས་པོའི་ལུས་ངག་ཡིད་ཀྱི་རྩོལ་བ་ལས་སྐྱེད་པའི་བྱ་བྱེད་སྣ་ཚོགས་དང་། སེམས་མེད་བེམ་པོའི་གཡོ་འགུལ་དང་འགྱུར་ལྡོག་ཅི་རིགས་པ་མཚོན་བྱེད་ཀྱི་དུས་གསུམ་གྱི་ཁྱད་པར་དང་ལྡན་པའི་མིང་གི་རིགས་ཤིག་ཡིན། དཔེར་ན། འབྲི་ཀློག་བཏབ་ལྟ་བུ་སེམས་ལྡན་གྱི་འདུ་བྱེད་ལས་བྱུང་བ་དང་།  གསལ་འཁྱིལ་གྲུབ་ཆག་ལྟ་བུ་སེམས་མེད་བེམ་པོའི་གཡོ་འགུལ་ཡིན།

སྒྲ་བཤད། བྱ་ནི་བྱ་བ། ཚིག་ནི་བྱ་བ་བརྗོད་པའི་ཚིག་གམ་རྗོད་བྱེད་ལ།  

ཡང་ན། ཚིག་གི་བསྒྲུབ་གཞི་གལ་ཆེན་བྱེད་པས་ན་བྱ་ཚིག་ཅེས་ཀྱང་ཟེར།

མིང་གི་རྣམ་གྲངས།  བྱ་ཚིག ལས་ཚིག  བྱ་བ་བརྗོད་པའི་མིང་། བྱ་བ་བརྗོད་པའི་ཐ་སྙད་སོགས།

གསུམ་པ། བྱ་ཚིག་གི་ཁྱད་ཆོས་དང་།བྱེད་ནུས།

ཁྱད་ཆོས། དུས་ཀྱི་ཁྱད་པར་ཡོད་པ་དང་གཅིག   

ཚེག་ཁྱིམ་གཅིག་ཅན་ཡིན་པ་དང་གཉིས་སོ། །

བྱེད་ནུས།  རང་གཞན་གྱི་བྱ་བའི་རྣམ་འགྱུར་དག་ཇི་བཞིན་གསལ་བར་བྱེད་པའམ་གོ་བར་བྱེད་པའོ། །

བཞི་པ། བྱ་ཚིག་གི་དབྱེ་བ། 

གཅིག བྱ་དང་བྱེད་ཀྱི་ལྟོས་བྱེད་འབྲེལ་བའི་སྒོ་ནས་དབྱེ་བ།

བྱེད་ཅན་བྱ་ཚིག བྱེད་འབྲེལ་ཞེས་ཀྱང་བྱ་སྟེ།

ཕྱི་རྐྱེན་བྱེད་རྒྱུ་ཞིག་དང་འབྲེལ་བའོ། །

དེ་ལ། བྱེད་པ་པོ་དང་འབྲེལ་བ།

བཀྲ་ཤིས་ཀྱིས་ཡི་གེ་བྲིས།སྟག་གིས་ཝ་མོ་བསད།ལྟ་བུ།

བྱེད་པ་དང་འབྲེལ་བ།སྨྱུ་གུས་ཡི་གེ་བྲིས།ཆུ་ཡིས་ལུང་པ་འཁྱེར།ལྟ་བུ་རིགས་གཉིས།

བྱེད་མེད་བྱ་ཚིག ཕྱི་རྐྱེན་བྱེད་རྒྱུས་སྐྱེད་པ་མ་ཡིན་པར་བྱ་བ་རང་ངོས་ནས་ངང་གིས་བྱུང་བ།

དེ་ལ། བྱེད་ཅན་གྱི་ཤུགས་ལས་བྱུང་བ།བཅད་ཆད།བསྐོར་འཁོར།བཅག་ཆག ལྟ་བུའི་ཕྱི་མ་རྣམས།

རང་བཞིན་གྱིས་གྲུབ་པ།རྩྭ་སྐྱེས།ཆུ་རྒྱུགས།སྤྲིན་འཁྲིགས།གློག་འགྱུ།ལྟ་བུ་རིགས་གཉིས་ཡོད།འདི་གཉིས་འགལ་བ་མིན།

ཚུལ་འདི་ལ་འགྲེལ་ཆེན་ལས།འདིར་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་མ་འབྲེལ་ཞེས་སྨོས་པ་ནི།དངོས་པོ་གང་ཞིག་ལ་ལས་གང་ཞིག་བྱེད་པ་པོ་གཞན་གྱིས་དངོས་སུ་སྒྲུབ་པར་བྱེད་པ་དེ་ནི་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་ལས་ཏེ།དཔེར་ན། ལྕགས་གསེར་དུ་བསྒྱུརད་ཟིན།བསྒྱུར་བར་བྱ།སྒྱུར་བར་བྱེད་ཅེས་དང་།ལས་གང་ཞིག་བྱེད་པོ་གཞན་དངོས་སུ་མེད་པར་རང་གི་ངང་གིས་འགྲུབ་པར་སྣང་བ་འདི་ནི་བྱེད་པ་པོ་གཞན་དང་དངོས་སུ་མ་འབྲེལ་བའི་ལས་ཏེ།

དཔེར་ན།ལྕགས་གསེར་དུ་གྱུརད་ཟིན།འགྱུར་བཞིན་པ།འགྱུར་བར་འགྱུར་རོ། །

ཞེས་གསུངས།

གཉིས། ལས་དང་བྱེད་ཀྱི་ལྟོས་བྱེད་འབྲེལ་བའི་སྒོ་ནས་དབྱེ་བ།  

དེ་ལའང་གཉིས་ཏེ། བྱ་བྱེད་ཐ་དད་པའི་བྱ་ཚིག  

དེ་ལ། བྱེད་པ་པོ་དང་ལས་གཉིས་ཐ་དད་པ།དོན་གྲུབ་ཀྱིས་དཔེ་ཆ་བཀླགས།ལྟ་བུ་བྱེད་པོ་སེམས་ལྡན་སྨྲ་ཤེས་དོན་གོ་ཅན་དང་ལས་གཉིས་ཐ་དད་དང་།གཡག་གིས་རྩྭ་བཟས།ལྟ་བུ་བྱེད་པོ་སེམས་ལྡན་སྨྲ་ཤེས་དོན་མི་གོ་བ་དང་ལས་གཉིས་ཐ་དད་པ་སྟེ།རིགས་གཉིས་ཡོད།དཔེ་གཞན་ལའང་རིགས་འགྲེ།

བྱེད་པ་དང་ལས་གཉིས་ཐ་དད་པ།སྟ་རེས་ཤིང་བཅད། སྨྱུ་གུས་ཡི་གེ་བྲིས།ལྟ་བུ་བྱེད་པ་ལག་ཆ་དང་ལས་གཉིས་ཐ་དད་པ་དང་།རྣ་བས་སྒྲ་ཉན།ལག་གིས་འཐེན།མཛུབ་མོས་དཀྲོལ། ལྟ་བུ་བྱེད་པ་དབང་པོའི་རིགས་དང་ལས་གཉིས་ཐ་དད་དང་། སེར་བས་ལོ་ཏོག་བཅོམ། ཆུ་ཡིས་ལུང་པ་བསྣུབས།དེ་བཞིན།མེས་འཚིགདུག་གིས་ཤིསེམས་ཀྱིས་རྟོགས།ལྟ་བུའང་རང་ལུགས་ལ་སེམས་མེད་བེམ་པོའི་བྱེད་པ་དང་ལས་གཉིས་ཐ་དད་ཡིན་པ་བཅས་རིགས་གསུམ་ཞིག་ཡོད།བྱ་བྱེད་ཐ་མི་དད་པའི་བྱ་ཚིག

དེ་ལ། བྱེད་པ་པོ་དང་ལས་གཉིས་ཐ་མི་དད་པ།དཔོན་པོ་གཟིམ་ཆུང་ན་བཞུགས།  བཀྲ་ཤིས་གདན་དུ་བསྡད།ལྟ་བུ་བྱེད་པོ་སེམས་ལྡན་སྨྲ་ཤེས་དོན་གོ་དང་ལས་གཉིས་ཐ་མི་དད་པ་དང་།

