ཁུ་སིམ་པའི་འཇར་མན་སློབ་གསོ།

འཇར་མན་དུ་སླེབས་ཚེ། གནམ་གྱིས་ས་བཀབ་པ་ལྟ་བུའི་སློབ་གསོའི་ཀུང་སི་དང་གསབ་སྦྱོང་འཛིན་གྲྭས་སློབ་མ་བསྡུ་བའི་བརྡ་ཁྱབ་གང་ཡིན་སར་མཐོང་མི་ཐུབ་མོད། འཇར་མན་གྱི་སློབ་གསོ་འཛམ་གླིང་གི་རྩེ་གྲས་སུ་སོན་ཡོད་དེ། ཁྱད་པར་དུ་འཇར་མན་གྱི་ལས་རིགས་ལག་རྩལ་སློབ་གསོ་དང་བྱང་ཚད་སློབ་གསོའི་མཚན་སྙན་གྱི་བ་དན་ཕྱོགས་ཀུན་ལ་ཁྱབ་ཡོད།

འདི་གའི་ཁྲིམས་སྲོལ་ཞིག་སྟེ། འཇར་མན་གྱི《གཞི་རྩའི་ཁྲིམས》ཀྱི་དོན་ཚན་བདུན་པར“སྔོན་སྦྱོང་སློབ་གྲྭ་འཛུགས་རྒྱུ་གཏན་འགོག་བྱེད་དགོས”ཞེས་གཏན་འབེབས་གནང་འདུག་ལ། འཇར་མན་དུ་མི་སུ་དང་གང་འདྲ་ཞིག་ཡིན་ཡང་བྱིས་པ་སློབ་ཆུང་མ་འགྲིམ་ཡར་སྔོན་དུ་སྔོན་འགྲོའི་སློབ་གསོ་སྟེ། དཔེར་ན་ཞབས་བྲོ་འཁྲབ་པ་དང་ལུས་རྩལ་སྦྱོང་བ། ཡི་གེ་སློབ་པ། རི་མོ་འབྲི་བ། རོལ་མོ་དཀྲོལ་བ། ཕྱི་ཡིག་འབྲི་ཀློག་དང་ཨོ་རྩིས་ཀྱི་རིགས་སོགས་ལ་བསླབ་པ་སློབ་གཉེར་བྱེད་པར་གཏན་འགོག་གསལ་པོ་བྱས་འདུག་པ་དེས་ང་རང་ཧང་སངས་པར་བྱས་སོང་།

འོ་ན་སློབ་ཆུང་ཡར་སྔོན་གྱི་བྱིས་པས་བྱིས་སྐྱོང་ཁང་དུ་ཅི་ཞིག་བྱེད་དམ་ཞེ་ན། འཇར་མན་གྱི་དཔལ་འབྱོར་སྲིད་ཇུས་ཞིབ་འཇུག་པ་ཡཱང་པའེ་ཁྲང་གི་སྤྱི་སྡོམ་གཞིར་བཟུང་ནས་བཤད་ན། གཤམ་གྱི་དོན་ཚན་གསུམ་དུ་འདུས་འདུག་སྟེ། དང་པོ་ནི་གཞི་རྩའི་སྤྱི་ཚོགས་རྒྱུན་ཤེས་ཏེ། དཔེར་ན་དྲག་ཤུགས་ཀྱི་བྱ་སྤྱོད་སྤོང་བ། སྐད་གསང་མཐོན་པོས་སྐད་ཆ་མི་བཤད་པ་སོགས་ལྟ་བུ་དང་། གཉིས་པ་ནི་བྱིས་པའི་ལག་པ་འགུལ་བའི་ནུས་པ་གསོ་སྐྱོང་བྱེད་པ་སྟེ། ཆུང་དུས་ནས་རང་འགུལ་གྱིས་བྱེ་བྲག་གི་དོན་དག་སྒྲུབ་པའི་ནུས་པ་གསོ་སྐྱོང་བྱེད་པ། གསུམ་པ་ནི་བྱིས་པའི་བསམ་ནུས(情商)གསོ་སྐྱོང་བྱེད་པ། ཁྱད་པར་དུ་བྱིས་པའི་མགོ་ཁྲིད་ཀྱི་ནུས་པ་སྐྱེད་སྲིང་བྱེད་པ་བཅས་རེད།