འཕྱི་བ་ཁུང་དུ་འཛུལ། བྱིའུ་ཚང་དུ་ཉལ། དེ་བཞིན། བྱ་འཕུར། སྟག་མཆོངས། རྟ་རྒྱུགས་ལྟ་བུ་བྱེད་པོ་སེམས་ལྡན་སྨྲ་ཤེས་དོན་མི་གོ་བ་དང་ལས་གཉིས་ཐ་མི་དད་པ་སྟེ།རིགས་གཉིས།བྱེད་པ་དང་ལས་གཉིས་ཐ་མི་དད་པའམ་རང་བཞིན་གྱིས་གྲུབ་པ་ལྟར་སྣང་བ། མེ་འབར། ཆུ་རྒྱུགས། གོས་རལ། ཤིང་ཆད། ས་ཡོམ། སྤྲིན་འཁྲིགས། རི་ཉིལ། ལྟ་བུ་དང་། དེ་བཞིན། གདོང་རང་བཞིན་གྱིས་དཀར། སྐར་གསུམ་གྱིས་མཐོ།གྲངས་ལྔ་ཡིས་མང་ལྟ་བུ་རྣམས་ཀྱང་ཐ་མི་དད་དེ། ཁྱད་ཆོས་ཀྱི་མིང་བྱ་ཚིག་ཏུ་འགྱུར་བའོ། །

འདི་སྐབས་བྱ་ཚིག་དབྱེ་བ་དགུ་བདུན་ལྔ་སོགས་དང་འབྲེལ་ནས་རྒྱས་པར་དཔྱོད་ཅིག

རང་ལུགས་ལ། བྱེད་འབྲེལ་བྱ་ཚིག་ཅེས་པ་བྱ་བ་གང་ཞིག་བྱེད་པ་པོའམ་བྱེད་པའི་རྩོལ་བ་ལས་བྱུང་ན།དེའི་བྱེད་དང་ལས་གཉིས་ཐ་དད་ཡིན་མིན་ལ་མི་ལྟོས་པར་བྱེད་འབྲེལ་བྱ་ཚིག་ཡིན་དགོས།

དཔེར་ན། བཀྲ་ཤིས་གདན་ལ་བཞུགས་ལྟ་བུའི་བཞུགས་ནི་བྱེད་འབྲེལ་བྱ་ཚིག་ཡིན་མོད།

བྱ་བྱེད་ཐ་མི་དད་པ་ཡིན་པའོ། །

བྱེད་མེད་བྱ་ཚིག་ནི་བྱེད་པ་པོའམ་བྱེད་པ་གང་རུང་དང་མ་འབྲེལ་བརབྱ་བ་རང་ངོས་ནས་ངང་གིས་འགྲུབ་པར་སྣང་བའི་བྱ་ཚིག་མཐའ་དག་ལ་ཟེར་བས།བྱ་བ་འདི་རིགས་བྱ་བྱེད་ཐ་མི་དད་པར་གཏོགས་དགོས་སོ། །རྒྱུ་མཚན་དེས་ན།བྱེད་འབྲེལ་བྱ་ཚིག་དང་བྱ་བྱེད་ཐ་དད་པའི་བྱ་བ་གཉིས་དོན་གཅིག་མ་ཡིན་ནོ།།

གསུམ། དུས་གསུམ་བྱ་ཚིག་གི་གཟུགས་ཀྱི་གྲུབ་ལུགས་སྒོ་ནས་དབྱེ་བ།

གཟུགས་འགྱུར་བའི་བྱ་ཚིག   དེ་ལ།

མིང་གཞི་གཅིག་ལས་གཞན་དུ་མི་འགྱུར་བ། བཀླག   ཀློག  བཀླགས།  ཀློགས་ལྟ་བུའོ། །

མིང་གཞི་རང་སྡེ་ལས་གཞན་དུ་མི་འགྱུར་བ། གདོན།  འདོན།  བཏོནད།  ཐོནད་ལྟ་བུའོ།།

མིང་གཞི་སྡེ་པ་སྣ་ཚོགས་སུ་འགྱུར་བ།  གཞོམ།   འཇོམས།   བཅོམ།  ཆོམས་ལྟ་བུའོ། ། 

སྔོན་འཇུག་གཅིག་ཀྱང་རྗེས་འཇུག་འགྱུར་བ། དཀྲི།   དཀྲི།   དཀྲིས།   དཀྲིས་ལྟ་བུའོ།།

གཟུགས་མི་འགྱུར་བའི་བྱ་ཚིག   དཔེར་ན།  བསྟོད་དང་འཁོར་ལྟ་བུ་དུས་གསུམ་སྐུལ་ཚིག་དང་བཅས་པ་གཟུགས་གཅིག་ཉིད་དུ་ངེས་པའོ། །

བཞི། དུས་ཀྱི་ཁྱད་པར་གྱི་སྒོ་ནས་དབྱེ་བ།

འདས་པའི་བྱ་ཚིག  དཔེར་ན།  བཅད།  བཏབ་ལྟ་བུ།  བྱས་ཚིག་ཅེས་ཀྱང་བྱ།

ད་ལྟ་བའི་བྱ་ཚིག    དཔེར་ན།  གཅོད།   འདེབས་ལྟ་བུ།   བྱེད་ཚིག་ཅེས་ཀྱང་ཟེར།

མ་འོངས་པའི་བྱ་ཚིག  དཔེར་ན།   གཅད།   གདབ་ལྟ་བུ།   བྱ་ཚིག་ཅེས་ཀྱང་འབོད། 

འདི་དག་ནི་བྱས།བྱེད།བྱ།བྱོས་བཅས་བྱ་བྱེད་འདས་སྐུལ་བཞི་དང་འབྲེལ་བའི་བྱ་བའི་དུས་ཀྱི་ཁྱད་པར་ཡིན་ན།སྐུལ་ཚིག་ཀྱང་འདི་དག་གི་ཁོངས་སུ་འདུ་སྟེ།ཤིང་ཆོད་ཅིགས་བོན་ཐོབས་ཤིག་ལྟ་བུ་སྐུལ་ཚིག་དངོས་ནི་བྱ་ཚིག་མ་འོངས་པའི་ཁོངས་སུ་དང་།ཤིང་མ་གཅོད་ཅིགས་བོན་མ་འདེབས་ཤིག་ལྟ་བུ་དགག་སྒྲའི་སྐུལ་ཚིག་ནི་བྱ་ཚིག་ད་ལྟ་བའི་ཁོངས་སུ་གཏོགས་པ་ཡིན་ནོ། །

ལྔ། དུས་གསུམ་བྱ་ཚིག་ལ་སྔོན་འཇུག་གང་ཐོབ་ཀྱི་སྒོ་ནས་དབྱེ་བ།

སྤྱིར་བཏང་བའི་བྱ་ཚིག 

བྱ་ཚིག་མ་ནིང་བྱེད་པ་མོ་ཡིས་འཕུལ། །

པ་སྡེ་ལས་གཞན་འདས་ཚིག་ཕོ་ཡིས་འཕུལ། །

སྒྲ་གདངས་ཐ་དད་མགོ་ཅན་མེད་ངེས་ལ། །

བརྗོད་བདེར་བྱེད་ཚིག་མ་ནིང་འགྱུར་སྲིད་སྡེ། །

བྱ་ཚིག་འདི་རིགས་ལ་ཁྱད་ཆོས་དྲུག་དང་ལྡན་པ་ཡིན་ཅིང་།

སྔོན་འཇུག་ལྔ་ལས་ཤིན་ཏུ་མོ་མ་ཡིག་ཕུད་གཞན་སྔོན་འཇུག་ཕོ་མོ་མ་ནིང་བཞི་པོ་རྣམས་ཀྱི་ཐུན་མོང་གི་འཇུག་ཚུལ་སྡེ་ཚན་འདིར་བསྟན་པས་ན་སྤྱིར་བཏང་པ་ཞེས་བྱའོ། །

འདི་དག་གི་དཔེར་བརྗོད་དང་བཅས་པ་གཞུང་གཞན་ལ་བརྟེན་ནས་རྒྱས་པར་དཔྱོད་ཅིག

བྱེ་བྲག་པའི་བྱ་ཚིག

བྱ་ཚིག་ཕོ་ཡིས་འཕུལ་ལ་འདས་པའང་དེ། །

བྱེད་ཚིག་ཕལ་ཆེར་འཕུལ་མེད་ཅན་དུ་ངེས། །

སྐབས་འགར་འདས་སྐུལ་རྗེས་འཇུག་ས་རྐྱང་གིས། །

ཚིག་ནུས་སྟོན་ལ་མགོ་ཅན་མང་བའི་སྡེ། །

བྱ་ཚིག་འདི་རིགས་ལ་ཁྱད་ཆོས་ལྔ་དང་བཅས་པ་ཡིན་ཅིང་།

སྔོན་འཇུག་ལྔ་ལས་ཕོ་བ་ཡིག་གི་འཇུག་པ་བྱེ་བྲག་ཏུ་བསྟན་པའི་སྡེ་ཚན་ཡིན་པས་བྱེ་བྲག་པ་ཞེས་བྱའོ། །