འཇར་མན་གྱི་སློབ་ཆུང་སློབ་མར་བསླབ་ཚན་གྱི་འགན་ཁུར་ཅི་ཡང་མེད་དེ། ཉིན་གཅིག་ལས་ཉིན་ཕྱེད་ཀྱི་སློབ་ཁྲིད་ལ་ཉན་པས་ཆོག་པ་རེད། ཁོ་ཚོས་སྔ་དྲོར་སློབ་ཁྲིད་ལ་ཉན་པ་དང་། ཕྱི་དྲོར་རང་ཉིད་ཀྱི་དགའ་ཕྱོགས་ལྟར་རོལ་མོ་དཀྲོལ་བ་དང་རི་མོ་འབྲི་བ། ལག་ཤེས་དང་ལུས་རྩལ་སྦྱོང་བ་སོགས་སྤུས་ཚད་བློ་སྦྱོང་ལ་འབད་པ་ལས་བཙན་ཤེད་ཀྱི་རང་བཞིན་མེད། འཇར་མན་གྱི་སློབ་གསོའི་ལས་རིགས་སུ“བཙན་ཤེད་ཀྱིས་ཤེས་བྱ་འཆད་ཉན་བྱེད་རྒྱུ་སྔ་དྲགས་ན། བྱིས་པ་ཕྱོགས་གང་ཐད་ནས་ནར་སོན་མེད་ལ། རྟོག་དཔྱོད་ཀྱི་ནུས་པ་ཞན་པས། མཐའ་མར་བློ་འཛིན་དང་དཔེ་ཀློག་གི་འཕྲུལ་ཆས་ཙམ་དུ་འགྱུར་ཉེན་ཆེ་བའི”འདོད་ཚུལ་ཞིག་ཡོངས་ཁྱབ་ཏུ་ཡོད་པ་རེད།

འཇར་མན་ལ་མི་འབོར་བྱེ་བ་བརྒྱད་དང་འབུམ་བརྒྱད(དེ་ལས་ས་ཡ་དྲུག་ཕྱིའི་རྒྱལ་ཁབ་ན་གཏན་སྡོད་བྱས་ཡོད)ཡོད་པ་ལ། གཞུང་བཙུགས་སློབ་ཆེན་སུམ་བརྒྱ་ལྷག་མཆིས།འཇར་མན་དུ་མཐོ་རྒྱུགས་མེད་པའི་རྒྱུ་མཚན་གྱིས་སློབ་ཆེན་འགྲིམ་པར་རེ་ཞུ་དང་འོས་སྦྱོར(དགེ་རྒན་གྱི་འོས་སྦྱོར)ལ་བསྟེན་པ་རེད། སློབ་ཞུགས་རེ་ཞུ་ལ་ཆོག་མཆན་ཐོབ་ཚེ་སློབ་ཆེན་འགྲིམ་ཆོག་པར་མ་ཟད་སློབ་ཡོན་ཡང་སྤྲོད་མི་དགོས། ཕན་བདེའི་སྲིད་ཇུས་འདི་ལྟ་བུ་ཕྱི་འགྲིམ་སློབ་མས་ཀྱང་རེག་ཐུབ་ཀྱིན་ཡོད། འཇར་མན་གྱི་དགེ་རྒན་དང་ཁྱིམ་བདག་གིས་སློབ་ཆེན་གྲགས་ཅན་ཁོ་ན་དམིགས་ཡུལ་དུ་འཛིན་པར་མི་བྱེད་དེ། དམའ་གསུམ་དང་མཐོ་འབྲིང་གི་དུས་སྐབས་སུ། སློབ་གྲྭ་དང་ཁྱིམ་བདག སློབ་མས་རང་ཉིད་ཀྱི་འཕེལ་རྒྱས་དགོས་མཁོར་དམིགས་ནས་སྦྱང་བྱའི་ནང་དོན་གཏན་འབེབས་བྱེད་པ་རེད། དེ་ལྟར་ན་སློབ་མ་ཁག་ཅིག་ལག་ཤེས་གསོ་སྦྱོང་སློབ་གྲྭ་དང་ལས་རིགས་ལག་རྩལ་སློབ་གླིང་འགྲིམས་ནས་སློབ་སྦྱོང་བྱེད་ཐུབ་པ་རེད། འདིར་གནད་འགག་ཅིག་མཆིས་པ་ནི་ལག་ཤེས་སློབ་གྲྭ་ནས་སློབ་མཐར་ཕྱིན་པའི་སློབ་མའི་ཕོགས་ཆ་མིང་གྲགས་ཆེ་བའི་སློབ་ཆེན་ནས་མཐར་ཕྱིན་པའི་སློབ་བུ་ལས་མི་དམན་པས། ཁྱད་གསོད་རང་བཞིན་གྱི་བཀོལ་སྤྱོད་ལམ་ལུགས་འབྱུང་མི་སྲིད། དེར་བརྟེན། སློབ་མ་རྣམས་སློབ་ཆེན་རྩེ་གྲས་སུ་མ་ཚུད་ཀྱང་ལས་ཀ་ཡག་པོ་རེག་ཐུབ་པར་མ་ཟད། ཡོང་འབབ་ཀྱང་ལེགས་པོ་ཐོབ་ཐུབ། འཇར་མན་དུ་ལས་རིགས་ལག་རྩལ་སློབ་གསོ་ལེགས་ཤོས་ཡོད་པའི་འབྱུང་རྩའང་དེར་ཐུག་ཡོད།