ཐོར་བུ་བའི་བྱ་ཚིག

གང་ཞིག་དུས་གསུམ་ཚིག་ལ་འཕུལ་མེད་དང་། །

ཡོད་ཀྱང་འཕུལ་ཡིག་གཅིག་ལས་འགྱུར་མེད་དང་། །

འགྱུར་ཡང་སྤྱི་དང་བྱེ་བྲག་གཉིས་པོ་ལ། །

མི་མཐུན་པ་ནི་ཐོར་བུའི་སྡེ་ཚན་ཡིན། །

བྱ་ཚིག་འདི་རིགས་ལ་ཁྱད་ཆོས་གསུམ་དང་ལྡན་པ་ཡིན་ཅིང་།སྔོན་འཇུག་མེད་ཁྱབ་དང་།

ཡང་ན་ཡོད་ཁྱབ་ཡིན་པས་ཁྱབ་པ་མཉམ་པའམ།སྤྱི་བྱེ་གཉིས་དང་མི་མཐུན་པའི་ཐོར་བུ་སྣ་ཚོགས་ཀྱི་འཇུག་ཚུལ་སྟོན་པས་ན་ཐོར་བུ་བ་ཞེས་བཏགས་པ་ཡིན་ནོ། །དབྱེ་བ་གསུམ་པོ་འདི་དག་ནི་བྱ་ཚིག་གི་དབྱེ་བ་ཡིན་པ་ལས།

དུས་གསུམ་གྱི་དབྱེ་བ་མིན་པ་ཤེས་དགོས།

ལྔ་པ། བྱ་ཚིག་དང་འབྲེལ་བའི་བྱ་བྱེད་ལས་ཡུལ་བཞིའི་རྣམ་གཞག

གཅིག བྱ་བྱེད་ལས་ཡུལ་བཞིའི་ངོས་འཛིན།

   བྱ།  བྱ་བ་གང་ཡང་རུང་བ་ཞིག་ལ་གོ་དགོས་ཏེ།   དེ་ཡང་གཙོ་བོར་བྱ་བྱེད་ཐ་དད་པའི་བྱ་བ།  ཐ་མི་དད་པའི་བྱ་བ་ཡང་འདིར་འདུ།  དཔེར་ན།  ནགས་སུ་ཤིང་བཅད།  ཤར་ཕྱོགས་སུ་འགྲོ་ཞེས་པའི་བཅད་དང་འགྲོ་ཡི་བྱ་བ་ལྟ་བུས་མཚོན་ནོ། །

  བྱེད།  བྱ་བ་གང་ཞིག་བྱུང་བ་ལ་རྩོལ་བ་སྐྱེད་བྱེད་ཀྱི་བྱེད་པ་པོ་དང་།བྱེད་པ་གཉིས་ལ་ཟེར།བྱེད་པ་པོ།བྱ་བ་གང་ཞིག་བྱེད་མཁན་གྱི་སེམས་ལྡན་གྱི་གང་ཟག་ལ་ཟེར་ཏེ།སྐད་སྲོལ་ལྟར་ན།བྱེད་པ་པོ་ཞེས་བདག་སྒྲ་ངེས་པར་སྦྱར་ནས་མཚོན་པར་བྱེད་དགོས།དེ་ཡང་བྱ་ཚིག་ལ་སྦྱར་ན།བྱ་བ་བྱེད་པ་པོ།ཤིང་གཅོད་པ་པོ།དཔེ་ཆ་ཀློག་པ་པོ།མོ་ཊ་གཏོང་བ་པོ།གསར་འགྱུར་སྤེལ་བ་པོ་ལྟ་བུ་རིགས་འགྲེས་ཤེས། བྱེད་པ་པོ་ལ་ཡང་བྱེད་པ་པོ་སེམས་ལྡན་སྨྲ་ཤེས་དོན་གོ་ཅན་དང་།དེ་ལས་ལྡོག་པ་ཅན་གཉིས་ཡོད་དེ།སྔ་མ་ལ།བཀྲ་ཤིས་ཀྱིས་དཔེ་ཆ་བཀླགས།ལྟ་བུ་ཀློག་པ་པོའམ་ཀློག་མཁན་བཀྲ་ཤིས་དང་།ཕྱི་མ་ལ།གཡག་གིས་རྩྭ་བཟས།ལྟ་བུ་ཟ་བ་པོའམ་ཟ་མཁན་གཡག་ཡིན་པས་མཚོན་ནོ། །

 བྱེད་པ། བྱེད་པ་པོས་བྱ་བ་གང་ཞིག་བྱེད་པའི་གནས་སྐབས་སུ་སྤྱོད་པའི་ལག་ཆ་དང་།ཐབས་ཤེས་རྣམ་འགྱུར་དང་།ལུས་ཀྱི་དབང་པོ་ཡན་ལག་དང་།བྱ་བ་དང་འབྲེལ་བའི་སེམས་མེད་བེམ་པོའི་རིགས་ཅན་བཅས་མདོར་ན།བྱ་བ་གང་ཞིག་བྱེད་མཁན་མ་ཡིན་ཡང་།བྱ་བ་དེ་ཉིད་འགྲུབ་པ་ལ་རྩོལ་བ་སྐྱེད་བྱེད་ཀྱི་རིགས་སུ་གནས་པའི་བྱེད་པ་རྣམས་ལ་ཟེར།སྐད་སྲོལ་ལྟར་ན།བྱེད་པ་ལ་བྱེད་པ་པོ་ཞེས་བདག་སྒྲ་ཐོབ་ཁུངས་ནམ་ཡང་མེད་དེ་།དཔེར་ན།སྨྱུ་གུས་ཡི་གེ་བྲིས།སེར་བས་ལོ་ཏོག་འཇོམས།ལྟ་བུའི་སྨྱུ་གུ་དང་སེར་བ་ནི་འབྲི་བྱེད་དང་།འཇོམས་བྱེད་ཙམ་ཡིན་པ་ལས།འབྲི་བ་པོ་དང་འཇོམས་པ་པོ་མ་ཡིན།དེ་མ་ཡིན་པས་དེ་འདྲ་ལ་འབྲི་བྱེད་ཀྱི་སྨྱུ་གུ།འཇོམས་བྱེད་ཀྱི་སེར་བ་ཟེར་བ་ལས། འབྲི་བ་པོ་སྨྱུ་གུ།འཇོམས་པ་པོ་སེར་བ་སོགས་མི་ཟེར་རོ། །འདིས་མཚོན་ནས་རྒྱས་པར་རིགས་འགྲེ། པཱ་ཎི་བྱཱ་ཀ་ར་ཎ་ལས།རང་དབང་ཅན་ནི་བྱེད་པ་པོའོ། ། ཕུལ་དུ་བྱུང་བའི་སྒྲུབ་བྱེད་ནི་བྱེད་པའོ། ། ཞེས་དང་།པཎ་སི་ཆོས་ཀྱི་འབྱུང་གནས་ཀྱིས།བྱ་བ་བྱེད་མཁན་རང་དབང་ཅན་གྱི་སྐྱེས་བུ་ནི་བྱེད་པ་པོ་དང་།བྱ་བ་འགྲུབ་པ་པ་ལ་ཤིན་ཏུ་ཕན་འདོགས་པར་བྱེད་པའི་སྒྲུབ་བྱེད་ནི་བྱེད་པ་ཡིན་པའི་ཕྱིར།གོང་དུ་དཔེར་བརྗོད་པའི་ནག་པའི་བུ་ལྟ་བུ་བྱེད་པ་པོ་དང་། ༑ནག་པའི་བུས་བྱས་༑ འདི་སྐབས་ཀྱི་ཟོར་བ་ལྟ་བུ་བྱེད་པ་ཡིན།༑ ཟོར་བས་འབྲུ་རྔ་བར་བྱེད་༑ཞེས་གསུངས་སོ། །

རྒྱུ་མཚན་དེས། བྱེད་པ་པོ་ལ་བྱེད་པ་པོ་གཙོ་བོ་དང་བྱེད་པ་པོ་ཕལ་པ་ཞེས་པའམ།ཡང་ན་བྱེད་པ་ལ་བྱེད་པ་གཙོ་བོ་དང་བྱེད་པ་ཕལ་པ་ཞེས་སོགས་ཀྱི་དབྱེ་བ་མེད་དེ།བྱེད་པ་པོ་ནི་བྱ་བ་བྱེད་མཁན་གྱི་གང་ཟག་བདག་སྒྲ་སྦྱོར་བ་ལ་ལྟོས་དགོས་པ་དེ་དང་།བྱེད་པ་ནི་བྱེད་པ་རང་སྟེ།དེ་ལ་བྱེད་པ་པོ་དང་བྱེད་པ་ཕལ་ པའི་མིང་འདོགས་མི་རིགས་པ་ཡིན་ནོ། །

ལས།  འདིའི་ལས་ནི་བྱ་བ་གང་ཞིག་དངོས་སུ་འཇུག་སའི་གཞི་དེ་ལ་ཟེར།  དཔེར་ན། ཤིང་བཅད།  ཡི་གེ་བྲིས་ལྟ་བུའི་ཤིང་དང་ཡི་གེ་ནི་བཅད་དང་བྲིས་ཀྱི་ལས་ཡིན་པས་མཚོན་ནོ། །

དེ་ཡང་ཡིན་ཏེ།ཤིང་བཅད་པའི་བྱ་བ་བྱས་པས་ཤིང་ཉིད་ཆད་པར་འགྱུར་གྱི།གཅོད་པ་པོ་དང་།གཅོད་བྱེད་དང་།གཅོད་ཡུལ་ལ་སོགས་པ་མི་ཆོད་པར་དེ་དག་རང་སོ་ན་ཡོད་པས་བཅད་པའི་བྱ་བ་དངོས་སུ་འཇུག་ས་ནི་ཤིང་ཉིད་ཡིན་པར་ཤེས་ནུས་པ་དང་།དེ་བཞིན་ཡི་གེ་བྲིས་པའི་བྱ་བས་ཀྱང་ཡི་གེ་ཉིད་འབྲི་བའི་རྣམ་འགྱུར་དང་བསྟུན་ནས་གསལ་གསལ་ཐིང་ཐིང་དུ་འགྱུར་གྱི།འབྲི་མཁན་དང་།འབྲི་བྱེད་དང་།འབྲི་ཡུལ་ནག་པང་ལ་སོགས་པ་དེ་ག་ན་གནས་པའི་ཕྱིར་རོ། །སྐད་སྲོལ་ལྟར་ན།ལས་ལ་རྣམ་དབྱེའི་ཚིག་ཕྲད་ཐོབ་ཁུངས་གཏན་ནས་མེད་དེ།ཤིང་བཅད་ལ་ཤིང་ལ་བཅད་དང་།ཡི་གེ་བྲིས་ལ་ཡི་གེ་ལ་བྲིས་ནམ་ཡང་མི་ཟེར་བ་བཞིན་ནོ། །

སྤྱིར་ན། ལས་ཞེས་པ་འདི་ལ་གོ་བ་སྣ་ཚོགས་ཤིག་ཡོད་དེ། བྱ་བའི་ཡུལ་ལ་གོ་བ། ལས་སུ་བྱ་བའི་ལས་ཏེ། ལས་དང་བྱ་ཡུལ་དོན་གཅིག་སྟེ། ། དེ་ལྟའི་བྱ་བའི་ཡུལ་ཞིག་ལ། ། བྱ་བ་བྱས་པར་སྟོན་པ་ལ། ། གཉིས་པ་ལས་སུ་བྱ་བ་དང་། ། ཞེས་གསུངས་པ་ལྟར་རོ། །

བྱ་བ་དངོས་སུ་འཇུག་སའི་གཞི་ལ་གོ་བ།འདིར་བསྟན་བྱ་བྱེད་ལས་ཡུལ་བཞིའི་ལས་ཏེ། བསྒྲུབ་པར་བྱ་བའི་ཡུལ་ལ་ནི། ། ལས་ཀྱི་དངོས་པོ་ཞེས་པར་བརྗོད། ། ཅེས་པ་ལྟར་ལས་ཀྱི་དངོས་པོ་ལ་གོ་བ་དང་། བྱ་བ་ཉིད་ལ་གོ་བ།

བྱེད་ལས་དང་བྱ་ལས་ཞེས་པའི་ལས་ཏེ། བྱེད་པ་པོ་དང་འབྲེལ་བའི་ལས། །བྱེད་པའི་ལས་ཞེས་བྱ་བ་སྟེ། ། ཞེས་དང་།

བྱ་བའི་ཡུལ་དང་འབྲེལ་བའི་ལས། ། བྱ་བའི་ལས་ཞེས་འདོགས་པ་ ཡིན། །ཞེས་པ་ལྟར་བྱེད་པ་པོ་དང་འབྲེལ་བ་དང་།ལས་དང་འབྲེལ་བའི་བྱ་བ་དེ་ཉིད་ལ་གོ་དགོས།

དེ་བཞིན། ལས་ཚིག་དང་། ལས་ཀ ལས་རྒྱུ་སོགས་ཀྱི་ལས་ཀྱང་བྱ་བ་རང་ལ་གོ་བ་ཡིན་ནོ།།

ཡུལ།  བྱ་བ་གང་ཞིག་གང་དུ་བྱས་པའི་གནས་སམ། ས་ཕྱོགས་སམ། བྱ་བ་གང་ཞིག་གང་དུ་བྱུང་སའི་ཡུལ་ཕྱོགས་དེ་ལ་ཟེར།དཔེར་ན།ནགས་སུ་ཤིང་བཅད། ཤོག་ངོས་སུ་ཡི་གེ་བྲིས་ལྟ་བུའི་ནགས་དང་ཤོག་ངོས་ནི་བཅད་དང་བྲིས་པའི་བྱ་བ་གང་དུ་བྱས་པའི་ཡུལ་ཡིན་པས་མཚོན་ནོ། །

སྐད་སྲོལ་ལྟར་ན། བྱ་བའི་ཡུལ་ལ་རྣམ་དབྱེའི་ཚིག་ཕྲད་ངེས་པར་དུ་ཐོབ་དགོས་པ་ཡིན་ཏེ། དེ་ལ་སུམ་ཅུ་པར་རྣམ་དབྱེ་གཉིས་པ་ལས་སུ་བྱ་བར་གྲགས། ཐོབ་པ་ལྟར་མ་བྲིས་ན་བོད་སྐད་དུ་མི་རུང་ཞིང་། ལས་དང་ཡང་འཁྲུལ་གཞིར་འགྲོ་བ། དཔེར་ན། རྡོ་གཞུས། རྡོ་ལ་གཞུས། ཤིང་བཙུགས། ཤིང་ལ་བཙུགས། མོ་ཊར་བསྡད། མོ་ཊ་བསྡད་ལྟ་བུས་མཚོན་ནོ། །

རྒྱུ་མཚན་དེས། སྐབས་འདིའི་ལས་དང་ཡུལ་གཉིས་ངོ་བོ་ཐ་དད་དུ་ཡོད་ཅིང་། བོད་སྐད་ཀྱི་སྐད་སྲོལ་ལ་ཡང་དེ་གཉིས་ཁག་ཁག་སོ་སོ་རུ་གྲུབ་པས།ལས་དང་ཡུལ་གཉིས་ཀྱི་ཁྱད་པར་འབྱེད་ཤེས་པ་དགོས།སྐབས་འདིར།སྔོན་གྱི་འགྲེལ་བྱེད་ཕལ་མོ་ཆེས་བྱ་བྱེད་ལས་གསུམ་ཞེས་གསུམ་ཚན་གྱིས་འགྲེལ་བ་མང་ཞིང་།འདིའི་བྱེད་ལ་ཡང་བྱེད་པ་པོ་གཙོ་བོ་དང་ཕལ་པར་འབྱེད་པ་དང་།ལས་ཞེས་པ་བྱ་བའི་ཡུལ་དང་ལས་ཀྱི་དངོས་པོ་གཉིས་ཀར་གོ་རུང་དུ་བསྟན་པ་སོགས་གང་ལྟར་ཕན་ཚུན་བསྲེས་འདྲེས་ཀྱིས་བཤད་པ་སོགས་ལས་དང་པོ་བ་དག་གིས་བྱ་ཚིག་གི་རྣམ་གཞག་བདེ་བླག་ཏུ་རྟོགས་པ་ལ་གོ་བ་རྙེད་དཀའ་བར་སྣང་།