སློབ་མ་སྐོར་ཞིག་མིང་གྲགས་ཅན་གྱི་སློབ་གྲྭར་འགྲིམས་ནས་གོམ་གང་མདུན་སྤོས་ཀྱིས་ཟབ་སྦྱོང་བྱེད་སྲིད་མོད། ཡིན་ཡང་འཇར་མན་གྱི་སློབ་ཆེན་དུ་བརྩོན་པ་ལྷུར་ལེན་གྱིས་སློབ་སྦྱོང་ནན་པོ་བྱེད་མཁན་ལ་སློབ་མཐར་ཕྱིན་པའི་དཔང་ཡིག་སྟེར་བ་ལས། འགྲོ་ཡང་འདུག་བདེའམ་མགོ་གཡོག་མགོ་སྐོར་བྱས་ཚེ་མི་སུ་དང་གང་འདྲ་ཞིག་ཡིན་ཡང་སློབ་ཐོན་ལག་འཁྱེར་བདེ་བླག་ངང་རེག་མི་ཐུབ། དེ་བཞིན་དུ་འཇར་མན་དུ་གཅིག་གྱུར་གྱི་སློབ་དེབ་མེད་དེ། སྔར་པར་སྐྲུན་གྱི་ལས་ཀ་གཉེར་བའི་མི་ཞིག་གིས་འཇར་མན་གྱི་སློབ་ཆེན་སློབ་དེབ་སྤྱོད་པར་བསམས་མོད། རྩད་གཅོད་བྱས་རྗེས་འཇར་མན་གྱི་སློབ་ཆེན་དུ་གཅིག་གྱུར་གྱི་སློབ་དེབ་མེད་པ་གཞི་ནས་རྟོགས།

ཁྱེད་ལ་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་ཆེན་མོས་སློབ་མགོ་ཚུགས་པའི་ཉིན་དང་པོར་བསླབ་ཚན་དང་འབྲེལ་བའི་དཔྱད་གཞིའི་དཔེ་དེབ་མང་པོ་ངོ་སྦྱོར་བྱེད་ཅིང་། རྒྱུགས་གཞིའི་ནང་དོན་ཡང་དེར་འདུས་པ་རེད། སློབ་ཐུན་སྐབས་ཅི་ཞིག་འཁྲིད་རྒྱུ་ནི་དགེ་རྒན་ཆེན་མོའི་རང་དབང་དང་དབང་ཆ་ཡིན་པས། དགེ་རྒན་ཆེན་མོ་ནི་རང་ཉིད་ཀྱི་ཆེད་ལས་རྒྱབ་ལྗོངས་དང་གཤིས་ལུགས་ལྟར་སོང་བས་ཆོག གལ་ཏེ་ཁྱོད་ཀྱིས་བསླབ་ཚན་དང་འབྲེལ་བའི་དཔྱད་གཞིའི་དཔེ་དེབ་ལ་སློབ་གཉེར་ནན་ཏན་མ་བྱས་པར་རྒྱུགས་གཞིའི་སྔོན་གྱི“བསྐྱར་སྦྱང་གནད་བསྡུས”སོགས་ལ་རེ་ལྟོས་བྱས་ཚེ་རྒྱུགས་ཚད་ལོན་དཀའ།

དགེ་རྒན་ནི་ཁྱོད་ལ་དཔྱད་གཞིའི་དཔེ་དེབ་འོས་སྦྱོར་བྱེད་མཁན་ཡིན་པ་ལས་གཞན། སློབ་སྦྱོང་གི་ཐབས་ལམ་སྟོན་མཁན་ཡང་ཡིན་ཏེ།རང་རྐྱ་འཕེར་བའི་བསམ་གཞིག་བྱེད་པ་ནི་ཁྱོད་ཀྱི་རྒྱུད་ལ་ཡོན་ཏན་འབྱོར་བའི་ཐབས་མཆོག་དེ་ཡིན། འཇར་མན་མི་རིགས་ལ་སྔར་ནས་དཔྱོད་ཤེས་དང་དངོས་ཕན་གཉེར་བ། གཏན་ཚིགས་རང་བཞིན་གྱིས་ཀུན་ནས་ཕྱུག་ཅེས་སྐད་གྲགས་ཆེ། དེ་ནི་ཕལ་ཆེར་འདི་ལྟ་བུའི་སློབ་གསོའི་འདུ་ཤེས་དང་མ་ལག་གིས་གསོ་སྐྱོང་བྱས་པ་ལས་བྱུང་ངམ་སྙམ་མོ། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།