འདིར་ནི་སྐད་ཀྱི་དོན་དངོས་ཁྱད་ཆོས་ལ་གཞིགས་ནས་བྱ་བྱེད་ལས་ཡུལ་བཞིའི་དབྱེ་བ་བཏོད་པ་ཡིན་ལ། འདི་དག་ཀྱང་དཔེ་ཡི་སྟེང་ནས་ངོས་འཛིན་ན་བདེ་བླག་ཏུ་ཤེས་པར་ནུས་ཏེ། དཔེར་ན། ཤིང་མཁན་གྱིས་སྟ་རེས་ལྕང་ར་རུ་ཤིང་བཅད། ཅེས་པ་ལ་མཚོན་ན། བྱ་བྱེད་ལས་ཡུལ་བཞི་པོ་ཆ་ཚང་བར་བྱུང་བ་དང་། དེ་བཞིན། ཤིང་མཁན་གྱིས་ལྕང་ར་རུ་ཤིང་བཅད། ཤིང་མཁན་གྱིས་ཤིང་བཅད། ཤིང་མཁན་གྱིས་བཅད། སྟ་རེས་ལྕང་ར་རུ་ཤིང་བཅད། སྟ་རེས་ཤིང་བཅད། ལྕང་ར་རུ་ཤིང་བཅད། ལྕང་ར་རུ་བཅད། ཤིང་བཅད། ལྟ་བུ་བོད་སྐད་རྣལ་མ་ཡིན་པ་གཞིར་བྱས། དེ་དང་དེའི་བྱེད་ལས་ཡུལ་བཞི་པོ་དངོས་སུ་གསལ་མིན་ཅི་རིགས་ཀྱང་དེ་དང་དེ་དག་གི་ངོས་འཛིན་བདེ་བླག་ཏུ་རྟོགས་པར་ནུས་པ་ཡིན་ནོ། །

གཉིས། བྱ་བྱེད་ལས་ཡུལ་གྱི་རྟེན་འབྲེལ་རྣམ་གཞག 

 དེ་ཡང་བྱ་བ་གང་ཞིག་ཡོད་པ་ལ་བརྟེན་ནས་དེ་ལ་རྩོལ་བའི་ཉེར་ལེན་སྐྱེད་བྱེད་ཀྱི་བྱེད་པ་པོའམ་བྱེད་པ་ཞིག་ཡོད་དགོས་ལ། བྱེད་པ་པོའམ་བྱེད་པ་ཞེས་བཏགས་པ་ཙམ་གྱིས་དེ་ལ་བྱ་བ་ཅི་རིགས་ཤིག་ཀྱང་ལྡན་དགོས་པ་རེད།དེ་བཞིན། བྱ་བ་གང་ཞིག་གཞི་གྲུབ་ན། བྱ་བ་དེའི་ཡུལ་དང་། ལས་ཀྱང་ལྟོས་གྲུབ་ཀྱིས་ཚང་དགོས་ཤིང་། བྱ་བའི་ཡུལ་དང་ལས་གཉིས་ཚང་ན། དེ་ལ་བྱ་བ་ཤིག་ཀྱང་ལྟོས་གྲུབ་ཀྱིས་ཡོད་དགོས་པར་འགྱུར་རོ། །

རྒྱུ་མཚན་དེས།བྱ་བྱེད་ལས་ཡུལ་བཞི་པོ་རྣམས་ནི་འདི་ལ་བརྟེན་ནས་འདི་འབྱུང་བའི་ཟབ་མོ་རྟེན་འབྱུང་ལྟོས་གྲུབ་ཀྱི་རིག་པ་དང་འབྲེལ་བ་ཡིན་ནོ། །

དེ་ཡང་། རྩ་ཤེས་ལས།བྱེད་པོ་ལས་ལ་ལྟོས་བྱས་ཤིང་། །ལས་ཀྱང་བྱེད་པ་པོ་ཉིད་ལ། །ལྟོས་ནས་བྱུང་བ་མ་གཏོགས་པའི། །གྲུབ་པའི་རྒྱུ་ནི་མ་མཐོང་ངོ་། ། ཞེས་དང་།དྲང་ངེས་དཀའ་འགྲེལ་ཆེན་མོ་ལས།བྱ་བ་ཞེས་པ་གཞན་གཉིས་ལ་ལྟོས་ནས་བཞག་པ་ཙམ་མ་གཏོགས་དེ་ལས་དོན་གཞན་དུ་འགྱུར་བ་མེད་པ་འདི་བྱ་བྱེད་ལས་གསུམ་དུ་ཕྱེ་བའི་སྐབས་ཐམས་ཅད་ལ་འདྲ།ཞེས་དང་།རྟེན་འབྲེལ་སྙིང་པོ་ལས།ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། ། དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། ། རྒྱུ་ལ་འགོག་པ་གང་ཡིན་པ། ། དགེ་སྦྱོང་ཆེན་པོས་དེ་སྐད་གསུངས། ། ཞེས་སོགས་ལྟར་རོ། །

དྲུག་པ། བྱ་ཚིག་དང་འབྲེལ་བའི་དངོས་པོ་བདག་གཞན་དང་དེ་དག་གི་མཚོན་ཐབས།

གཅིག དངོས་པོ་བདག་གཞན་གྱི་ངོས་འཛིན།   

བྱ་བ་གང་ཞིག་ཡིན་ཀྱང་དེ་ལ། བྱ་བ་དེ་ཉིད་གང་ལ་བརྟེན་ནས་འབྱུང་བའི་རྒྱུ་དང་། གང་དུ་བྱུང་སའི་གཞིའམ་གནས་དང་། ག་དུས་བྱུང་བའི་བྱ་བའི་དུས་ཀྱི་ཁྱད་པར་བཅས་འབྲེལ་ཆོས་རྣམ་པ་གསུམ་ཡོད་པ་འདི་དག་ལྟོས་གྲུབ་ཀྱིས་ཚང་དགོས། འབྲེལ་ཆོས་གསུམ་པོ་དེ་དག་ལས། དང་པོ་གཉིས་ནི་དངོས་པོ་བདག་གཞན་གྱི་རིག་པ་དང་འབྲེལ་ལ། ཕྱི་མ་ནི་དུས་གསུམ་སྐུལ་ཚིག་གི་རྣམ་གཞག་དང་འབྲེལ། དངོས་པོ་བདག་གཞན་དང་། དུས་གསུམ་སྐུལ་ཚིག་གི་རྣམ་གཞག་དག་ནི་བོད་སྐད་བྱ་ཚིག་གི་གནད་འགག་ཡིན་པས་བྱ་ཚིག་ཡག་པོ་ཤེས་པ་ལ་འདི་དག་གི་ངོས་འཛིན་སྔོན་དུ་འགྲོ་དགོས།

བྱ་བའི་རྒྱུ་ལ་རྣམ་པ་སྣ་ཚོགས་ཤིག་ཡོད་ཀྱང་གཙོ་བོའི་རྒྱུ་ནི་བྱེད་རྒྱུ་སྟེ། བྱ་བ་དེ་ཉིད་འབྱུང་བ་ལ་ཕྱི་ཕྱོགས་ནས་རྩོལ་བ་སྐྱེད་པར་བྱེད་མཁན་གྱི་བྱེད་པ་པོའམ་བྱེད་པ་གང་རུང་ཡིན། དེ་གཉིས་ལ་བྱེད་ཅེས་ཟེར།

བྱ་བ་གང་དུ་བྱུང་སའི་གཞིའམ་གནས་དེ་ལ། རྣམ་དབྱེ་སྦྱར་ནས་མཚོན་དགོས་པའི་བྱ་བའི་ཡུལ་གཅིག་དང་། རྣམ་དབྱེ་སྦྱོར་མི་རུང་བར་གོ་ནུས་པའི་བྱ་བའི་ཐད་ཀའི་འཇུག་གཞི་ལས་ཀྱི་དངོས་པོ་སྟེ་རིགས་གཉིས་ཡོད། དེ་ལས་སྔ་མ་ནི་ལས་སུ་བྱ་བ་སྟེ། གཙོ་བོ་ཚིག་ཕྲད་ཀྱི་ནུས་པས་སྟོན་པས་སུམ་ཅུ་པའི་བརྗོད་བྱ་དང་འབྲེལ་ཆེ།

ཕྱི་མ་བྱ་བ་དངོས་སུ་གཞི་གང་གི་སྟེང་དུ་བྱུང་བའི་ལས་ཀྱི་དངོས་པོའམ་ལས་ཞེས་པ་འདི་གཙོ་བོར་བྱ་ཚིག་དང་འབྲེལ་བའི་འབྲེལ་ཆོས་གལ་ཆེན་ཞིག་ཡིན་པས་རྟགས་འཇུག་གི་བརྗོད་བྱ་གནད་འགག་ཅན་ཞིག་ཡིན།

 འདིར་བསྟན་པའི་དངོས་པོ་བདག་དང་གཞན་ཞེས་པའང་དོན་དུ་བྱ་བྱེད་ཐ་དད་པའི་བྱ་བའི་དབང་དུ་བྱས་ནས།བྱ་བ་གང་དེའི་བྱེད་རྒྱུ་དང་། བྱ་བ་དེའི་འཇུག་གཞི་གཉིས་ལ་སོ་སོར་ཕར་བཏགས་པའི་ཐ་སྙད་ཅིག་ཡིན་ཏེ། བྲ་ཏི་དགེ་བཤེས་ཀྱིས། བྱེད་པ་པོ་ནི་བདག་ཡིན་ཏེ། ། བྱ་བའི་དངོས་པོ་གཞན་ཡིན་ནོ། །ཞེས་གསུངས་པ་ལྟར། གཞི་བྱ་བ་ལ་ལྟོས་ནས། བྱ་བ་གང་དེའི་བྱེད་རྒྱུ་དེ་ལ་བདག་གི་དངོས་པོ་དང་། བྱ་བའི་འཇུག་གཞི་དེ་ལ་གཞན་གྱི་དངོས་པོ་ཞེས་ཟེར་བ་ཡིན་ནོ། །

དངོས་པོ་བདག བདག་དངོས། བྱེད་པ་པོའམ་བྱེད་པ་སྟེ། བྱེད། བདག་གི་ཁོངས་སུ་བསྡུ་བྱ། བྱེད་ལས།

 མདོར་ན། བྱ་བ་གང་ཞིག་འབྱུང་བ་ལ་ཕྱི་ཕྱོགས་ནས་རྩོལ་བ་སྐྱེད་བྱེད་ཀྱི་བྱ་བའི་བྱེད་རྒྱུའམ་བྱ་བ་གང་ལ་ཆེད་གཏད་ཀྱིས་རྩོལ་ཤུགས་འདོན་མཁན་གྱི་བྱེད་པ་པོའམ་བྱེད་པ་སྟེ་བྱེད་དང་། དེ་འདྲའི་བྱེད་པ་པོའམ་བྱེད་པ་དང་འབྲེལ་བའི་བྱ་བ་སྟེ་བྱེད་ལས་བཅས་དེ་གཉིས་ལ་བདག་གི་དངོས་པོ་ཞེས་བྱ། དཔེར་ན། ཤིང་མཁན་གྱིས་སྟ་རེས་ཤིང་བཅད་ཅེས་པར་མཚོན་ན། ཤིང་མཁན་ནི་བྱེད་པ་པོ། སྟ་རེ་ནི་བྱེད་པ་སྟེ།  བཅད་ཅེས་པའི་བྱ་བ་ལ་ལྟོས་ན། དེ་དག་རྗོད་བྱེད་ཀྱི་བྱ་ཚིག་ལ་གཅོད་པ་པོ་དང་གཅོད་བྱེད་ཟེར་བས་དེ་དག་བདག་དངོས་ཡིན། ཤིང་མཁན་གྱི་ལུས་ཀྱི་གཡོ་འགུལ་དང་དེ་ལ་བསྟུན་པའི་སྟ་རེ་ཡར་འདེགས་མར་འཇོག་གི་བྱ་བ་ནི་བྱེད་ལས་ཏེ། དེ་རྗོད་བྱེད་ཀྱི་བྱ་ཚིག་ལ་གཅོད་པར་བྱེད་ཅེས་ཟེར་བ། དེ་ཉིད་བྱེད་པ་པོའམ་བྱེད་པ་དང་འབྲེལ་བའི་བྱ་བ་ཡིན་པས་བདག་གི་ཁོངས་སུ་འདུ་བ་ཡིན།

 དེ་བཞིན། བཀྲ་ཤིས་ཀྱིས་འབད་པ་ཆེན་པོས་རྟགས་འཇུག་བསླབ། ལྟ་བུ་ལ་མཚོན་ན། བཀྲ་ཤིས་ནི་བྱེད་པ་པོ་དང་། འབད་པ་ཆེན་པོ་ནི་བྱེད་པ་དང་། རྟགས་འཇུག་བསླབ་པའི་གནས་སྐབས་ཀྱི་ལུས་ངག་ཡིད་ཀྱི་འགུལ་བསྐྱོད་ནི་བྱེད་ལས་ཡིན་པ་བཅས། དེ་དག་མཚོན་བྱེད་ཀྱི་རྗོད་བྱེད་བྱ་ཚིག་ལ་རིམ་པ་བཞིན། སློབ་པ་པོ་དང་། སློབ་བྱེད། སློབ་པར་བྱེད་ཅེས་བདག་དོན་གསལ་བྱེད་ཀྱི་སྒྲ་སྦྱོར་དགོས་ཤིང་། དེ་དག་ལ་དངོས་པོ་བདག་ཅེས་བྱ་བ་ཡིན་ནོ། །

རིགས་པ་འདིས། ལས་དོན་སྒྲུབ་པ་བོ། སྒྲུབ་བྱེད། སྒྲུབ་པར་བྱེད། མན་ངག་སྟོན་པ་པོ། སྟོན་བྱེད། སྟོན་པར་བྱེད། རྔ་སོགས་རྡུང་བ་པོ། རྡུང་བྱེད། རྡུང་བར་བྱེད། ས་བོན་སོགས་འདེབས་པ་པོ། འདེབས་བྱེད། འདེབས་པར་བྱེད། ཅེས་སོགས་བདག་ཚིག་ཀུན་ལ་རྒྱ་ཆེར་རིགས་འགྲེ །

དངོས་པོ་གཞན། གཞན་དངོས། ལས། གཞན་གྱི་ཁོངས་སུ་བསྡུ་བྱ། བྱ་ལས།

མདོར་ན། བྱ་བ་གང་ཞིག་ཐད་ཀར་གཞི་གང་གི་སྟེང་དུ་བྱུང་བའི་ལས་ཏེ། མིང་གཞན་དུ་བསྒྲུབ་པར་བྱ་བའི་ཡུལ་ལམ། ལས་ཀྱི་དངོས་པོའམ། བྱ་བའི་དངོས་པོ་ཞེས་བྱ་བ་དེ་ཉིད་དང་། དེ་འདྲའི་ལས་དེ་དང་འབྲེལ་བའི་བྱ་བ་སྟེ་བྱ་ལས་བཅས་དེ་གཉིས་ལ་གཞན་གྱི་དངོས་པོ་ཞེས་བྱ་བ་ཡིན་ནོ། །

དཔེར་ན།ཤིང་མཁན་གྱིས་སྟ་རེས་ཤིང་བཅད་ཅེས་པར་མཚོན་ན། ཤིང་མཁན་དང་སྟ་རེ་ནི་བྱེད་དེ་བདག་ཡིན་པ་གོང་དུ་སོང་། ཤིང་ནི་བཅད་པའི་བྱ་བ་དངོས་སུ་འཇུག་ས་ཡིན་པས་ལས་ཡིན། ལས་དེ་ཉིད་རྗོད་བྱེད་ཀྱི་བྱ་ཚིག་ལ་གཅད་པར་བྱ་བའམ་བཅད་བྱ་ཟེར་བས་དེ་ཉིད་གཞན་དངོས་ཡིན། ཤིང་ལ་རྨ་ཆགས་ཤིང་དུམ་བུ་དུམ་བུར་ཆད་འགྲོ་བའི་བྱ་བ་ནི་བྱ་ལས་ཏེ།  དེ་རྗོད་བྱེད་ཀྱི་བྱ་ཚིག་ལ་གཅད་པར་བྱ་ཞེས་ཟེར་བ།འདི་ཉིད་བྱ་བའི་འཇུག་གཞི་ལས་དང་འབྲེལ་བའི་བྱ་བ་ཡིན་པས་གཞན་གྱི་ཁོངས་སུ་འདུ་བ་ཡིན།   

དེ་བཞིན། བཀྲ་ཤིས་ཀྱིས་འབད་པ་ཆེན་པོས་རྟགས་འཇུག་བསླབ། ལྟ་བུར། རྟགས་འཇུག་ནི་ལས་དང་། རྟགས་འཇུག་བསླབ་པའི་གནས་སྐབས་སུ་རྟགས་འཇུག་གི་གཞུང་དོན་འདི་དང་འདི་ཞེས་གསལ་ཞིང་ཤེས་པའི་བྱ་བ་ནི་བྱ་ལས་ཡིན་པ་བཅས། དེ་དག་མཚོན་བྱེད་ཀྱི་རྗོད་བྱེད་བྱ་ཚིག་ལ། བསླབ་པར་བྱ་བ། བསླབ་བྱ། བསླབ་པར་བྱ་ཞེས་གཞན་དོན་གསལ་བྱེད་ཀྱི་སྒྲ་སྦྱོར་དགོས་ཤིང་། དེ་འདྲ་ལ་དངོས་པོ་གཞན་ཞེས་བྱ་བ་ཡིན་ནོ། །

རིགས་པ་འདིས། ལས་དོན་བསྒྲུབ་པར་བྱ་བ། བསྒྲུབ་བྱ། བསྒྲུབ་པར་བྱ། མན་ངག་བསྟན་པར་བྱ་བ། བསྟན་བྱ། བསྟན་པར་བྱ། རྔ་སོགས་བརྡུང་བར་བྱ་བ། བརྡུང་བྱ། བརྡུང་བར་བྱ། ས་བོན་སོགས་གདབ་པར་བྱ་བ། གདབ་བྱ། གདབ་པར་བྱ་ཞེས་སོགས་གཞན་ཚིག་ཀུན་ལ་རྒྱ་ཆེར་རིགས་འགྲེ །

གཉིས། དངོས་པོ་བདག་གཞན་གྱི་ཁྱབ་ཁོངས།  

 དངོས་པོ་བདག་དང་གཞན་ཞེས་པ་ནི་གོང་དུ་སོང་བ་དེ་ལྟར་ངོས་འཛིན་སླ་བ་ཞིག་ཡིན་མོད་ཀྱང་།མང་མང་ཞིག་གིས།

༡༽བྱ་བ་བྱེད་སའི་ཡུལ་དང་། བྱ་བ་བྱེད་པའི་དུས་གཉིས་ལ་བདག་གཞན་གྱི་དབྱེ་བ་ཕྱེ་ནས་བྱ་ཡུལ་གཞན་ཁོངས་སུ་བསྡུ་བར་བཤད་པ་དང་། ཡང་ན་བྱ་བའི་ཡུལ་ལ་བདག་གཞན་གཉིས་ཀའི་ཆ་ཡོད་པར་སྨྲ་བ་དང་།

༢༽ ཡང་།ད་ལྟ་བ་དང་། འདས་པ་དང་། མ་འོངས་པ་བཅས་དུས་གསུམ་པོ་དག་ཀྱང་བདག་གཞན་གང་རུང་གིས་བསྡུ་དགོས་པར་བསམ་ནས་ད་ལྟ་བ་ནི་དངོས་པོ་བདག་དང་། འདས་མ་འོངས་གཉིས་ནི་གཞན་ཡིན་ཟེར་བ་དང་།

༣༽ ཡང་དེ་ལས་ལྡོག་སྟེ། དངོས་པོ་བདག་གཞན་གཉིས་དུས་གསུམ་དུ་ཕར་བསྡུས་ནས་བདག་ནི་ད་ལྟ་བ་དང་། གཞན་ནི་མ་འོངས་པ་ཡིན་ཟེར་བ་དང་།

༤༽ ཡང་།ཤིང་བཅད།དཔེ་ཆ་བཀླག་ལྟ་བུའི་དཔེར་བརྗོད་ཀྱི་བྱ་བ་ཡོད་ཚད་བདག་གཞན་ལས་གཞན་དུ་འདོད་པ་སོགས་དངོས་པོ་བདག་གཞན་དང་།དུས་གསུམ་གྱི་དབྱེ་སྒོ་མང་དུ་འབྱེད་པར་སྣང་མོད། རྙོག་འཛིངས་ཀྱི་རྒྱུ་ལས་དགོས་པ་ཆེར་མེད་ལ། དེ་དག་ནི་རྟགས་ཀྱི་འཇུག་པའི་གཞུང་གི་དགོངས་པ་ཡང་མིན་པར་འདོད་དོ། །

གསུམ། བདག་གཞན་གྱི་དབྱེ་བ་མཛད་པའི་དགོས་པ། 

  པཎ་སིས། གཞུང་འདིར་བྱེད་པ་པོ་དང་བྱ་བའི་ཡུལ་གྱི་སྒྲ་རྣམས་བསྡུ་བའི་ཕྱིར་བདག་གཞན་གྱི་དབྱེ་བ་ཟུར་དུ་མཛད་པ་ཡིན་ཞིང་། དེའི་ཞར་ལས་བདག་གཞན་དང་འབྲེལ་བའི་བྱ་བྱེད་ཀྱི་ཚིག་ཕན་ཚུན་ཤེད་མཚུངས་པ་རྣམས་ཀྱང་བསྡུས་པ་ཡིན་ནོ། །ཞེས་གསུངས། དེ་ལྟར་ན།

དགོས་པ་ལ་གཉིས་ཏེ། དངོས་ཀྱི་དགོས་པ་ནི།གཞི་བྱ་བ་ཞིག་ལ་ལྟོས་ནས་བྱ་བ་དེའི་བྱེད་པ་པོ་དང་བྱེད་པ་དང་། ལས་ཀྱི་སྒྲ་རྣམས་ཕན་ཚུན་མ་བསྲེས་པར་འདི་འདྲ་བདག་དང་དེ་འདྲ་གཞན་ཡིན་ཞེས་སོ་སོར་བསྡུ་བདེ་བ་དེ་ཡིན།

ཞར་གྱི་དགོས་པ་ནི། དངོས་ཀྱི་དགོས་པ་དང་འབྲེལ་བ་སྟེ། བདག་དང་གཞན་གྱི་ཁོངས་སུ་གཏོགས་པའི་བྱེད་ལས་ཀྱི་སྒྲ་སྣ་ཚོགས་པ་དག་དང་། བྱ་ལས་ཀྱི་སྒྲ་སྣ་ཚོགས་པ་རྣམས་བདག་དང་གཞན་གྱི་དོན་སྟོན་པར་ཤེད་མཚུངས་པས་དེ་འདྲའི་བྱ་བྱེད་ཀྱི་ཚིག་རྣམས་ཕན་ཚུན་མ་འདྲེས་པར་བདག་གཞན་སོ་སོར་བསྡུ་བའི་ཆེད་དུ་ཡིན་ནོ། །

བྱ་བྱེད་ཀྱི་སྒྲ་ཕན་ཚུན་ཤེད་མཚུངས་པ་ཞེས་པ་ནི།བདག་གཞན་སོ་སོར་བསྡུ་བའི་བྱ་བའི་སྒྲ་དང་བྱེད་པའི་སྒྲ་སྟེ། བདག་ཁོངས་སུ་གཏོགས་པའི་བྱེད་པའི་སྒྲ། དཔེར་ན། ཀློག་པར་བྱེད། ཀློག་པར་འགྱུར། ཀློག་བཞིན་པ། ཀློག་པར་བྱས་ལྟ་བུ་དག་དང་། གཞན་ཁོངས་སུ་གཏོགས་པའི་བྱ་བའི་སྒྲ། དཔེར་ན། བཀླག་པར་བྱ། བཀླག་རྒྱུ། བཀླག་བཞིན་པ། བཀླག་པར་བྱས་ལྟ་བུ་རྣམས་བྱ་བྱེད་ཀྱི་དོན་སྟོན་ན་སྟོན་མཉམ་པར་སྟོབས་མཚུངས་པས་དེ་སྐད་ཅེས་བྱའོ། །

དེ་ཡང་བདག་ཁོངས་ཀྱི་སྒྲ་རྣམས་ཀྱིས་བྱེད་པ་དང་འབྲེལ་བའི་བྱ་བའི་རྣམ་འགྱུར་སྟོན་པ་ཡིན་ལ། དེ་དང་མཚུངས་པར་གཞན་ཁོངས་ཀྱི་སྒྲ་རྣམས་ཀྱིས་ཀྱང་ལས་དང་འབྲེལ་བའི་བྱ་བའི་རྣམ་འགྱུར་སྟོན་པ་སྟེ། དེ་གཉིས་གཅིག་གིས་བྱེད་དང་འབྲེལ་བའི་བྱ་བ་སྟོན་པ་དང་། ཅིག་ཤོས་ཀྱིས་ལས་དང་འབྲེལ་བའི་བྱ་བ་སྟོན་པ་མཉམ་མཉམ་ཡིན་པས་དེ་དག་ཕན་ཚུན་ལྟོས་གྲུབ་ཀྱིས་བྱ་བྱེད་ཀྱི་ཚིག་ཕན་ཚུན་ཤེད་མཚུངས་པར་བཞག་པ་ཡིན་ནོ། །

བཞི། བྱེད་ལས་བྱ་ལས་ཀྱི་ངོས་འཛིན་དང་དེ་འབྲེལ་གྱི་གནད་དོན།

དེ་ཡང་བྱ་བྱེད་ལས་གསུམ་དུ་ཕྱེ་བའི་བྱ་བ་དེའི་གྲུབ་ཆ་ལ་བྱ་ལས་དང་བྱེད་ལས་ཞེས་བྱ་བ་རྣམ་པ་མི་འདྲ་བ་གཉིས་ཡོད་ཅིང་། བྱེད་ལས་ནི་བྱེད་པ་པོ་དང་འབྲེལ་བའི་དབང་གིས་བདག་ཁོངས་སུ་གཏོགས་པ་དང་། བྱ་ལས་ནི་ལས་རང་ངོས་དང་འབྲེལ་བས་གཞན་ཁོངས་སུ་བསྡུ་བ་རེད། བྱེད་ལས་དང་བྱ་ལས་ཀྱི་རྣམ་གཞག་ནི་རྟགས་འཇུག་གི་སྙིང་པོ་དང་།བོད་སྐད་བྱ་ཚིག་གི་གཞུང་ལུགས་དང་ལག་ལེན་དང་འབྲེལ་བའི་གནད་འགག་གལ་ཆེན་ཞིག་ཡིན།

བྱེད་ལས།  བྱེད་པ་པོའམ་བྱེད་པ་དང་འབྲེལ་བའི་བྱ་བ་སྟེ། བྲ་ཏི་དགེ་བཤེས་ཀྱིས། བྱེད་པ་པོ་དང་འབྲེལ་བའི་ལས། །བྱེད་པའི་ལས་ཞེས་བྱ་བ་སྟེ། ། ཞེས་པ་ལྟར་གོ་བདེ།

བྱེད་ལས་ནི་བདག་ཁོངས་སུ་གཏོགས་པས་བྱ་ཚིག་ད་ལྟ་བའི་གཟུགས་ཀྱིས་མཚོན་དགོས་པ་གཤམ་ནས་འབྱུང་བ་ལྟར་ཏེ། གཅོད་པར་བྱེད། ཀློག་པར་བྱེད། འདེབས་པར་བྱེད། འབྲི་བར་བྱེད་ལྟ་བུ་རིགས་འགྲེ།

བྱེད་ལས་ཀྱི་དུས་གསུམ། བྱེད་ལས་ཀྱང་བྱ་བའི་རིགས་ཤིག་ཡིན་པའི་རྒྱུ་མཚན་གྱིས།དེ་ལ་དུས་ཀྱི་ཁྱད་པར་གསུམ་རེ་འབྱུང་སྟེ། བྱེད་ལས་ད་ལྟ་བ་དཔེར་ན། གཅོད་བཞིན་པ། བྱེད་ལས་མ་འོངས་པ་དཔེར་ན། གཅོད་པར་འགྱུར།

བྱེད་ལས་འདས་པ་དཔེར་ན། གཅོད་པར་བྱས། ལྟ་བུའོ། ། རིག་པ་འདི་བྱ་བྱེད་ཐ་དད་པའི་བྱ་བ་ཀུན་པོ་ལ་སྦྱོར་རུང་བས་ལག་ལེན་དཔེར་བརྗོད་ཀྱི་སྟེང་ནས་སྦྱོང་བརྡར་རྒྱས་པར་དགོས།

བྱ་ལས། ལས་དང་འབྲེལ་བའི་བྱ་བ་སྟེ། བྲ་ཏི་དགེ་བཤེས་ཀྱིས། བྱ་བའི་ཡུལ་དང་འབྲེལ་བའི་ལས། ། བྱ་བའི་ལས་ཞེས་འདོགས་པ་སྟེ། ། ཞེས་པ་ལྟར་གོ་བདེ།

བྱ་ལས་ནི་དངོས་པོ་གཞན་ཁོངས་སུ་བསྡུ་བས་བྱ་ཚིག་མ་འོངས་པའི་གཟུགས་ཀྱིས་མཚོན་དགོས་པ་གཤམ་ནས་འབྱུང་བ་ལྟར་ཏེ། གཅད་པར་བྱ། བཀླག་པར་བྱ། གདབ་པར་བྱ། བྲི་བར་བྱ་ལྟ་བུ་རྒྱ་ཆེར་རིགས་འགྲེ།

བྱ་ལས་ཀྱི་དུས་གསུམ། བྱ་ལས་ལ་ཡང་བྱེད་ལས་དང་འདྲ་བར་དུས་ཀྱི་ཁྱད་པར་གསུམ་རེ་ཡོད་དེ།

བྱ་ལས་ད་ལྟ་བ་དཔེར་ན། གཅད་བཞིན་པ། བྱ་ལས་མ་འོངས་པ་དཔེར་ན། གཅད་པར་འགྱུར། བྱ་ལས་འདས་པ་དཔེར་ན། གཅད་པར་བྱས། ལྟ་བུའོ། ། རིག་པ་འདི་ཡང་བྱ་བྱེད་ཐ་དད་པའི་བྱ་བ་ཀུན་པོ་ལ་སྦྱོར་རུང་བས་ལག་ལེན་དཔེར་བརྗོད་ཀྱི་སྟེང་ནས་སྦྱོང་བརྡར་རྒྱས་པར་དགོས་སོ། །དེ་ལྟར་བྱ་ལས་དང་བྱེད་ལས་ཀྱི་གཞུང་ལུགས་དང་ལག་ལེན་ནི་བརྡ་སྤྲོད་རྟགས་ཀྱི་འཇུག་པའི་སྙིང་པོ་ཡིན་ལ། བོད་སྐད་བྱ་ཚིག་གི་ལག་ལེན་གྱི་གནད་འགག་གལ་ཆེན་ཞིག་ཀྱང་ཡིན་པ་ངེས་པར་ཤེས་དགོས། མང་པོ་ཞིག་གིས། དུས་གསུམ་ཁ་རུ་འཁྱེར་ཞིང་། དུས་གསུམ་ཙམ་པོ་བ་ཞིག་ལ་འཐམས་ནས་བོད་སྐད་བྱ་ཚིག་གི་རྣམ་གཞག་ཤེས་འདོད་བྱེད་མོད། རྟགས་ཀྱི་འཇུག་པའི་གནད་འགག་མ་མཁྱེན་པ་ཁོ་ནའོ། །

དེས་ན། བྱ་ཚིག་ད་ལྟ་བ་ཡིན་ན། བྱ་བ་ད་ལྟ་བ་སྟོན་པའི་ངེས་པ་མེད་ལ། འདས་པ་དང་མ་འོངས་པའང་དེ་བཞིན་ཡིན་དགོས། གོང་བཀོད་དཔེ་དེ་འདྲ་བ་སྔོན་གྱི་ཚད་ལྡན་ཀྱི་མཁས་པའི་གསུང་ན་མང་བར་མཇལ་དུ་ཡོད་ཅིང་། གཞན་ཡང་།བྱེད་རྒྱུ་དང་བྱེད་རྒྱུ་དང་། བྱ་དགོས་དང་བྱེད་དགོས་དང་། ལན་གདབ་དགོས་དང་འདེབས་དགོས་དང་། གདབ་རྒྱུ་དང་འདེབས་རྒྱུ་དང་། སྟོང་ཆ་བསྐང་རྒྱུ་དང་སྐོང་རྒྱུ་དང་། བསྐང་དགོས་དང་སྐོང་དགོས་སོགས་བྱ་ལས་བྱེད་ཀྱི་རྣམ་གཞག་ཤེས་ན་བག་ཡངས་ཀྱིས་སྤྱོད་ཆོག་པའོ། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།